ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

༄༅། །བོད་སྐད་ཀྱི་ང་རོ་ལ་དཔྱད་པ་ཚངས་པའི་ཐིག

སྤེལ་དུས 2009-03-26 ཡོང་ཁུངས། གུར་ཀུམ་ཆུན་པོ། རྩོམ་པ་པོ། མདོ་སྨད་པ་དགེ་འདུན་རབ་རྒྱས། དབང་འདུས་ཀྱིས་ཞུས།

དྲང་སྲོང་ཐོན་མི་སམ་བྷོ་ཊའི། །འཁྲུལ་མེད་བློ་གྲོས་ལས་བྱུང་བའི། །གངས་ལྗོངས་ཡི་གེའི་ང་རོ་ལ། །ཉམས་ཆག་སྣ་ཚོགས་བརྒྱུད་མར་བྱུང་། །འོན་ཀྱང་དེང་དུས་མཁས་པ་རྣམས། །སྤྱི་ལ་དཔྱོད་པའི་ཁུར་བོར་ཏེ། །རང་སྐད་ཙམ་ལ་དམ་པོ་རུ། །འཇུ་བའི་ཚུལ་འདི་བློར་མ་ཤོང་། །དེ་སླད་མཁས་བླུན་མ་ལྟོས་པའི། །རང་རིགས་ཀུན་ལ་ཕན་བྱེད་དུ། །འགྱུར་བའང་སྲིད་སྙམ་ཉུང་ཟད་ཅིག། རབ་ཏུ་སྤྲོ་བས་གླེང་བར་བ། །

དེ་ཡང་ཐོག་མར་ཆོས་བློན་ཆེན་པོ་ཐོན་མི་སམ་བྷོ་ཊས་བོད་སྐད་ཀྱི་ང་རོ་ཇི་བཞིན་སྟོན་ནུས་པའི་དབྱངས་གསལ་གྱི་ཡི་གེ་གཟུགས་དང་། དེ་དག་སྦྱོར་ཀློག་མཛད་ཚུལ་སོགས་བརྡ་སྤྲོད་ཀྱི་གཞུང་གསར་དུ་བརྩམས་ཏེ་བོད་ཀྱི་རིག་གཞུང་གི་རྩ་བ་ཚུགས་པར་མཛད་དོ། །རིམ་བཞིན་བསྟན་པ་སྔ་དར་གྱི་དུས་སུའང་བོད་སྐད་ཀྱི་སྒྲ་གདངས་རྣམས་འགྱུར་ཏེ་སྔར་ཐོན་མིའི་སྐབས་ཀྱི་ང་རོ་རྣམས་ལེགས་པོར་མ་ཐོན་པས། ཆོས་རྒྱལ་ཁྲི་རལ་བ་ཅན་གྱི་དུས་སུ་བཀའ་བསྟན་ཐམས་ཅད་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་ཅེས་མིང་སྙན་མོར་བས་ཀྱང་དོན་དུ་སྔོན་དུས་ཀྱི་ང་རོ་མ་ཐོན་པའི་ཉེས་པ་ལས་བྱུང་བ་ཞིག་ཏུ་མངོན། འདས་པའི་ལོ་རྒྱུས་དེར་ཕྱིར་འདང་ཞིག་བརྒྱབ་ན་ལེགས་ཆ་ལས་ཉེས་ཆ་མང་བར་མཐོང་སྟེ། དུས་སྟབས་དེར་བཀའ་བསྟན་སོགས་རིག་པའི་གཞུང་རྣམས་ཀློག་ཚེ་དོན་གཏིང་ཕྱིན་པར་མ་གོ་ཡང་བརྡ་འཕྲོད་ཙམ་བྱུང་བ་ནི་ལེགས་མོད། དེ་དང་མཉམ་དུ་སྔོན་གྱི་ཐ་སྙད་ཐམས་ཅད་བརྡ་ཙམ་ཡང་གོ་མི་ནུས་པར་ཟུར་མཆན་ལ་ལྟོས་དགོས་བྱུང་བ་ནི་ཉེས་པའི་ཆའོ། །དེར་མ་ཟད་སྐད་ཟུར་འགྱུར་བའི་རིམ་པ་དང་མཐུན་པའི་སྐད་གསར་བཅད་རེ་བཟོ་དགོས་པས་ཐུག་པ་མེད་པའི་སྐྱོན་དང་། དེ་ལྟར་བས་ཀྱང་བོད་སྐད་དུ་བཞུགས་སོ་ཅོག་གི་རིག་གཞུང་རྣམས་སྐད་གསར་བཟོ་རེ་དང་མཐུན་པར་སུས་བྲི་བར་ནུས། མ་བྲིས་པར་སོར་བཞག་བས་ན་མཚམས་ཤིག་ནས་དེ་དག་གི་དོན་གོ་བ་ཕར་ཞོག་སྦྱོར་ཀློག་ཙམ་ཡང་མི་ནུས་པའི་སྐབས་ཤིག་ཡོང་ཉེན་ཆེ་བས་སྐད་གསར་བཅད་བས་པ་དེར་དགེ་ཕན་ལས་ཕུང་ཚབས་ཆེ་བར་མངོན་ནོ། །

སྔོན་བྱུང་ཐ་སྙད་དོན་དང་མ་འབྲེལ་བ། །ཟུར་མཆན་དག་ཡིག་སྦྱོར་བར་མ་བརྟེན་ན། །ཀུན་ཀྱང་བརྡ་དོན་མ་བང་བྱིས་པ་བཞིན།།གྱུར་པའི་ཕུང་ཚབས་འདི་ཀོ་ཅི་ལས་བྱུང་། །ཞེས་ཀྱང་སེམས་སོ། །དེང་སང་ནི་མངའ་བདག་གིས་གསར་བཅད་བྱས་པའི་སྐད་གདངས་དེ་ཡང་འགྱུར་ཏེ། བོད་མི་རྣམས་ཀྱིས་རང་སྐད་ཡི་གེར་ཕབ་པ་ན་དག་ཡིག་ཅེས་པའི་ཟུར་མཆན་ལ་ལྟོས་དགོས་པ་ལས་ང་རོའི་སྒོ་ནས་དག་ཐོབ་འབྱེད་མི་ནུས་པའི་སྐབས་སུ་གྱུར་བ་ནི་ཆེས་སྡུག་སྐད་ཀྱི་ང་རོ་འདོན་པའི་གཞི་རུ་མཐོང་། ཨ་ཁ། དེས་ན་ང་ཚོས་ཡི་གེ་རྐྱང་འཕུལ་དང་མགོ་འདོགས་སོགས་ཡོད་མེད་ལས་དེ་དང་མཐུན་པའི་ང་རོ་འདོན་ཕྱིར་སྦྱང་བརྩོན་བས་ཏེ། མཐར་བསྟན་བཅོས་ཅི་འདྲ་ཞིག་འབྲི་ཀློག་བྱ་དགོས་ཀྱང་དག་ཡིག་སོགས་ཟུར་མཆན་ཀློག་མི་དགོས་པ་ཞིག་བརྒྱུ་གལ་ཤིན་ཏུ་ཆེ་བར་སེམས། དེ་ཡང་ང་རོ་ཇི་བཞིན་ཐོན་པ་ལ་ཐབས་གཉིས་ཡོད་དེ། གཅིག་ནི་ཡི་གེ་ཀློག་ཚུལ་གྱི་རྣམ་གཞག་ལས་ཤེས་དགོས་པ་དང་། གཅིག་ནི་ཆོལ་གསུམ་སོ་སོའི་སྐད་ཀྱི་ལེགས་ཆ་རྣམས་བསྡུ་ལེན་བྱེད་རྒྱུ་དེ་ཡིན། འོན་ཀྱང་དེང་དུས་ཀྱི་སློབ་གཉེར་བ་རྣམས་ལས་ང་རོ་འདོན་ཕྱིར་ཐབས་དེ་དག་བསྟེན་པ་ནི་ཆེས་དཀོན་པར་སྣང་བ་མ་ཟད། ད་དུང་རང་ཉིད་ཆོལ་གསུམ་གང་དུ་གཏོགས་པའི་སྐད་གདངས་ཁོ་ནར་ཨུ་ཚུགས་ཀྱིས་མཆོག་འཛིན་བས་ཏེ། ཆོལ་ཁ་གཞན་གྱི་སྐད་གདངས་ལ་ལེགས་ཉེས་མི་འབྱེད་པར་མཐའ་གཅིག་ཏུ་སྨད་པར་བྱེད་པ་དང་། སོ་སོའི་ནང་གི་ལུང་ཚན་རེ་རེའི་བར་ཡང་དེ་ལྟར་བྱེད་པ་ནི། དངོས་ཡོད་གནས་ཚུལ་དུ་གྱུར་ཡོད་པས་ངས་མཛུབ་སྟོན་མི་དགོས་ཏེ་ཅུང་ཟད་བརྟག་དཔྱད་བགྱིས་ན་དཔོག་ཐུབ། 

ཡ་མཚན་དགོས་པ་ཞིག་ལ་དེང་དུས་བོད་ཀྱི་མཁས་པ་ང་ཡིན་ཟེར་བ་རྣམས་ཀྱང་དཀའ་བསྟན་སོགས་ནང་རིག་པའི་གཞུང་ལ་སློབ་གཉེར་བྱེད་ཚེ། དག་ཡིག་དང་ཚིག་མཛོད་སོགས་ལ་ལྟོས་མི་དགོས་བཞིན་དངོས་དོན་རྣམས་བརྒྱ་ཆ་བརྒྱ་མ་ནོར་བར་རང་སྟོབས་ཀྱིས་འབྲི་སྟོན་ནུས་པ་ནི་མེད་ཅེས་ཁྱབ་མཐའ་འཆའ་ནུས་པར་མ་ཟད། ད་དུང་རང་སྐད་ལ་གཙིགས་འཛིན་ཆེ་དྲགས་པས་སློབ་ཁྲིད་བྱེད་ཞོར་དུ་ཡང་རང་སྐད་དང་མི་མཐུན་པའི་ཆོལ་ཁ་གཞན་གྱི་སྐད་ལེགས་ཉེས་ལ་མི་ལྟོས་པར་སྨོད་པར་བྱེད་པ་མཐོང་ཚེ། བླུན་པོ་བདག་ལྟ་བུས་ཀྱང་མི་འདི་མཐོང་རྒྱ་ཆུང་འདུག་བསམ་པའི་ཁྲེལ་དགོད་དང་། ཁོ་རང་གི་སྐད་ཀྱི་སྐྱོན་རྣམས་ཀྱང་ལེགས་ཆར་སེམས་པའི་མཁས་པ་འདི་འདྲ་ལ་ཞེས་བློ་ཕམ་པའི་ངུ་ངག་དུས་གཅིག་ཏུ་འཐོན་པའི་གནས་སུ་སྣང་། དོན་དོན་མིན་འབྱེད་ནུས་པར་གྲགས་པའི་མཁས་པ་ཚོས་ཀྱང་དེ་ལྟར་བྱེད་ན་གྲགས་པ་ཙམ་གྱི་རྗེས་སུ་འཇུག་པའི་བླུན་པོ་རྣམས་སྨོས་ཀྱང་ཅི་དགོས། མ་ཟད་ཆོལ་གསུམ་གང་རུང་ཤུགས་ཆེ་སར་དགེ་མིན་ཇི་འདྲ་ཡང་དེའི་སྐད་ལས་གཞན་བཤད་ན་འཕ་སྨོད་ཀྱི་ཡུལ་དུ་བྱེད། དེར་བརྟེན་སྔོན་ཡུལ་ཁམས་ཤིག་གི་འབངས་མི་ཐམས་ཅད་སྨྱོས་པ་ན་རྒྱལ་བོས་ཀྱང་སྨྱོ་ཆུ་འཐུང་དགོས་བྱུང་བ་ལྟར། ནོར་བ་ཤེས་ཀྱང་མི་འདོད་བཞིན་དུ་གནོན་ཤུགས་དང་གྲགས་པའི་རྗེས་སུ་འགྲོ་དགོས་པ་སོགས་ཡི་མུག་སྐྱེ་བའི་རྒྱུ་འདི་འདྲ་ཞིག་ཏུ་གྱུར་བ་ལ་ལྟོས། ཨ་ཁ། དེས་ན་དཀར་ལེབས་དྲུང་ཡིག་པདྨ་རྡོ་རྗེས། ཁྲི་སྲོང་སྐུ་དུས་བྱིས་པས་ཀྱང་། །རྟོགས་ནུས་གངས་ཅན་བརྡ་སྤྲོད་དེ། །ད་ནི་མཁས་པ་སྟོང་གི་ཞལ། །བསྡུར་ཀྱང་མི་རྟོགས་འདི་ཅིའི་སྐྱོན། །ཞེས་ཚིགས་སུ་བཅད་པ་བས་འདུག་པའང་བདེན་པར་གོ་སྟེ། དེང་དུས་བོད་སྤྱིའི་སྐད་ལ་འགྱུར་བ་ཆེན་པོ་བྱུང་ནས་སྒྲའི་ང་རོ་རྣམས་ལེགས་པར་མ་ཐོན་པའི་སྐྱོན་གྱིས་སྔོན་དུས་ཀྱི་བརྡ་རྣམས་ཕལ་ཆེར་བརྡ་རྙིང་ཞེས་ནུས་མེད་དུ་བརྩི་བ་དང་། ལུང་ཁུག་སོ་སོའི་རང་སྐད་གཙིགས་འཛིན་ཆེ་ནས་སྔར་གྱི་ཡི་གེ་དང་མཐུན་པའི་ང་རོ་རྣམས་ལདོ་སྣང་ཆེར་མ་བས་ཤིང་སྦྱངས་པ་མཐར་མ་ཕྱིན་པས། ཟུར་མཆན་དག་ཡིག་སོགས་ལ་མཁས་པར་གྲགས་པའི་བོད་ཀྱི་བརྡ་སྤྲོད་པ་རྣམས་ཀྱང་དག་ཐོབ་སྐོར་རྩོད་པ་ཁོ་ན་ལས་ཕྱོགས་ཀུན་ནས་ཞལ་མཐུན་པ་ཞིག་བྱུང་མེད་པ་ནི་སྒྲའི་ང་རོ་ལེགས་པར་མ་སྦྱངས་པ་ལས་བྱུང་བའོ། །

གངས་ལྗོངས་སྐད་ཀྱི་ང་རོ་པདྨོའི་ཕྲེང་། །གསར་བྱུང་ཕལ་སྐད་སད་ཀྱིས་འཇོམས་ཉེ་བ། །ཟློག་བྱེད་དྲང་བདེན་དཔྱོད་པའི་ཚ་ཟེར་ཅན། །རང་རིགས་རྟ་བདུན་མིན་པ་སུ་ཡིས་འདྲེན། །ཞེས་ཀྱང་བསྐུལ་ལོ། །

དེ་ཡང་བར་སྐབས་སུ་སྐད་གསར་བཅད་བྱས་ཏེ་སྔོན་གྱི་བོད་སྐད་ལ་འགྱུར་བ་ཆེན་པོ་བྱུང་བ་ནི་འདས་ཟིན་མོད། སྐད་གསར་བཅད་བས་ཟིན་པ་དེ་ཉིད་ཇི་བཞིན་སྤྱོད་ཐུབ་ཕྱིར་ང་རོ་ལ་སྦྱང་རྒྱུ་གལ་ཆེ་ཚུལ་གོང་དུ་བཤད་པ་ལྟར་ལ། རྗེ་བཙུན་ཐོན་མིས་ཀྱང་། བསླབ་ལ་བརྩོན་པའི་གང་ཟག་གིས། །དང་བོ་ང་རོ་རྣམས་ལ་སྦྱངས། །སྔོན་འཇུག་མིང་གཞི་རྗེས་འཇུག་གསུམ། །ཀློག་གི་ཆེད་དུ་བསླབ་པ་ཡིན། །ཞེས་གསུངས། དེས་ན་བོད་རིགས་སྤུན་ཟླ་སུ་ཡིན་ཀྱང་བོད་སྐད་ལ་འགྱུར་བ་ཆེན་པོར་ཕྱིན་པ་དག་སླར་གསོ་བྱེད་པར་སྤྲོ་བའི་ལྷག་བསམ་ཡོད་ན་དང་བོ་ང་རོ་རྣམས་ལ་སློབ་རྒྱུ་གལ་ཆེ། ང་རོ་དེ་ཡང་ཐབས་ལམ་གཉིས་པོ་གང་རུང་ཞིག་ལ་བརྟེན་དགོས་པས། སྤུན་ཟླ་ཁྱོད་ཀྱིས་ཐབས་ལམ་དང་བོ་ཡི་གེ་ཀློག་ཚུལ་གྱི་རྣམ་གཞག་ལས་ཤེས་འདོད་ན། ས་སྐྱ་བསོད་ནམས་རྩེ་མོས་མཛད་པའི་ཡི་གེ་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ་དང་། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེས་མཛད་པའི་བོད་ཀྱི་བརྡ་སྤྲོད་པའི་སྔོན་འགྲོ་ཡི་གེ་ཀློག་ཚུལ་གྱི་རྣམ་གཞག་ཅེས་བ་བའི་སྒོ་འབྱེད་སོགས་ལ་སྤྱན་རས་གཡོ་བར་གྱིས་དང་། ཁྱོད་ཀྱི་དགོངས་བཞེད་ལེགས་པར་འགྲུབ་ངེས་ཡིན་ཏེ། སྔ་མ་ལས། གང་དང་གང་ལ་གང་བཏགས་པ། །གོ་རིམ་བཞིན་དུ་གནས་ནས་དབྱུང་། །དེ་ལ་ར་མགོ་ལྕེ་རྩེ་འདར། །ལ་མགོ་ལྕེ་ཀློད་རྒྱ་ཡང་བསྐྱེད། །ས་མགོ་སོ་ཡི་བར་ནས་དབྱུང་། །ལྷག་མ་རྣམས་ཀྱང་དེ་བཞིན་ཤེས། །གལ་ཏེ་མ་ཕྱིན་གྱུར་བ་ནི། །ཡི་གེ་ཕྲལ་ཞིང་བརྗོད་པར་བ། །དཔེར་ན་གྲ་ལ་ག་ར་འམ། །སྒྲ་ལ་སྒ་ར་ཇི་བཞིན་དུ། །དེ་ནས་འཕུལ་བ་བསླབ་པར་བ། །གས་འཕུལ་ཐོག་མར་རྐན་ནས་དབྱུང་། །དས་འཕུལ་ལྕེ་རྩེ་ཀློད་པ་ལས། བ་མས་འཕུལ་ལ་ཐོག་མར་ནི། །མཆུ་བཙུམས་པ་ལ་ཁྱད་པར་སྣ། །འས་འཕུལ་གྲེ་བཞི་ཕུག་ནས་དབྱུང་། །འཕུལ་ཤིང་བརྩེགས་པའི་ཡི་གེ་ཡང་། །གོ་རིམ་བཞིན་དབྱུང་མ་ཕྱིན་ན། །འདི་ཡང་ཕྲལ་ཞིང་བཀླག་པ་སྟེ། །མ་ཁྲལ་མཁའ་ར་ཇི་བཞིན་ནོ། །ཞེས་སོགས་ང་རོ་ལ་སྦྱངས་པ་བྱེད་ཚུལ་གསལ་རྒྱས་བཀོད་འདུག་པས་དེར་སྦྱངས་པ་མཐར་ཕྱིན་ཞིག་བས་ན། ཡི་གེ་འབྲི་ཀློག་བྱེད་ཚེ་དག་ཡིག་དང་ཚིག་མཛོད་སོགས་ལ་ལྟོས་མི་དགོས་ནང་བན་ཆུབ་པ་ཞིག་ཡོང་བར་ཁོ་བོར་ཡིད་ཆེས་ཡོད། འོན་ཀྱང་དངོས་དོན་དེ་ལྟར་གནས་མིན་ནི་ང་ཙམ་མིན་པར་རང་རེ་བོད་རིགས་སྤུན་ཟླ་སྤྱི་དང་། ཁྱད་པར་དུ་གཞོན་སྐྱེས་རྣམས། དེ་ལས་ཀྱང་བརྡ་སྤྲོད་རིག་པའི་གཞུང་ལ་སློབ་གཉེར་བྱེད་པ་རྣམས་ལ་དཔྱད་པའི་ཁུར་གཅིག་མཚུངས་སུ་བབས་ཡོད་པར་སེམས་སོ། །

བྱེད་རྩོལ་རྐྱེན་དང་སྐྱེ་གནས་འདུས་པ་ལས། །ཡི་གེའི་ང་རོ་ཇི་བཞིན་འབྱུང་བའི་ཚུལ། །གསལ་མཛད་སྔོན་གྱི་བརྡ་སྤྲོད་རིག་པའི་ཁྱོགས། །བརྟེན་པའི་གོ་སྐབས་རྙེད་འདི་འདོར་ཕོད་དམ། །ཞེས་ཀྱང་བསྐུལ་ལོ། །

གལ་ཏེ་ཐབས་ལམ་གཉིས་པ་ཆོལ་གསུམ་སོ་སོའི་སྐད་ཀྱི་ལེགས་ཆ་བསྡུས་ནས་བོད་སྐད་ཉམས་པ་སླར་གསོ་བྱེད་འདོད་ཡོད་ན། འདིར་ངས་རང་མྱོང་གིས་གྲུབ་པ་ལྟར་ཆོལ་གསུམ་སོ་སོའི་སྒྲའི་ང་རོ་འདོན་ཚུལ་ཉམས་པའི་ཉེས་ཆ་རྣམས་གསལ་སྟོ་དང་། ལེགས་ཆ་ཕྱོགས་བསྡུས་བས་ན་སྒྲའི་ང་རོ་ཉམས་པ་ཕལ་ཆེར་གསོ་ནུས་པའི་སྐོར་ངོ་སྤྲོད་ཅུང་ཟད་དཔེར་མཚོན་ཙམ་བཀོད་ཡོད་པས། ལྷག་བསམ་ལྡན་པའི་སྤུན་ཟླ་རྣམས་ཀྱིས་རང་སྐད་མཆོག་འཛིན་གྱི་ཀུན་སློང་དོར་ཏེ་ལེགས་ཉེས་དཔྱོད་པའི་ཤེས་རབ་ཀྱིས་བདེན་དཔང་བྱེད་རྒྱུར་གུས་པས་རེ་སྐུལ་ཞུ་རྒྱུ་ཡིན། 

དེ་ཡང་ཐོག་མར་སྒྲ་གདངས་ཉམས་པའི་སྐྱོན་རྣམས་དམར་འདོན་དང་། དེ་ཉིད་སྒྲའི་ང་རོ་མ་ཉམས་པའི་སྐྱོན་རྣམས་དམར་འདོན་དང་། དེ་ཉིད་སྒྲའི་ང་རོ་མ་ཉམས་པའི་སྐད་གཞན་གྱིས་གསོ་བར་ནུས་ཚུལ་གཉིས་ཡོད་དེ། དང་བོ་ནི། ཐོག་མར་དབུས་གཙང་ཁམས་སྐད་གཉིས་ལ་བསམ་ན་མགོ་འདོགས་འཕུལ་རྟེན་གྱི་སྒྲ་ཕལ་ཆེར་སོ་སོར་ཐོན་མི་ནུས་པ་མཐུན་ཏེ། དཔེར་ན་གསལ་བྱེད་ཀ་གཅིག་ལ་ཡང་། ཀ་དང་། བཀའ། དཀའ། སྐ། བསྐ་སོགས་ལ་ང་རོ་སོ་སོར་མི་ཐོན་པར་ཀ་རྐྱང་དུ་འདོན་ཅིང་། ཀྱུ། སྐྱུ། དཀྱུ་རྣམས་ཀྱང་ཀྱུ་ཁོ་ནར་ཀློག་པ་སོགས་སྨྲ་མཐུན་དུ་མ་ཡོད། དེ་བཞིན་ཁ་དང་། མཁའ་སྒྲ་མཐུན་པར་ཁ་རྐྱང་དུ་འབོད་པ་སོགས་གསལ་བྱེད་ཀུན་ལ་འགྲེས་སྦྱར་ན་དཔོག་ཐུབ། དེ་དག་ཀྱང་བདུད་འཇོམས་བྱིས་པའི་དག་ཡིག་ཏུ། རྒྱལ་བའི་བཀའ་ནི་བ་བཀའ་ཡིན། །ངལ་བའི་དཀའ་ནི་ད་དཀའ་ལ། །རོ་སྐ་བ་ནི་ས་སྐའོ། །ཞེས་བྲིས་པ་ནི་རང་སྐད་ལ་སྒྲ་མཐུན་པར་འདོན་པའི་རྒྱུ་མཚན་ལས་བྱུང་ངོ་། །

དེ་བཞིན་དུ་དཀར་ལེབ་དྲུང་ཡིག་པས་ཀྱང་། ཁམས་འབྲོག་ལྷོ་རོང་སོགས་སུ་ཡི་གེ་སྒྲ་མཚུངས་སུ་ཀློག་པའི་མ་དག་རྒྱུན་འབྱམས་ཡོད་པར་བཤད་པ་འདི་ལྟར། དེ་མེད་དེང་སང་ཁམས་འབྲོག་དང་། །སྟོད་སྨད་ལྷོ་རོང་ཕལ་ཆེར་དུ། །ཀློག་ཚུལ་མ་དག་རྒྱུན་འབྱམས་ཀྱིས། །དགའ་འགའ་སྒྲ་འདྲ་སྦ་འབའ་དང་། །གདའ་འདའ་རྫ་ཛ་བྱེད་འབྲེལ་སོགས།  །ཀློག་ཚུལ་སོ་སོར་མི་འདོན་ཅིང་། །པའི་ལ་པིའི་དང་བའི་ལ་བིའི། །རྨོངས་ཞེན་མུ་འབྱམས་སྦྱོར་ཀློག་ལ། །སྡེབ་སྦྱོར་དག་འདོད་མོ་གཤམ་བུ། །ཞེས་གཞན་སྐྱོན་ངོས་འཛིན་བས་འདུག་པ་ནི་ལེགས་མོད། དེ་དང་མཉམ་དུ་རང་སྐྱོན་མ་རྟོགས་པའི་ཉེས་པ་ཞིག་ཀྱང་སྣང་སྟེ། རང་སྐད་ལ་སྒྲ་མཐུན་ཡང་དག་ཐོབ་སོ་སོར་ཡོད་ཚུལ་ངོ་སྤྲོད་བྱས་པ་འདི་ལྟར། དཔེར་ན་བརྗོད་ཚིག་ཀ་ཞེས་པར། །ཡི་གེའི་ཀ་དང་ངལ་བའི་དཀའ། །རྒྱལ་བའི་བཀའ་དང་གར་བའི་བསྐ། །ཞིང་ཆུའི་རྐ་ལ་སོགས་པ་སྟེ། །ཀ་ཡི་སྒྲ་ལ་མཚུངས་མོད་ཀྱང་། །བརྗོད་བ་དོན་ཁྱད་སོ་སོར་ཡོད། །དེ་བཞིན་ཀུ་ཞེས་བྱ་་བར་ཡང་། །ཀུ་ཅོའི་ཀུ་དང་རྒྱལ་བའི་སྐུ། །དྲི་ངན་དཀུ་དང་བྱུག་པ་བཀུ། །ནོར་རྫས་རྐུ་སོགས་སྒྲ་མཚུངས་མང་། །ཞེས་ཡི་གེ་དེ་དག་སྒྲ་མཐུན་ཡིན་ཀྱང་དག་ཐོབ་སོ་སོར་ཡོད་པར་བཤད་པ་ནི་བོད་སྤྱིའི་སྐད་ཀྱི་ང་རོ་ལ་མ་བསམ་པར་རང་སྐད་ཁོ་ནར་ཞེན་པ་ལས་བྱུང་བའི་གཏམ་ནུས་མེད་ཅིག་སྟེ། ཡི་གེ་དག་ལ་ང་རོ་སོ་སོར་ཡོད་པ་དང་དེ་ཇི་བཞིན་འདོན་ནུས་པའི་ཆོལ་ཁ་གཞན་གྱི་སྐད་ཡོད་པ་ལ་ཞིབ་དཔྱད་མ་བྱས་པས་ལན་པའོ། །དཔེར་ན་འཆད་འགྱུར་ལྟར་ང་རང་གི་ཕལ་སྐད་ལ་ཏིང་དང་ཏང་གཉིས་ལ་ང་རོ་སོ་སོར་ཐོན་མི་ནུས་པ་ཙམ་རྒྱུ་མཚན་དུ་བས་ནས། ཏང་ཀུན་སྨན་ལ་གི་གུ་མེད། །གི་གུ་ཡོད་པ་ཏིང་ངེ་འཛིན། །ཞེས་བྲིས་ན་ཁམས་དབུས་ཀྱི་མི་སུས་མཐོང་ཡང་ནུས་མེད་ཀྱི་གཏམ་དུ་སྣང་ངེས། དེ་ནི་ཁྱོད་ཀྱི་སྐད་ལས་དེ་གཉིས་ང་རོ་སོ་སོར་ཐོན་ནུས་པས་ཡིན། དེ་དང་མཐུན་པར་གོང་དུ་བཀོད་པའི་དག་ཐོབ་བྲིས་པ་རྣམས་ཀྱང་མདོ་སྨད་པ་ངས་བལྟས་ན་དགོས་མེད་དུ་མཐོང་བ་ཡང་རྒྱུ་མཚན་དེ་ལས་བྱུང་། དེ་བཞིན་དུ་ང་ཚོས་དྲང་བོར་དཔྱད་ན་དག་ཡིག་ཀུན་ཀྱང་གཅིག་འགྱུར་གྱིས་སྒྲ་གདངས་སོ་སོར་མ་ཐོན་པ་རྒྱུ་མཚན་དུ་བས་ནས་བྲིས་པ་ཞིག་ཡིན་པས། ང་རོ་ལེགས་པར་མི་ཐོན་པ་རྣམས་ལ་དག་ཡིག་དེ་འདྲ་དགོས་ཀྱང་བོད་ཡིག་གི་ང་རོ་ཇི་བཞིན་ཐོན་པ་རྣམས་ལ་དགོས་མེད་ཡིན། རྒྱུ་མཚན་ནི་ཡི་གེ་དེ་དག་ལ་ང་རོ་སོ་སོར་ཡོད་ཀྱང་ཇི་བཞིན་མ་ཐོན་པ་ལ་བསམ་སྟེ་བྲིས་པས་སོ། །

གངས་ཅན་བརྡ་སྤྲོད་བྱེད་པོ་ཐོན་མི་ཡིས། །ཡི་གེ་རྐྱང་འཕུལ་མགོ་འདོགས་ལ་སོགས་པར། །ང་རོའི་ཐོབ་ཐང་མི་འདྲར་སྦྱིན་བས་ཀྱང་། །དེང་དུས་གཅིག་ལས་མེད་པ་སུ་ཡིས་འཕྲོགས། །ཞེས་ཀྱང་སེམས་སོ། །

དེ་བཞིན་རྗེས་འཇུག་ད་དང་། ན། ལ་གསུམ་གང་རུང་འཇུག་ཅིང་དབྱངས་མེད་པའི་ཡི་གེ་ཀུན་ལ་དབངས་ཨེ་ཡི་ང་རོ་འདོན་བཞིན་ཀློག་སྟེ། དཔེར་ན། མཁན་པོ་ལ་མཁེན་པོ། པདྨ་ལ་པདྨོ། མཉན་ལ་གཉེན། བསལ་ལ་སེལ་ཞེས་ཀློག་པ་སོགས་དུ་མ་ཡོད། དེ་ལྟར་ཡང་བྱིས་པའི་དག་ཡིག་ཏུ། ཉེ་དུའི་གཉེན་ནི་ག་གཉེན་ཡིན། །ས་བདག་གཉན་ལ་འགྲེང་བུ་མེད། །རེག་བ་མཉེན་པ་མ་མཉེན་ཏེ། །བསྙེན་བཀུར་བ་འོག་ས་བསྙེན་ནོ། །ཞེས་སོགས་དག་ཐོབ་སོ་སོར་ཡོད་ཚུལ་བཤད་པ་ནི་རང་སྐད་ཀྱིས་ཡི་གེ་དེ་དག་གི་ང་རོ་སོ་སོར་མ་ཐོན་པས་ལན་པ་སྟེ། སྒྲ་སོ་སོར་ཐོན་ན་སྒྲ་དང་མཐུན་པར་བྲིས་པས་ཆོག་གི་དག་ཡིག་འདི་འདྲ་ལ་ལྟོས་མི་དགོས། ཡང་ཁམས་སྐད་ཁོ་ནར་བསམ་ན་རྗེས་འཇུག་ང་དང་། བ་གཉིས་འཇུག་ཅིང་དབྱངས་མེད་པ་རྣམས་ལ་དབྱངས་ཨོ་ཡི་ང་རོ་འདོན་བཞིན་ཀློག་སྟེ། དཔེར་ན། གང་ཞིག་ལ་གོང་ཞིག སྐབས་དང་བོ་ལ་སྐོབས་དོང་པོ་སོགས་སུ་ཀློག་པ་དང་། འགའ་ཞིག་གིས་དབྱངས་ཨོ་ལྡན་ལ་རྗེས་འཇུག་ད་དང་ན་གཉིས་གང་རུང་ལྡན་པ་ལ་དབྱངས་ཨེ་སྒྲ་འདོན་བཞིན་ཀློག་པ་དཔེར་ན། རྩོད་པ་ལ་རྩེད་པ། དོན་དོན་མིན་ལ་དེན་དེན་མིན་སོགས་སུ་ཀློག་པར་བྱེད་དོ། །ཨམ་སྐད་ལ་ཡང་དེ་མཚུངས་སུ་དབྱངས་ཨི་དང་ཨེ་གཉིས་གང་དང་ལྡན་ཡང་རྗེས་འཇུག་ང་འཇུག་ཚེ་དབྱངས་ཀྱི་ང་རོ་ཐོན་མི་ནུས་པ་ནི། དཔེར་ན། རྙིང་མ་ལ་རྙང་མ། ཏིང་ངེ་འཛིན་ལ་ཏང་ངེ་འཛིན། གླེང་བརྗོད་ལ་གླང་བརྗོད་སོགས་སུ་ཀློག་པ་དང་། རྗེས་འཇུག་ང་འཇུག་ཚེ་དབྱངས་ཨོ་ལྡན་པ་རྣམས་ལ་ཨུ་སྒྲ་འདོན་བཞིན་ཀློག་སྟེ། དཔེར་ན། མེ་ལོང་ལ་མེ་ལུང་། རྫོང་ལ་རྫུང་། ཁོངས་གཏོགས་ལ་ཁུངས་གཏོགས་སོགས་དང་། ཡང་ཨ་མདོའི་ཡུལ་ལུང་ཁ་ཤས་སུ་མིང་གཞི་གང་ཡིན་ཀྱང་རྗེས་འཇུག་ལ་འཇུག་ཚེ་ར་སྒྲ་དང་། ད་འཇུག་ཚེ་ལ་སྒྲར་ཀློག་མཁན་ཡང་ཡོད་དེ། དཔེར་ན། སྐལ་བཟང་ལ་སྐར་བཟང་། མཛད་སྤྱོད་ལ་མཛལ་སྤྱོལ། གསོལ་མཆོད་ལ་གསོར་མཆོལ། དཔྱིད་ཀྱི་དཔལ་མོ་ལ་དཔྱིལ་གྱི་དཔར་མོར་འབོད་པ་སོགས་སྒྲ་མཐུན་མང་ངོ་། །

སྔོན་དུས་དོན་གྱི་ཁྱད་པར་མི་འདྲ་བ། །སྟོན་ཕྱིར་དབྱངས་ཀྱི་ང་རོས་ཁྱད་བྱས་པ། །དེ་དུས་དགོས་སར་མི་སྦྱོར་མི་དགོས་སར། །སྦྱོར་བའི་ནོངས་པ་འདི་ཀོ་སུ་ཡིས་བས། །ཞེས་ཀྱང་སེམས་སོ། །

གཞན་ཡང་གསལ་བྱེད་རྐྱང་བ་ཀློག་ཚུལ་ལ་ཡང་ཁྱད་པར་ཆེ་སྟེ། དེ་དག་སོ་སོའི་མཁས་པ་རྣམས་ཀྱིས་མཛད་པའི་དག་ཡིག་རྣམས་ལས་ཤེས་ནུས། དེ་ཡང་དཔེར་ན་ཁམས་དབུས་གཉིས་མཐུན་པར་གསལ་བྱེད་སུམ་ཅུ་དཀྱུས་བཞིན་བཀླག་ཚེ་བ་དང་། ་གཉིས་སྒྲ་སོ་སོར་ཐོན་ཀྱང་རྒྱལ་བ་ལྟ་བུའི་སྐབས་རྒྱལ་་ཞེས་བཀླག་སྟེ། དཀར་ལེབས་དྲུང་ཡིག་པས། བོད་ཡིག་སྦྱོར་ཀློག་སྡེབ་པའི་ཚེ། བརྗོད་པ་སྔ་མར་བ་ཡོད་ན། །བ་ལས་་རུ་འབོད་པ་མིན། །དཔེར་ན་བ་ཤ་བ་རུ་ར། །བ་ལུ་བ་དགའ་བ་སོ་བཞིན། །བརྗོད་པ་ཕྱི་མར་བ་ཡོད་ན། །ཡུ་བ་དགའ་བ་སེ་བ་བཞིན། །བླུན་པོས་བ་ཕྱེད་་ཟེར་ཀྱང་། །མཁས་པས་བ་ཕྱི་་འབོད་ཟེར། །ཞེས་སོགས་མིང་མཐར་བ་ཐོབ་ཚེ་ར་བཀླག་པ་མཁས་པའི་ལུགས་ཡིན་པར་བཤད་ཀྱང་། དེ་ནི་རྩོམ་པ་བོར་རང་ཉིད་ཀྱི་སྐད་ལས་ང་རོ་སོ་སོར་མ་ཐོན་པའི་སྐྱོན་ཁོ་ནས་བརྡ་སྤྲོད་ཀྱི་གཞུང་དུ་དེ་འདྲ་བྲི་དགོས་བྱུང་། མ་ཟད་མིང་མཐར་བ་ཡོད་ཚེ་་རུ་ཀློག་དགོས་ཞེས་པའང་ཁྱོད་རང་གི་སྐད་ལས། སྐྱེས་བུ། འཛམ་བུ། གླིང་བུ། ཀུ་བེ་ར་སོགས་ལ་ཝུ་ལེ་ཞེས་མི་འདོན་པས་ཁྱབ་པ་མ་ངེས་སོ། །ཡང་ཁོ་ན་རེ། དེ་ནི་དབྱངས་དང་ལྡན་པས་་སྒྲར་ཀློག་མི་རུང་ཞེ་ན། དེ་ཡང་ཁྱོད་རང་གི་སྐད་ལྟར་ན། ཉབ་བེ་ཉོབ་བེ། ལྟ་བུ། སྐྱེ་བོ་སོགས་ལ་ཝེད་དང་ཝུ་ཝོ་རུ་ཀློག་པས་དེ་ཡང་མ་ངེས། དེས་ན་རང་སྐད་ཀྱི་སྐྱོན་དེ་དག་རྒྱུ་མཚན་རྣམ་དག་ལ་བརྟེན་ནས་སྐྱོན་མིན་དུ་སྒྲུབ་མི་ནུས་པས་སྐྱོན་ལ་སྐྱོན་དུ་ཁས་བླངས་ན་ཕམ་ཁ་གང་ཡང་མེད། དེ་བཞིན་དུ་དབུས་གཙང་ཕྱོགས་སུ་བ་དང་་གཉིས་ལ་རིམ་བཞིན་བ་ཆེན་དང་། ་ཆུང་ཞེས་ཆེ་ཆུང་གི་ཐ་སྙད་བྱེད་པ་ཡང་སྒྲ་མཐུན་པའི་སྐྱོན་གྱིས་དག་ཐོབ་མི་ནོར་ཕྱིར་ཐ་སྙད་དེ་ལྟར་བྱེད་དགོས་བྱུང་བ་སྟེ། ཨམ་སྐད་ལས་ནི་ཡི་གེ་དེ་གཉིས་ང་རོ་སོ་སོར་གསལ་བར་ཀློག་ནུས་པས་ཐ་སྙད་དེ་འདྲ་བྱེད་མི་དགོས་པར་དག་ཐོབ་ང་རོའི་སྒོ་ནས་འབྱེད་ཐུབ། 

དེ་བཞིན་ཨ་མདོའི་ཡུལ་ཕལ་ཆེ་བར་ཀ་དང་ག་གཉིས་ལ་ཀ་དཀར་ག་ནག་གམ། ཀ་ཁ་ཕྱེ་དང་ག་ཁ་ཟླུམ་ཞེས་པ་དང་། ཅ་ཇ་གཉིས་ལ་ཅ་རིལ་དང་ཇ་ཟེད། ད་ཏ་གཉིས་ལ་ད་སྐྱ་དང་ཏ་སྒུར། ཨ་འ་གཉིས་ལ་ཨ་ཆེན་དང་འ་ཆུང་ཞེས་སོགས་ཀྱི་ཐ་སྙད་རབ་ཏུ་གྲགས་ཤིང་བརྡ་སྤྲོད་ཀྱི་གཞུང་དག་ནའང་དེ་འདྲ་བཀོད་མོད། དེ་ནི་མདོ་སྨད་ཀྱི་ཡུལ་ལུང་དེ་དང་བསྟན་བཅོས་རྩོམ་པ་བོ་རང་སྐད་ལས་དེ་དག་གི་ང་རོ་སོ་སོར་མ་ཐོན་པའི་སྐྱོན་ཁོ་ནས་བྲིས་པ་དང་། དག་ཐོབ་མི་ནོར་ཕྱིར་དཀར་ནག་སོགས་ཀྱི་ཐ་སྙད་བྱེད་དགོས་བྱུང་བ་སྟེ། ཁམས་དབུས་ཀྱི་སྐད་ལས་ཡི་གེ་དེ་དག་གི་ང་རོ་སོ་སོར་མ་འདྲེས་པར་འདོན་ནུས་པས་དེ་འདྲའི་ཐ་སྙད་མི་དགོས་པར་ཡི་གེར་འབྲི་ཚེ་དག་ཐོབ་སྐད་ཀྱི་ང་རོའི་སྒོ་ནས་སོ་སོར་དཔོག་ཐུབ། དེས་ན་དག་ཡིག་སོགས་བོད་ཀྱི་བརྡ་སྤྲོད་པའི་གཞུང་དུ་མར་ཡི་གེ་རྣམས་ཀྱི་ང་རོ་སོ་སོར་མ་འདྲེས་པར་ཡོད་ཚུལ་ངོ་སྤྲོད་མེད་པར་མ་ཟད། ཡི་གེ་མང་བོ་ཞིག་སོ་སོའི་ཕལ་སྐད་དང་མཐུན་པར་ང་རོ་གཅིག་ཏུ་བས་ནས་དག་ཐོབ་སོ་སོར་ཡོད་ཅེས་བྱུང་བ་ནི། བརྡ་སྤྲོད་མཁས་པའི་བློ་གྲོས་ལ་ཅུང་ཟད་རྨུ་གབ་ཀྱིས་བསྒྲིབས་ཏེ་བྲིས་པ་ལས་དངོས་དོན་ལ་དེ་ལྟར་གནས་པ་ག་ལ་ཡིན། ཡིན་ན་དང་བོ་ང་རོ་རྣམས་ལ་སྦྱང་དགོས་པར་གསུངས་པའང་དོན་མེད་དེ་རང་གི་ཕལ་སྐད་ལས་གང་ཐོན་པ་དེ་ཉིད་དོན་ལ་གནས་ཤིང་དེ་ནི་ཤེས་ཟིན་པས་སྦྱང་མི་དགོས་པས་སོ། །

ཡོངས་རྫོགས་གངས་ཅན་སྐད་ཀྱི་ང་རོའི་གཟུགས། །ཆོལ་གསུམ་ཕལ་སྐད་མེ་ལོང་ངོས་རེ་རེར། །ཆ་ཤས་ཙམ་ལས་འཆར་བར་མ་ནུས་པ། །བརྙན་འཛིན་ཆུང་བའི་སྐྱོན་ལས་གཞན་མ་ཡིན། །ཞེས་ཀྱང་སེམས་སོ། །

དེ་ལྟར་དྲང་བོའི་ལམ་ནས་དཔྱད་ན་ཆོལ་གསུམ་རེ་རེའི་རང་སྐད་ཁོ་ནས་བོད་སྐད་ཀྱི་ང་རོ་མ་འདྲེས་པར་ཡོད་པ་རྣམས་ཇི་བཞིན་མི་ཐོན་པ་ནི་མངོན་གསལ་ཡིན། སྒྲ་སོ་སོར་མ་ཐོན་པ་ཙམ་གྱིས་མེད་པར་བསམ་མི་རུང་སྟེ། རང་སྐད་ལས་མ་ཐོན་པའི་ང་རོ་དེ་རྣམས་ཀྱང་ཆོལ་ཁ་གཞན་གྱི་སྐད་ལས་ཐོན་ཐུབ་པ་ནི། གོང་དུ་བཀོད་པའི་ཁམས་དབུས་མཐུན་པའི་ང་རོ་ཉམས་པ་ཕལ་ཆེར་ཨམ་སྐད་ལས་གསལ་བོར་ཐོན་ཐུབ་ཅིང་། ཁམས་སྐད་ཁོ་ནའི་དབང་དུ་བྱས་པ་རྣམས་ཀྱང་དབུས་གཙང་དང་ཨ་མདོའི་སྐད་ལས་ང་རོ་གསལ་བར་ཐོན་ཐུབ། དེ་བཞིན་ཨམ་སྐད་ལས་སྒྲ་ཉམས་པ་རྣམས་ཀྱང་ཁམས་དབུས་མཐུན་པར་ང་རོ་ལེགས་པོར་ཐོན་ཐུབ་པ་ནི་བོད་སྐད་ལ་དྲང་བདེན་གྱི་སྒོ་ནས་ཅུང་ཟད་དཔྱད་ན་དཔོག་ཐུབ་པ་ཞིག་ལས་ཤིན་ཏུ་ཟབ་པའི་དཀའ་གནད་གང་ཡང་མིན། ཁྱད་པར་དུ་ཡི་གེར་སྦྱོར་ཀློག་ལེགས་ཤོས་ནི་མདོ་སྨད་རྒྱལ་རོང་བ་རྣམས་ཀྱིས་བྱེད་དེ། ཁོང་ཚོའི་ཕལ་སྐད་ནི་ཡི་གེ་དང་མི་མཐུན་པར་མ་ཟད་རང་ལས་གཞན་པའི་མདོ་དབུས་ཁམས་གསུམ་གང་གིས་ཀྱང་གོ་མི་ནུས་མོད། བཀའ་བསྟན་སོགས་གླེགས་བམ་རྣམས་སྦྱོར་ཀློག་བྱེད་ཚེ་ཡི་གེ་ཕལ་སྐད་ཀྱི་རྗེས་སུ་མི་འགྲོ་བར་མགོ་འདོགས་དང་། འཕུལ་རྟེན་སོགས་ཀྱི་ང་རོ་ཤིན་ཏུ་གསལ་བར་ཐོན་པ་ནི་ང་རང་གིས་མངོན་སུམ་མཐོང་ཐོས་སུ་གྱུར་བས། སྤུན་ཟླ་ཁྱོད་ཀྱིས་ཀྱ་ཀློག་ཚུལ་དེར་ཞིབ་དཔྱད་ཅིག་ཅིས་ཀྱང་བྱེད་རོགས་དང་། ང་ཚོ་བོད་སྐད་ཀྱི་ང་རོ་ཉམས་ཟིན་པ་རྣམས་སླར་གསོ་ཐུབ་པའི་ཁེ་ཕན་ལས་དོན་མེད་ཀྱི་ངལ་བ་མིན་པར་སེམས། 

ཕལ་སྐད་ཆུ་ཕྲན་སོ་སོར་འབབ་པ་ཡང་། །ལེགས་སྦྱར་རྣམ་སད་ཀླུང་དང་འགྲོགས་གྱུར་ན། །རིག་གཞུང་ཆུ་གཏེར་ཆེན་པོར་རོ་གཅིག་པར། །སྤྱོད་པའི་གོ་སྐབས་བཟང་བོ་ཐོབ་ལ་ལྟོས། །ཞེས་ཀྱང་སེམས་སོ། །

དེས་ན་བོད་ཀྱི་ནང་དོན་སོགས་རིག་གཞུང་ཀུན་གྱི་རྩ་བ་ནི་བརྡ་སྤྲོད་ཀྱི་གཞུང་ཡིན་ཏེ། སུམ་ཅུ་བར། བསླབ་པ་ཀུན་གྱི་གཞི་འཛིན་ཅིང་། །རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ། །མིང་ཚིག་བརྗོད་པ་ཀུན་གྱི་གཞི། །ཡི་གེའི་སྦྱོར་བ་བཤད་པར་བ། །ཞེས་གསུངས་པས་སོ། །དེ་ཡང་ཐོག་མར་ང་རོ་ནས་བརྩམས་ཏེ་སྦྱང་དགོས་ཚུལ་གོང་དུ་བཤད་པ་ལྟར་ཡིན་ལ། དེ་དག་ལ་བང་ཆུབ་པ་མེད་བཞིན་འབྲི་ཀློག་གི་ལས་ལ་ཞུགས་ན་རང་མཚང་སྟོན་པར་གསུངས་ཏེ། རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་ལས། འདི་ལ་མ་སྦྱངས་རྨོངས་ཚོད་ཀྱིས། །འཆད་རྩོད་རྩོམ་པའི་གྲལ་ཞུགས་པ། །་སྐྱེས་སེང་ལྤགས་གྱོན་པ་བཞིན། །ནམ་ཞིག་རྗེས་ངན་གསལ་བར་འགྱུར། །ཞེས་དང་། བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས། ཡིག་གཟུགས་ལེགས་པར་མ་སྦྱངས་ཤིང་། །བརྡ་དག་ཞིབ་ཏུ་མ་བསླབས་པར། །འབྲི་དང་རྩོམ་པའི་ཁུར་ལེན་པ། །རང་སྐྱོན་གཞན་ལ་ངོམ་པར་ཟད། །ཅེས་སོ། །

སྒྲའི་ང་རོ་ལེགས་པར་མ་ཐོན་ཚེ་འབྲི་ཀློག་ཕར་ཞོག་ཕན་ཚུན་སྐད་ཆ་གླེང་མོལ་བྱེད་སྐབས་ཀྱང་སྐྱོན་འབྱུང་བཞིན་པ་རང་མྱོང་གིས་གྲུབ་པ་ལྟར་དཔེར་མཚོན་ཙམ་བྲིས་ན། ང་རང་ཡུལ་དུ་ཡོད་དུས། དར་ཐང་དགོན་གྱི་ཚེས་བཅུ་ཆེན་མོའི་སྐབས་གྲྭ་བ་ཞིག་གིས་རོང་འབྲོག་སྐོར་གླེང་བཞིན་པ་འདི་ལྟར། རོང་བ་ཞེས་པ་ནི་ཤིན་ཏུ་ལེགས་པའི་དོན་ཏེ་མི་རུང་བ་མེད་པས་རོང་བ་ཞེས་བྱ་བ་ཡིན་ཟེར་བ་ཐོས། དེ་ནི་ཨམ་སྐད་ལས་རྗེས་འཇུག་ང་འཇུག་དུས་ན་རོ་ཡོད་པ་རྣམས་ཞབས་ཀྱུའི་སྒྲར་ཀློག་སྟེ་ང་རོ་སོ་སོར་འབྱེད་མ་ནུས་པའི་སྐྱོན་ལས་བྱུང་བ་བརྟགས་ན་ཤེས་ནུས། ཡང་འདི་གར་འབྱོར་རྗེས་དགོན་པ་འདིའི་གྲྭ་ཕྲུག་འགའ་ཞིག་གིས་ཆོས་རྩོད་བྱེད་སྐབས་གཅིག་གིས་འགོག་པ་ཡིན་ན་རྟག་པ་ཡིན་པའི་ཁྱབ་པ་དམ་བཅས་པ་ན། རྟགས་གསལ་བ་ན་རེ། འོ་ན་ཐབ་ཚང་ནང་དུ་ཡོད་པའི་སྒོག་པ་ཆོས་ཅན། དེར་ཐལ། དེའི་ཕྱིར་ཟེར་བ་ཐོས། དེ་ཡང་བརྟགས་ན་དབུས་སྐད་འགའ་ལས་འགོག་པ་དང་སྒོག་པ་གཉིས་ལ་སྒྲའི་ང་རོ་སོ་སོར་ཐོན་མི་ནུས་པའི་སྐྱོན་ལས་བྱུང་བར་མངོན། ཡང་ཉིན་ཞིག་གསལ་བསྒྲགས་ཤིག་ཏུ་སང་ཉིན་ཞབས་བརྟན་ཚོགས་སར་ཚང་མས་ཞི་ཁྲོའི་ཆོ་ག་བསྣམས་དགོས་ཞེས་འདུག་པར། ཁམས་ཀྱི་གྲྭ་བ་ཞིག་ན་རེ། ཞི་ཁྲོ་སྐྱེ་དམན་ཡིན་ས་རེད། ཁོང་ལ་ཁྱོ་ག་འདུག་ཅེས་ཟེར་བ་ཐོས། དེ་ཡང་ཁམས་སྐད་ལས་ཆོ་ག་དང་ཁྱོ་ག་གཉིས་ཀྱི་སྒྲའི་ང་རོ་ཐ་དད་ཐོན་མ་ནུས་པའི་སྐྱོན་ལས་དེ་ལྟར་ཁ་ནས་ཐོན་པ་ཡང་བརྟགས་ན་ཤེས་ནུས་སོ། །

ཕལ་སྐད་ན་ཚོད་མ་སྨིན་བྱིས་པ་བཞིན། །སྣ་ཚོགས་སྒྲ་ཡི་ཅང་ཤེས་བརྟེན་མ་ནུས། །འོན་ཀྱང་ཤེས་རིག་དོན་གྱི་ཐང་ཆེན་དུ། །ང་རོའི་རྡོག་པ་འདྲེད་བཞིན་རྒྱུ་ལ་ལྟོས། །ཞེས་ཀྱང་ཐལ་ལོ། །དེས་ན་དངོས་དོན་ལྟར་དྲང་བོར་བཤད་ན། ང་ཚོས་རང་སྐད་མཆོག་འཛིན་སྤངས་ཏེ་ཡི་གེའི་རྗེས་སུ་སྐད་འབྲངས་ནས་ཡིག་སྐད་ཚུལ་བཞིན་སྤྱོད་ཐུབ་ཕྱིར་བརྩོན་དགོས་ཀྱང་། བླུན་པོ་རྣམས་རང་སྐད་ལ་མཆོག་འཛིན་ཆེ་བའི་རྐྱེན་གྱིས་གོ་ལྡོག་སྟེ་ཡི་གེ་སྐད་ཀྱི་རྗེས་སུ་ཁྲིད་ནས་དེང་སང་གི་གསར་ཤོག་དང་། གསར་རྩོམ། དེ་བཞིན་འཕྲིན་ཡིག་ཅིག་བྲིས་ཀྱང་ཁྱབ་ཆེ་ས་ནས་རང་ཉིད་ཆོལ་གསུམ་གང་ཏུ་གཏོགས་པའི་ཕལ་སྐད་དང་། ཁྱབ་ཆུང་ས་ནས་ལུང་ཁུག་གང་དུ་སྐྱེས་པའི་ཕལ་སྐད་རྣམས་ཨུ་ཚུགས་ཀྱིས་ཡི་གེར་ཕབ་པ་མང་བོ་མཐོང་རྒྱུ་འདུག་སྟེ། དེ་དག་རྩོམ་པ་བོ་ཁོ་རང་གི་ཀུན་སློང་བོད་སྤྱིའི་རིག་གཞུང་ཉམས་པ་གསོ་བར་འདོད་པའི་ལྷག་བསམ་དང་། རང་སྐད་ལ་མཆོག་འཛན་ནམ་ང་རྒྱལ་གང་གི་སྒོ་ནས་བྲིས་པ་ཆ་མ་འཚལ་ཡང་། ཡི་གེ་དེ་དག་རང་དང་ཡུལ་ལུང་གཅིག་པ་ཙམ་དང་། དེའི་ནང་ནས་ཀྱང་དག་ཐོབ་ལེགས་པར་མ་སྦྱངས་པའི་འཇིག་རྟེན་བླུན་པོ་རྣམས་ཀྱིས་གོ་མོད། ཆོལ་ཁ་གཞན་གྱི་མཁས་བླུན་ཀུན་དང་། རང་དང་ཡུལ་ལུང་གཅིག་ཀྱང་བརྡ་དག་ལ་སྦྱངས་ཟིན་པའི་མཁས་པ་རྣམས་ཀྱིས་ནི་དོན་ཇི་བཞིན་གོ་བ་ཕར་ཞོག གོ་བརྡ་ཙམ་ཡང་མི་འཕྲོད་པའི་གྱོང་ཚབས་ཆེན་པོ་ཡོད་པར་མ་ཟད། མཚམས་ཤིག་ནས་ཡུལ་ལུང་སོ་སོའི་ཕལ་སྐད་ཙམ་ལས་བོད་སྤྱི་ལ་ཁྱབ་པའི་སྐད་ཉམས་ངེས་ཤིང་། སྔོན་གྱི་བཀའ་བསྟན་སོགས་བོད་ཀྱི་རིག་གཞུང་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དེ་དག་ཕྱག་འཚལ་བའི་རྟེན་ཙམ་དང་། དཔེ་མཛོད་དུ་བསྡམས་ནས་བོད་དུ་བཞུགས་པའི་རིག་གཞུང་འདི་ཡིན་ཞེས་མཛུབ་མོ་ཀེར་ཏེ་སྡོད་པ་ལས། དེ་དག་ཏུ་དོན་འདི་ལྟར་བསྟན་ཅེས་ཤེས་ནུས་པ་ལྟ་ཅི་མགོ་མཇུག་ཚང་བར་ཀློག་ཤེས་པ་ཞིག་ཀྱང་མེད་པར་གྱུར་བའི་ཉེན་ཁར་སླེབས་ཡོད། གལ་ཏེ་དག་ཡིག་ལ་ལྟོས་པས་ཆོག་སྙམ་པ་སྲིད་ཀྱང་། དེང་སྐབས་ཀྱང་ཤོག་ལྡེབ་སྟོང་ཕྲག་ལོང་བའི་དག་ཡིག་ཅེས་པའི་ཟུར་མཆན་ལ་ལྟོས་དགོས་བྱུང་བ་འདི་ཡང་བོད་སྐད་ཀྱི་སྒྲ་ཟུར་མང་བོ་ཞིག་ཉམས་པ་ལས་བྱུང་བར་ངེས་ནས། དེ་དུས་བཀའ་བསྟན་དང་མཉམ་པའི་དག་ཡིག་ཅིག་མེད་ན་དེང་དུས་ཀྱི་དག་ཡིག་འདི་ཙམ་གྱིས་ཁྱོད་ཀྱི་བསམ་བློ་ལྟར་ཡོང་བར་བློ་གྲོས་ལྡན་པ་སུ་ཡིད་ཆེས། དེ་ཡང་ཡི་གེ་ཀློག་དུས་ང་རོ་ཐོན་ནུས་ཙམ་གྱིས་ཡིད་མི་ཚིམ་པར་རང་གི་ཡུལ་ལུང་དུ་སྤྱོད་པའི་ཕལ་སྐད་ཀྱང་ང་རོ་དེའི་རྗེས་སུ་འབྲང་དགོས་ཏེ། གཞན་དུ་ཀློག་ཙམ་ཤེས་ཀྱང་དོན་གོ་མི་ནུས་པ། དཔེར་ན། རྒྱལ་རོང་བ་བོད་ཡིག་ཀློག་ཤེས་ཙམ་རྣམས་ཀྱིས་ཀྱང་བོད་སྐད་ཀྱི་ང་རོ་ལེགས་པར་ཐོན་ནུས། འོན་ཀྱང་རང་སྐད་ནི་དེ་དང་གཏན་ནས་མི་འདྲ་བར་སོ་སོར་ཡོད་པས་དོན་གོ་མི་ནུས་པ་དང་། དེ་བཞིན་དུ་དེང་དུས་བོད་དུ་རྒྱ་གར་གྱི་སྒྲ་རིག་པར་སློབ་གཉེར་བྱེད་པ་རྣམས་ཀྱང་ལེགས་སྦྱར་གྱི་སྒྲའི་ང་རོ་ཇི་བཞིན་ཐོན་ཀྱང་དོན་སོ་སོར་ཤེས་མི་ནུས་པ་ནི་མྱོང་གྲུབ་བཞིན་ནོ། །

དྲང་བོའི་བློ་གྲོས་མཁའ་དབྱིངས་དག་པ་རུ། །རྣམ་དཔྱད་རླུང་གི་དྲངས་པ་ལས་འཆར་བའི། །ཡི་གེའི་ང་རོ་མ་ལུས་རྒྱུ་སྐར་ཕྲེང་། །སོ་སོར་བལྟ་བའི་མིག་བཟང་བསྟེན་པར་རིགས། །ཞེས་ཀྱང་བསྐུལ་ལོ། །

དེ་དག་ནི་དཔེར་མཚོན་ཙམ་སྟེ་རེ་རེ་བཞིན་བྲིར་ག་ལ་ལང་། འོན་ཀྱང་བོད་ལ་ཤ་ཞེན་ཆེ་ཞིང་བོད་ཀྱི་སྐད་ཡིག་ཉམས་པར་ཕངས་པའི་སྤུན་ཟླ་ཁྱེད་ཚོས་ཕྱོགས་ཞེན་གྱི་མུན་ཁུང་དུ་མི་སྡོད་པར་དྲང་བདེན་གྱི་རྩྭ་ཐང་དུ་ཉུལ་ཏེ། ལེགས་སྦྱར་གྱི་མེ་ཏོག་མངོན་སུམ་ལག་ཏུ་ཐོབ་ཕྱིར་མུ་མཐུད་བརྩོན་རྒྱུ་ནི་འོས་འགན་ལགས་པས་འདིར་གསལ་འདེབས་ཙམ་དུ་སྨྲས་པ་ལགས། དེ་ལྟར་ཕྱོགས་རིས་གདོན་གྱིས་རང་རྒྱུད་མ་བརླམས་པར་དྲང་བདེན་གྱི་ལམ་ནས་དཔྱད་པ་བས་ན་བོད་སྐད་ཀྱི་ང་རོ་ལེགས་པར་ཐོན་ནུས་ཀྱང་དེ་ལ་དགེ་ཕན་ཅི་ཡོད་ཅེ་ན། སློབ་དཔོན་ཐོན་མིའི་ཞལ་ནས། བསླབ་པའི་རིམ་པ་འདི་ཡིས་ནི། །གང་ཞིག་འབད་པ་ཆུང་ངུས་ཀྱང་། །ཤེས་རབ་མྱུར་དུ་གྲོལ་བར་འགྱུར། །དེ་ཕྱིར་དང་བོར་འདི་ཉིད་བསླབ། །དེ་ནས་རྒྱས་པའང་མཉན་བས་ཏེ། །ཞེས་སོགས་གསུངས་པ་ལྟར། དེ་ལས་བྱུང་བའི་དགེ་མཚན་ལ་སྦྱོང་བ་བོ་རང་གི་ནུས་པ་དང་མཐུན་པའི་གྲུབ་འབྲས་རབ་འབྲིང་ཐ་གསུམ་ཡོད། དང་བོ་དབང་རབ་ཅིག་ཡིན་ན་ང་རོ་ལ་མཁས་པས་འབྲི་ཀློག་བང་ཆུབ་ཅིང་དག་ཡིག་སོགས་ཀློག་མི་དགོས་པར་དོན་དོན་མིན་སོ་སོར་འབྱེད་ནུས་པ་དང་། དེའི་དོན་ཉམས་སུ་བླངས་པ་ལ་མཐར་ཐུག་གི་འབྲས་བུ་ལ་སྦྱོར་བར་བྱེད། གཉིས་པས་འབྲི་ཀློག་བང་ཆུབ་ཅིང་དོན་དོན་མིན་སོ་སོར་འབྱེད་ནུས། གསུམ་པས་ཀྱང་ཐ་ན་འཕྲིན་ཞིག་བསྐུར་བ་ཙམ་ལ་ཡང་དག་ཡིག་དང་ཚིག་མཛོད་སོགས་ཟུར་མཆན་ཀློག་དགོས་པའི་ངལ་བ་སྤངས་ནུས་པ་ཡིན་ནོ། །

སྔོན་ཞིག་གངས་ཅན་ཡུལ་གྱི་ཡི་གེ་རྣམས།། སོ་སོར་ང་རོ་མི་འདྲ་ཡོད་མོད་ཀྱང་། །རིམ་བཞིན་མཁས་པའང་ཕལ་པའི་རྗེས་འབྲངས་ནས། །ཁྲིམས་མེད་སྐད་དང་ང་རོ་གསར་བར་སྤྱོད། 

དེར་བརྟེན་དགོས་པའི་ང་རོ་རྩོད་ནས་བསྐྱུར། །མི་དགོས་པ་ལ་ལྷག་པར་བརྩེ་བས་སྦྱར། །ཕན་ཚུན་འཆོལ་བའི་སྐད་རིགས་དུ་མ་ཞིག། སོ་སོར་བསྐྱངས་པའི་མཁས་པ་མང་མོད་ཀྱི། །འོན་ཀྱང་གངས་ལྗོངས་སྤྱི་ལ་མི་སེམས་པའི། །རང་སྐད་གཙིགས་འཛིན་ཅན་དེར་བླུན་པོ་ངས། །དྲང་བོར་དཔྱད་པའི་གཏམ་གྱི་མདའ་རྣོན་འདི། །གཟས་པ་ཡིན་ཏེ་ཕོག་མིན་ཆ་མ་འཚལ། །གལ་ཏེ་ཕོག་ན་ཕྱོགས་འཛིན་གདོན་ཆེན་དེ། །ཐལ་བར་བརླགས་ནས་གངས་ལྗོངས་སྐད་ཡིག་ལ། །ཚུལ་བཞིན་དཔྱད་ནས་ཚུལ་བཞིན་སྤྱོད་ཐུབ་པའི། །སྔོན་གྱི་གོ་སྐབས་སླར་ཡང་འཛིན་ནུས་ཤོག།