ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

༄༅།།མི་རིགས་སྐད་ཡིག་བྱ་བའི་སྐོར་གྱི་ངོས་ཟིན་ཐོར་བུ།

སྤེལ་དུས 2009-10-20 ཡོང་ཁུངས། 《རྩེར་སྙེག》 རྩོམ་པ་པོ། རམས་ཚེ་བྷོ། འབྲུག་མོས་ཞུ་དག་བྱས།

     དབང་བསྒྱུར་གྲལ་རིམ་གང་ཞིག་གིས་མི་རིགས་ཐམས་ཅད་འདྲ་མཉམ་དང་སྐད་ཡིག་ཐམས་ཅད་འདྲ་མཉམ་དུ་མི་སྤྱོད་པ་ནི་མི་རིགས་སྲིད་ཇུས་བདེན་དྲང་མིན་པའི་དན་རྟགས་ཡིན་མོད།  འོན་ཀྱང་མི་རིགས་སྐད་ཡིག་བཀོལ་སྤྱོད་བྱས་ཆོག་པའི་སྲིད་ཇུས་དང་བཅའ་ཁྲིམས་གཏན་ཁེལ་ཡོད་བཞིན་དུ་འཛིན་སྐྱོང་སྤེལ་གསུམ་བྱེད་མི་ཐུབ་པའི་ཚེ་མི་རིགས་རང་ཉིད་ལན་པ་ཁས་ལེན་དགོས་ཏེ། མི་རིགས་སྐད་ཡིག་གི་འཕེལ་འགྲིབ་དེ་ལོ་རྒྱུས་དང་དུས་རབས། ཁོར་ཡུག་དང་སྤྱི་ཚོགས་དབང་གིས་མི་རིགས་སྐད་ཡིག་ལ་གོད་ཆག་དང་ཉམས་ཉེས། འཕེལ་རྒྱས་དང་ཡར་ཐོན་ཡོང་བ་ནི་བྱ་དངོས་གང་ཞིག་སྐྱེ་རྒུད་དར་གསུམ་གྱི་ཆོས་ཉིད་ལྟར་ཆགས་འཇིག་དང་གཡོ་འགུལ། གཏན་འཇགས་དང་འཕེལ་རྒྱས་སུ་འགྲོ་བར་གདོན་མི་ཟའོ།། ཕྱི་རྐྱེན་དང་ནང་རྐྱེན་གཉིས་ལས་གཙོ་བོ་མི་རིགས་རང་ལ་རག་ལས་ཡོད་པས་ད་ལྟའི་དངོས་ཡོད་སྤྱི་ཚོགས་ཁྲོད་ང་ཚོ་དང་མི་རིགས་སྐད་ཡིག་གཉིས་ཀྱི་བར་ན་དུང་ཞེན་དང་མཁྲེགས་འཛིན་མཁོ་བ་ལས་ཐེ་ཚོམ་དང་དོགས་གཞིར་གྱུར་དོན་མེད། སྦྱང་བརྩོན་དང་བེད་སྤྱོད་དགོས་པ་ལས་འདོར་སྤྱུགས་དང་མཁོ་མེད་དུ་བརྩི་མི་རུང་། དར་སྤེལ་དང་ལེགས་བཅོས་བྱེད་དགོས་པ་ལས་འཕྲི་སྣོན་དང་སྣང་ཆུང་བྱེད་དགོས་དོན་མེད། འདིར་ཁོ་བོས་ང་ཚོ་དང་མི་རིགས་སྐད་ཡིག་གཉིས་ཀྱི་བར་ཐག་ཇེ་རིང་ནས་ཁ་བྲལ་དུ་འགྲོ་བཞིན་པའི་ཉེན་ཁའི་གནས་ཚུལ་ལ་དམིགས་ཏེ་རང་བློའི་ལྕོགས་ཚོད་ཀྱིས་བསམ་འཆར་འག་བཏོན་པ་ལགས།

དང་པོ། མི་རིགས་སྐད་ཡིག་ལ་བཅངས་པའི་འདུ་ཤེས་འཛིན་སྟངས་ནོར་བ།

  མི་རིགས་ཤིག་ཡུན་རིང་དུ་འཚོ་ཐུབ་མིན་མི་རིགས་དེའི་སྐད་ཡིག་ལ་ཐུག་ཡོད་པ་ཁས་མ་བླངས་ན་མི་དེའི་རུས་རྐང་ན་དོན་དམ་པའི་མི་རིགས་ཞེས་པའི་འདུ་ཤེས་མེད་པ་མཚོན་ཐུབ་ལ། མི་དེའི་རིགས་ནི་རང་མི་རིགས་ལ་དགའ་ཞེན་དང་བརྩེ་དུང་ཅི་ཡང་མེད་པའི་མི་མདོ་མེད་ཀླད་སྟོང་ཅན་རྐྱང་རྐྱང་ཡིན་པས། ཁོ་ཚོས་མི་རིགས་ཤིག་གི་དར་རྒུད་དང་འཚོ་གནས། ལས་དབང་དང་ཉེན་ཁ། ཉམས་དམས་དང་གོད་ཆག རྒྱལ་ཕམ་བཅས་ལ་སྣང་དོགས་སྤུ་ཙམ་ཡང་མི་བྱེད་པར་མིག་མདུན་གྱི་སྐད་ཅིག་མའི་མཛེས་སྡུག་དང་ལོངས་སྤྱོད་ལ་དམིགས་ཏེ་སྒེར་དོན་རྐྱང་རྐྱང་སྒྲུབ་པ་ལས་བུ་རབས་ཚ་རྒྱུད་ཀྱི་སང་ཉིན་ལ་ཐེ་གཏོགས་མི་བྱེད་པར་མི་རིགས་ཀྱི་ཞབས་འདྲེན་དུ་ལུས་ཤིང་། གལ་ཏེ་མི་སུ་ཡིན་རུང་མི་རིགས་སྐད་ཡིག་གི་དགོས་གལ་རང་བཞིན་རྟོགས་མི་ཐུབ་ནའང་རང་མི་རིགས་ཞེས་པའི་བསམ་བློའི་འདུ་ཤེས་སྨྲ་མེད་པ་ཞིག་ཅིས་ཀྱང་མཁོ་བས། བོད་རིགས་ཞེས་པའི་བསམ་བློའི་འདུ་ཤེས་མེད་པའི་སྐྱེ་བོ་སུ་ཞིག་གིས་བོད་ཡིག་ག་ཙམ་སྦྱངས་ཀྱང་རུས་རྐང་ན་བོད་ཅེས་པའི་འདུ་ཤེས་མེད་ཚེ་དེས་ཤེས་བྱའི་ངོ་བོ་ཙམ་རྟོགས་པ་ལས་མི་རིགས་དང་སྤྱི་ཚོགས་གང་ལའང་ཕན་འདོགས་མི་ཐུབ་པར་སྒེར་དོན་ཁོ་ན་ལས་མ་འདས་སོ།།
     
ད་ལྟ་འཛམ་གླིང་མི་རིགས་སྐད་ཡིག་ཁྲོད་ན་བདག་ཅག་གི་མེས་པོ་རྣམས་ཀྱི་བློ་གྲོས་རྩལ་ལས་རྫོགས་པའི་བོད་ཡིག་ནི་རྒྱལ་ཁབ་ཕྱི་ནང་ཀུན་ནས་བསྔགས་བརྗོད་ཀྱི་མེ་ཏོག་མཁའ་རུ་གཏོར་གྱིན་ཡོད་ལ། ཕྱི་ཕྱོགས་སྒོ་འབྱེད་དང་རིག་སྟོབས་དཔལ་འབྱོར་གྱི་འཕེལ་ཁ་ཤིན་ཏུ་མགྱོགས་པའི་དུས་རབས་ཁྲོད། གློག་ཀླད་རྩིས་འཁོར་གྱི་བརྡ་འཕྲིན་དྲ་རྒྱ་དང་ཚན་རིག་ལག་རྩལ། ཚོང་རའི་དཔལ་འབྱོར་གྱི་འགྲན་རྩོད་ཤིན་ཏུ་ཡངས་པའི་དུས་སྐབས་འདིར། ཡང་སྙིང་རྒྱུ་རྐྱེན་གང་ཞིག་གིས་རྗེས་སུ་ལུས་པ་འཚོལ་ཞིབ་མི་བྱེད་པའི་མི་རིགས་རང་གི་བླ་སྲོག་བོར་བའི་ཀླད་མེད་ཁ་ཤས་ཀྱིས་ལོ་རྒྱུས་དང་དུས་རབས་དུ་མའི་རིང་ལ་མེས་པོས་ཁྱད་ནོར་དུ་བཞག་པའི་རིག་གནས་དང་སྐད་ཡིག་ལ་ངན་ཁགདཀྲི་བཞིན་ཡོད་པ་དང་། རང་ཉིད་བོད་ཡིན་བཞིན་དུ་ཁོར་ཡུག་གི་ཤན་ཞུགས་པའམ་སྤྱི་ཚོགས་ཀྱི་ཕྱོགས་མ་རྟོགས་པ་རྐྱེན་བྱས་ནས་བོད་ཡིག་དང་བོད་སྐད་མཁོ་མེད་ནུས་བྲལ་དུ་འདོད་བཞིན་པ། རང་ཉིད་ཀྱི་ཕ་སྐད་བརྗེད་དེ་ར་མ་ལུག་གི་བརྟུལ་ཞུགས་འཛིན་བཞིན་ཆུ་སྣ་གར་རྒྱུགས་བྱེད་པ། སྒེར་དོན་དང་ཆོ་ལོ་འབའ་ཙམ་གྱི་བདེ་སྡུག་ལ་འཇིགས་དེ་མི་རིགས་ཤིག་གི་འགན་ནུས་ཕྲ་ཞིང་ལ་རྒྱ་བོར་བ། ཀུན་ལ་རྨོངས་ཤིང་རང་སོར་ལུས་པས་ལེ་ལོ་དང་རྗེས་ལུས་གྲོགས་སུ་བྱས་ཤིང་ཐམས་ཅད་ལ་མགོ་འཐོམ་པ་བཅས་རྣམ་པ་མི་འདྲ་བའི་རྒྱུ་རྐྱེན་གང་མང་ཞིག་དང་སྤྱི་ཚོགས་ཀྱི་སྣང་ཚུལ་མི་འདྲ་བ་འདི་དག་གིས་མི་རིགས་སྐད་ཡིག་གི་འཛིན་སྐྱོང་སྤེལ་གསུམ་ལ་གེགས་བཟོ་བཞིན་ཡོད། ཡང་གཅིག་བཤད་ན། སྐད་ཆ་ནི་སྤྱི་ཚོགས་འཚོ་བའི་ཡོ་བྱད་ཙམ་དུ་སྣང་བས་བོད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་རྒྱུའི་བསམ་པའི་འདུ་ཤེས་དེ་མི་རིགས་རང་བཞིན་དང་ས་གནས་རང་བཞིན། ལ་རྒྱ་མཚོན་བྱེད་དང་བརྩེ་དུང་མཚོན་བྱེད་ཀྱི་བསམ་བློ་ཁོ་ནར་ངོས་བཟུང་མི་ཆོག་སྟེ། མི་རིགས་རང་གི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་ཆུ་ཚད། འགྲོ་འདུག་སྤྱོད་གསུམ། འཚོ་བའི་དགོས་མཁོ་ལྟར་རིག་གནས་གང་ཞིག་བསླབ་ན་རྒྱུད་ལ་ཡོན་ཏན་འབྱོར་སླ་བ་དང་ཡིག་རིགས་གང་ཞིག་སྦྱངས་ན་རང་ཉིད་ཀྱི་འཚོ་གནས་ལ་ཕན་ཐོགས་པ་བཅས་ལ་དམིགས་ཏེ་མེས་རྒྱལ་གཅིག་གྱུར་དང་དཔལ་འབྱོར་འཛུགས་སྐྲུན་བྱེད་པའི་ཡོ་བྱད་དུ་འགྱུར་དགོས་པས། ང་ཚོས་བོད་ཡིག་སློབ་སྦྱོང་དང་སྦྱང་བརྩོན་བྱེད་པའི་དམིགས་ཡུལ་ནི་སྐད་བརྡ་རིག་པ་བ་དང་གཞུང་ལུགས་རྩོམ་པ་པོ་ཁག་གཅིག་སྐྱེད་སྲིང་བྱེད་རྒྱུ་དེ་མ་ཡིན་པར་བོད་སྤྱི་འབངས་ཀྱིས་མི་རིགས་རང་ལ་ཡོད་པའི་སྐད་ཡིག་བཀོལ་སྤྱོད་དང་སྦྱང་བ་བྱས་ཏེ་འཛམ་གླིང་རིག་གནས་ཀྱི་ཁ་ཕྱོགས་དང་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་བཅའ་ཁྲིམས། ཚན་རྩལ་རིག་གནས་བཅས་ལ་རྒྱུས་ལོན་བྱེད་པའི་ཡོ་བྱད་ཅིག་ཏུ་འགྱུར་དགོས་སོ།།

གཉིས། བསམ་བློ་ལ་གཡོ་འགུལ་ཐེབས་པ།

སློབ་དཔོན་ཐོན་མིས་བོད་ཡིག་གསར་བཟོ་མཛད་པའི་ཚུན་ནས་བོད་ཡིག་ཀྱང་ལོ་རྒྱུས་ཀྱི་འགྲོས་ཤུགས་དང་བསྟུན་ནས་དར་སྤེལ་དང་ཡོ་བསྲང་། གཏོར་བརླག་དང་འཐུས་ཚང་། མྱི་ཁ་དང་བསྔགས་བརྗོད་ཚད་མེད་མྱང་མྱོང་བ་ཞིག་ཡིན་པས། བོད་ཀྱི་ལོ་རྒྱུས་སྟེང་བཙན་པོ་བཀྲོངས་ནས་རྒྱལ་སྲིད་ཉམས་པ་དང་། འབངས་གྱེན་ལོག་བྱས་ཏེ་རྒྱལ་ཁབ་སིལ་བུར་འཐོར་བ། ནང་འཁྲུག་འཐབ་རྩོད་ཀྱི་རྒྱུན་མ་ཆད་པར་ས་གནས་བཅད་ཀྱིས་བཟུང་བ་བཅས་ལོ་རྒྱུས་ཀྱི་དཀྱོགས་མཚམས་རེ་རེ་ནས་ཆག་ཆ་ཉམ་ང་གང་མང་བྱུང་ནའང་ཁ་བ་རི་བོའི་གངས་རིའིགཟི་མདངས་བཞིན་ཁ་དོག་མ་འགྱུར་བར་ད་ལྟའི་བར་དུ་གནས་ཐུབ་པ་འདིས། རིག་གནས་ཤིག་གི་གསོན་ཤུགས་དང་ཚེ་སྲོག་མངོན་ཐུབ། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན་ནས་བཟུང་ང་ཚོར་སྐྱིད་པའི་ཉི་མ་རི་ལས་ཤར་ཞིང་། མི་རིགས་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་དབང་ཆ་བདག་གིར་སྤྲད་པའི་ཇུས་བཟང་གི་ཉིན་མོ་འདི་ལ། མི་ཕལ་མོ་ཆེ་ཞིག་རི་བོང་གནམ་རྡིབ་ཀྱི་དོགས་པ་དང་གཅེས་ནོར་མཁོ་མིན་གྱི་བསམ་བློའི་གཡོ་འགུལ་འོག་ནོར་བུའི་རིན་ཐང་མི་ཤེས་པར་དེང་སྐབས་སྤྱི་ཚོགས་ཁོར་ཡུག་གི་སྣང་ཚུལ་འཆལ་བོ་དེ་དང་ནུས་མེད་འུ་ཐུག་གི་བསམ་བློ་ཡན་པོ་དེས་རང་སེམས་དམ་དུ་གཅུན་དེ་བློ་སེམས་ལ་གཡོ་འགུལ་ཆེན་པོ་ཐེབས་བཞིན་ཡོད་པའི་གནད་དམ་པ་ནི། གཅིག ཏང་དང་རྒྱལ་ཁབ་ཀྱིས་རྩ་ཁྲིམས་དང་མི་རིགས་རང་སྐྱོང་བཅའ་ཁྲིམས་སུ་མི་རིགས་སྐད་ཡིག་བཀོལ་སྤྱོད་དངའཕེལ་རྒྱས་སུ་གཏོང་དགོས་པའི་གཏན་ཁེལ་ཡོད་བཞིན་དུ་སྲིད་ཇུས་དོན་འཁྱོལ་བྱེད་མ་ནུས་པ། གཉིས། སྤྱི་ཚོགས་ཀྱི་ངོ་བོ་དང་ཁ་ཕྱོགས་ལ་ཟབ་ཞུགས་གནང་མ་ཐུབ་པར་མི་རིགས་སྐད་ཡིག་ལ་ངན་ཁག་དཀྲི་བ་ལས་ཐབས་ལམ་གསར་བ་རྙེད་མ་ཐུབ་པ། གསུམ། རང་ཉིད་བོད་ཡིན་ཡང་རུས་རྐང་ན་མི་རིགས་རང་བཀུར་གྱི་འདུ་ཤེས་མེད་པས་མི་རིགས་སྐད་ཡིག་ལ་བརྩིས་མཐོང་མི་བྱེད་པ། བཞི། སྤྱི་ཚོགས་ཁ་དབུགས་དང་སྤྱི་ཚོགས་ཀྱི་ཤན་ཞུགས་དབང་གིས་བོད་ཡིག་མཁོ་མེད་དུ་འདོད་ཅིང་བོད་ཡིག་བསླབ་ན་བཀོལ་སྤྱོད་བྱེད་ས་མེད་པ་དང་ཁེ་ཕན་ཉུང་བར་འདོད་པ། ལྔ། མིག་མཐོང་ལག་ཟིན་ཏུ་སྣང་བའི་དངོས་ཡོད་སྤྱི་ཚོགས་ཀྱི་གནད་དོན་འགའ་རེ་མཐོང་བས་དེ་དག་རྣམས་མི་རིགས་སྐད་ཡིག་གིས་གནོད་པར་འཁྲུལ་ནས་རྗེས་རབས་པར་བོད་ཡིག་སློབ་ཏུ་མི་འཇུག་པ། དྲུག ལས་རྐང་གསར་སྤོར་བྱེད་པའམ་གོ་ས་བསྐོ་འཐེན་བྱེད་དུས་རིག་གནས་ཚད་གཞི་རྒྱ་ཡིག་འཛིན་པས་ན་མི་རིགས་སྐད་ཡིག་འདོར་སྐྱུར་བྱས་པ། བདུན། བོད་སྐད་ཡིག་ནི་མཐོ་འབྲིང་རིམ་སློབ་གྲྭར་རྒྱུག་སྤྲོད་བྱེད་ཀྱི་ལག་ཆ་ཙམ་དུ་བྱེད་པ་ལས་སྤྱི་ཚོགས་ལམ་ལུགས་ཀྱིས་དང་ལེན་མ་བྱས་པས་སློབ་མའི་བསམ་བློ་ལ་གཡོ་འགུལ་བྱུང་བ་བཅས་གནད་དོན་འདི་དག་དུས་ཡུན་ཐུང་ངུ་ཞིག་གི་ཁྲོད་ཐགགཅོད་བྱེད་ཐུབ་པ་ཞིག་གཏན་ནས་མིན་པར། མི་རིགས་ལས་དོན་དང་མི་རིགས་སྐད་ཡིག མི་རིགས་དཔལ་འབྱོར་དང་མི་རིགས་སྲིད་ཇུས། མི་རིགས་ཀྱི་སྤུས་ཚད་བཅས་མཐོར་འདེགས་སུ་བཏང་ནས་ཚོང་རའི་དཔལ་འབྱོར་དང་རིག་སྟོབས་གསར་འབྱེད་ལ་གདོང་གཏུག་བྱེད་ཐུབ་དུས་ད་གཟོད་མི་རིགས་སྐད་ཡིག་གི་རེ་བའི་རླངས་པ་མཁའ་རུ་འཕྱུར་ངེས་ལ། བོད་མིའི་འཚོ་གནས་དང་མི་རིགས་སྐད་ཡིག་གཉིས་ཀྱི་བར་འབྲེལ་ཇེ་དམ་དུ་འགྲོ་ངེས། སྐབས་དེར་ཐོན་དུས་མི་རིགས་སྐད་ཡིག་གིས་བོད་ཀྱི་དངོས་ཡོད་འཚོ་བར་ཞབས་ཞུ་ཡང་དག་བསྒྲུབ་ཐུབ་པ་ཁོ་ཐག་ཡིན།

གསུམ་པ། བསམ་བློའི་ངོས་ཟིན་ལ་གོ་འཛོལ་བྱུང་བ།

        མི་རིགས་སྐད་ཡིག་གིས་ལས་དོན་ཞེས་པ་འདི་ནི་ཕྱོགས་གཅིག་ནས་རྒྱལ་ཁབ་ཀྱི་ལས་དོན་ཡིན་པ་དངཕྱོགས་གཞན་ཞིག་ནས་མི་རིགས་ཀྱི་ལས་དོན་གལ་ཆེན་ཞིག་ཡིན་པས། སྤྱིར་མི་རིགས་སྐད་ཡིག་གི་ལས་དོན་དོན་འཁྱོལ་ཅིག་བྱེད་ཐུབ་ན་བོད་རིགས་མང་ཚོགས་ཀྱིས་རང་མི་རིགས་ཀྱི་སྐད་ཡིག་ལ་བརྟེན་ནས་ཡང་དག་པའི་ངང་ཏང་དང་རྒྱལ་ཁབ་གྱི་སྲིད་ཇུས་དྲིལ་བསྒྲགས་བྱེད་པར་གོ་བ་ཟབ་མོ་ལེན་ཐུབ་པ་དང་། མར་ལེ་རིང་ལུགས་ལ་སློབ་སྦྱོང་བཟང་པོ་བྱེད་ཐུབ་པའི་ཁར་དེང་རབས་ཅན་གྱི་ཚན་རིག་ལག་རྩལ་ཁྱབ་གདལ་དང་ཚུར་ལེན་བྱེད་ཐུབ་པ། བོད་མི་རིགས་ཀྱི་ཚོང་ཟོང་དཔལ་འབྱོར་དང་ཐོན་སྐྱེད་ལས་རིགས་འཕེལ་རྒྱས་སུ་འགྲོ་ཐུབ་པའི་ཁར། རིག་གནས་བྱང་ཚད་མཐོར་འདེགས་འགྲོ་ཐུབ་ཅིང་གསར་དར་རིག་གནས་དང་གློག་ཀླད་རྩིས་འཁོར་སོགས་ཀྱི་ཚན་རིག་ཤེས་བྱའང་སྦྱང་བ་ནན་མོ་བྱེད་ཐུབ་པས་ན། དེང་རབས་བོད་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་སྤྱི་ཚོགས་གཏན་འཇགས། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་ཁེ་ཕན་ཆེན་པོ་ཡོད།   འོན་ཀྱང་ད་ལྟ་མི་འབོར་ཆེན་ཞིག་གིས་དངོས་ཡོད་སྤྱི་ཚོགས་སྟེང་དུ་བཀོལ་སྤྱོད་བྱེད་བཞིན་པ་དང་དར་ཁྱབ་ཆེ་བ་ནི་རྒྱ་ཡིག་ཁོ་ན་ཡིན་པ་ལས་བོད་ཡིག་དང་བོད་སྐད་མེད་ཀྱང་རུང་ལ། དེའི་བྱེད་ནུས་ཀྱི་ཆ་ནས་བཤད་ནའང་སྤྱི་ཚོགས་ལ་གཞོགས་འདེགས་ཙམ་བྱེད་པའི་ནུས་པ་ཕྲན་ཙམ་ཡང་བསྐྱེད་མི་ཐུབ་པར་འདོད་ཅིང་། བོད་རིགས་མགོ་ཁྲིད་དང་བོད་རིགས་ལས་བྱེད་པ་ཅིག་ལ་མཚོན་ནའང་རང་ཉིད་ཀྱིས་བྱ་བའི་སྟེང་གོ་ས་མཐེ་བོང་འདྲ་རྙེད་པ་ནས་བཟུང་རྒྱ་སྐད་ལ་བྱང་ཆ་དེ་འདྲ་མེད་ཀྱང་རང་མི་རིགས་ཤིག་ལ་འཕྲད་པའམ་ཚོགས་ཐོག་བཅས་ནས་གཏམ་བཤད་དུས། ཨུ་ཚུགས་ཀྱིས་རྒྱ་སྐད་ཐན་ཐུན་རེ་བཤད་པ་དང་། ཕར་བལྟས་ཚོད་ཀྱིས་རང་ཉིད་ཀྱིས་རྒྱ་སྐད་རེ་བཤད་ཐུབ་པ་བྱུང་ན་ཤེས་ཡོན་ཅན་གྱི་ཁྱད་ཆོས་དང་ལྡན་ཞིང་རང་ཉིད་ཀྱི་གཟི་བརྗིད་ཡིན་པར་སེམས། དེ་བཞིན་དུ་ད་ལྟ་རོང་འབྲོག་ས་ཁུལ་དུ་མི་ཆ་མེད་ཅིག་ལ་ཡོན་ཚད་ཡོད་མེད་ཀྱི་ཚད་གཞི་ནི་མི་དེས་ཁ་ནས་རྒྱ་སྐད་རྡབ་རྡིབ་རེ་ཨེ་ཤོད་དང་རྒྱ་ཡིག་ཁྱབ་འཁྱོར་རེ་འབྲི་ཨེ་ཐུབ་པར་བལྟ་བཞིན་ཡོད། དེས་ན་བོད་ཡིག་སྦྱང་མཁན་ནམ་བོད་ཡིག་ཤེས་ལྡན་མི་སྣ་རྣམས་ལ་ཅིའི་ཕྱིར་དེ་འདྲའི་འགྱུར་ལྡོག་བྱུང་བ་དང་བསམ་བློའི་ངོས་ཟིན་ལ་གོ་འཛོལ་བྱུང་བ་ཡིན་ཞེ་ན། གཅིག་ནས་བསམ་བློའི་ངོས་ཟིན་ལ་གསལ་རྟོགས་མ་བྱུང་བས་འཇིག་རྟེན་ལྟ་ཚུལ་ལ་ནོར་འཆུག་བྱུང་བ།  གཉིས་ནསགཡོན་ཐལགྱི་བསམ་བློའི་ཤུགས་རྐྱེན་གཙང་སེལ་བྱེད་མ་ཐུབ་པས་ལྡོག་ཕྱོགས་ཀྱི་ཉམས་མྱོང་ལྟར་བོད་ཡིག་དང་བོད་སྐད་མཁོ་མིན་དུ་འདོད་པ། གསུམ་ནས་བོད་ཡིག་གི་དགོས་གལ་རང་བཞིན་དང་བོད་ཡིག་དཔྱིས་ཕྱིན་པ་ཞིག་མ་ཤེས་པའི་སྐྱོན་གྱིས་ཡིད་སེམས་ལ་འགྱུར་བ་བྱུང་བ། བཞི་ནས་ད་ལྟ་མི་ཕལ་མོ་ཆེ་ཞིག་གིས་བོད་ཡིག་བཀོལ་སྤྱོད་བྱེད་པ་འདི་རྣམ་པ་ཙམ་དང་། ཁ་དབུགས་ཙམ། ལད་ཟློས་བྱེད་པ་ཙམ་དུ་འདོད་པས་དེ་ལ་ཟབ་ཞུགས་མི་གནང་བ། ལྔ་ནས་ལས་ཁུངས་དང་སྡེ་ཁག་སོ་སོས་ཕྱི་རྐྱེན་འབའ་ཞིག་ལ་ཁ་གཡར་དེ་མི་རིགས་སྐད་ཡིག་དར་སྤེལ་ལ་ནུས་པ་མི་འདོན་པ་དང་ཆོད་སེམས་མི་འཆིང་བར་བྱ་བའི་སྟབས་བདེ་ལ་དམིགས་ཏེ་གཞི་རིམ་གྱི་ཁེ་ཕན་དང་དགོས་མཁོ་ལ་དོ་སྣང་མི་བྱེད་པ། དྲུག་ནས་ད་སྐབས་ལས་ཁུངས་མང་ཆེ་བས་རྒྱའི་སྐད་ཡིག་གི་ཆུ་ཚད་གཙོ་བོར་བཟུང་སྟེ་བོད་ཡིག་ཕལ་བར་འཛིན་པས་ན་སུས་ཀྱང་མི་རིགས་སྐད་ཡིག་ལ་སྣང་ཆུང་བྱེད་བཞིན་ཡོད། དེ་བས་རྒྱུ་རྐྱེན་འདི་དང་འདི་འདྲ་བའི་དབང་གིས་བོད་ཡིག་ཕྲན་ཙམ་ཤེས་པ་རྣམས་དང་སློབ་གཉེར་གྱི་ལས་དང་པོ་བ་རྣམས་ཀྱི་སེམས་ལ་མི་རིགས་སྐད་ཡིག་གི་གོ་གནས་རིམ་བཞིན་ཇེ་དམའ་རུ་སོང་སྟེ་མི་རིགས་རང་གི་སྐད་དང་མཐུན་པའི་ཡི་གེ་དེ་མི་འདོད་གད་སྙིགས་བཞིན་དུ་འདོར་སྐྱུར་བྱེད་བརྩིས་ཡོད།   བཞི་བ། སྐད་ཡིག་སྤྱི་ཚོགས་འཕེལ་རྒྱས། དེང་གི་འཇིག་རྟེན་ན་མི་རིགས་ཉིས་སྟོང་ལྷག་འཛམ་གླིང་ས་གནས་སོ་སོ་ན་འཚོ་གནས་བྱེད་བཞིན་ཡོད་ལ། རང་རྒྱལ་གཅིག་པུར་ཡང་མི་རིགས༥༦ཡོད། བོད་མི་རིགས་ནི་ཀྲུང་ཧྭ་མེས་རྒྱལ་ཆེན་མོའི་ཁྱིམ་ཆེན་གྱི་ཁོངས་སུ་གཏོགས་པའི་མི་རིགས་ཤིག་སྟེ། མི་གྲངས་ས་ཡ་བཞི་ལྷག་ཡོད་པའི་བོད་མི་རིགས་ལ་མཚོན་ན་འཛམ་གླིང་འཛིན་མའི་སྒལ་ཚིགས་སུ་གྱུར་བའི་མདོ་དབུས་མཐོ་སྒང་དུ་ཆགས་ཤིང་མི་ལོ་ལྔ་སྟོང་ནས་ཆིག་ཁྲི་ལྷག་གི་རིག་གནས་ལོ་རྒྱུས་ཡོད་ལ། བོད་རང་གི་ལུགས་སྲོལ་གོམས་གཤིས་སུ་གྱུར་པའི་དཔལ་འབྱོར་དང་འཚོ་བ། བོད་རིགས་རང་གི་རིག་གནས་སྟེང་མངོན་པའི་ཐུན་མོང་གི་བསམ་ཚུལ་དང་ཐུན་མོང་གི་ཚོགས་པ་བརྟན་པོ་ཞིག་ཡོད་པས། བོད་རིགས་ནི་འཛམ་གླིང་སྟེང་རང་རྐྱ་འཕེར་བའི་མི་རིགས་ཤིག་སྟེ། སི་ཏ་ལིན་གྱིས་གསུང་བའི་མི་རིགས་ཀྱི་ཁྱད་ཆོས་བཞི་དང་ཡོངས་སུ་མཐུན་པས། ད་ལྟ་འཛམ་གླིང་ན་བོད་མི་རིགས་ཞེས་པའི་མིང་གྲགས་ཙམ་དང་བོད་རིག་པ་ཞེས་པའི་ཚ་རླབས་ཆུང་ངུ་རེ་འཕྱུར་བཞིན་ཡོད་པ་ནི་མི་རིགས་དེར་རང་ཉིད་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཤིག་དང་སྐད་ཆའི་སྒྱུ་རྩལ་ཅིག་ཡོད་པ་མ་ཡིན་ནམ། དེ་བས་ང་ཚོ་ལ་མཚོན་ན་མི་རིགས་རང་ཉིད་ཀྱི་སྐད་དང་མཐུན་པའི་ཡི་གེ་བླ་ན་མེད་པ་ཞིག་དང་དེ་ལ་དགའ་ཞེན་དང་དུངས་བ་ཟབ་པའི་བེད་སྤྱོད་བྱེད་མཁན་གྱི་མང་ཚོགས་བགྲང་གིས་མི་ལངས་པ་ཞིག་ཡོད་པས། འཛམ་གླིང་སྐད་ཡིག་གཅིག་གྱུར་དང་སྐད་བརྡ་གང་དག་འཇིག་ཉེན་ཡོད་པའི་ཚད་ལ་ཐོན་མེད་པས། དུས་ཡུན་ཐུང་ངུ་ཞིག་གི་ནང་དུ་མི་རིགས་འདི་མེད་པར་འགྱུར་མི་སྲིད་ལ་མི་རིགས་འདིའི་སྐད་ཡིག་ཀྱང་ཉམས་རྒུད་དུ་འགྲོ་མི་སྲིད་མོད། འོན་ཀྱང་བོད་མིའི་སྤྱི་ཚོགས་རྗེས་ལུས་ཡིན་པ་དང་བོད་ཀྱི་ཐོན་སྐྱེད་ནུས་ཤུགས་ཉམས་དམས་སུ་གྱུར་བ་ལ་བརྟེན་ནས་བོད་ཀྱི་རིག་གནས་དང་སྐད་ཆ་ལའང་སྐབས་སུ་བབས་པའི་སྤྱི་ཚོགས་ཀྱི་གནས་བབ་ངོ་མའི་ཤན་ཐེབས་ཏེ་དེང་རབས་བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་པར་ཐད་ཀར་གེགས་བཟོ་མུས་སུ་ཡོད།
    
དེང་རབས་བོད་ཀྱི་སྤྱི་ཚོགས་ལ་མཚོན་ན། དཔལ་འབྱོར་འཕེལ་རྒྱས་ཞན་པ་དང་རིག་གནས་ཀྱི་ཆུ་ཚད་དམའ་བའི་ཁར་ཚན་རྩལ་ལས་རིགས་ལ་བློ་ཁ་མི་ཕྱོགས་པར་བཅོས་སྒྱུར་སྒོ་འབྱེད་དང་ཚོང་རའི་དཔལ་འབྱོར་གྱི་འདུ་ཤེས་ཤིན་ཏུ་ཕྲ་བའི་དབང་གིས་གནས་བབ་སྤྱི་ཚོགས་ལ་གདོང་མཆོང་བྱེད་མི་ཐུབ་པར་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ཚན་རྩལ་འདོན་སྤེལ་བྱེད་མི་ཐུབ་པས་ན་མདུན་སྐྱོད་དང་འཕེལ་རྒྱས་ཀྱི་བློ་སྤོབས་དང་འདུན་པ་མེད་ལོ། བསམ་བློའི་བཅིངས་འགྲོལ་དང་འདུ་ཤེས་བཅོས་སྒྱུར་གྱི་ཀླད་ཁྲག་ཇེ་མཐུག་ཏུ་འགྲོ་བས་ན། དེང་རབས་བོད་ཀྱི་སྤྱི་ཚོགས་དང་མི་རིགས་སྐད་ཡིག་གཉིས་ཀྱི་བར་ཐག་ཇེ་རིང་ནས་ཇེ་རིང་ཡིན་པ་དང་བོད་ཁུལ་རྗེས་ལུས་ཀྱི་རྣམ་པ་དེ་ནམ་ཡང་བསྒྱུར་མ་ཐུབ་པ་རེད། གལ་ཏེ་རྗེས་ལུས་ཀྱི་རྣམ་པ་འདི་བསྒྱུར་དགོས་ན་ཐོག་མར་ཡང་དག་པའི་གཞུང་ལུགས་ཤིག་དང་རིག་གནས་ཤིག་གིས་ནང་སེམས་ཀྱི་བསམ་བློ་ལ་གཡོ་འགུལ་ཐེབས་སུ་འཇུག་དགོས་ཤིང་། གཞུང་ལུགས་དེ་དང་རིག་གནས་དེ་འཐུསའཚང་དུ་བཏང་ནས་བོད་ཀྱི་སྤྱི་ཚོགས་ལ་ཕན་ཐོགས་རེ་སྒྲུབ་འདོད་ན་བོད་མིའི་ཐད་ཀར་དུ་དང་ལེན་བྱེད་སླ་བའི་མི་རིགས་རང་གི་སྐད་ཡིག་ལ་བརྟེན་དགོས་ཤིང་། ད་ལྟ་བོད་ཁུལ་དུ་གཙོ་བོ་རྒྱ་ཡིག་གི་ལམ་ནས་ཏང་གི་སྲིད་ཇུས་དང་བཅའ་ཁྲིམས། ཡིག་ཆ་སོགས་རྒྱུད་སྒྲོག་བྱེད་པས་ན་ས་གནས་མགོ་ཁྲིད་བློ་མཐུན་འགའ་ཤས་དང་རྒྱ་ཡིག་ཤེས་མཁན་གྱི་ལས་བྱེད་སྐོར་ཞིག་གིས་མ་གཏོཊ་ཡིག་ཆའི་དགོངས་དོན་དངོས་ཤེས་ཐུབ་ཀྱིན་མེད་པས་མང་ཚོགས་དང་མི་རིགས་སྐད་ཡིག་གཉིས་ཀྱི་བར་ཐག་ཇེ་རིང་ནས་ཇེ་རིང་ཡིན་པ་དང་བོད་རིགས་རང་ཉིད་ཀྱིས་མི་རིགས་སྐད་ཡིག་བེད་སྤྱོད་བྱེད་མ་ཐུབ་པར་མི་རིགས་སྲིད་ཇུས་དང་ཏང་ཀྲུང་དབྱང་གི་དགོང་དོན་མཐའ་འཁྱོལ་བ་ཞིག་ལག་བསྟར་བྱེད་མི་ཐུབ་ པས་ན་དེང་རབས་བོད་ཀྱི་སྤྱི་ཚོགས་རྗེས་ལུས་ཀྱི་རྣམ་པ་འདི་ཀུན་ནས་བསྒྱུར་དཀའོ།།
    
བོད་ཁུལ་གྱི་སྤྱི་ཚོགས་རྗེས་ལུས་ཡིན་པ་མི་རིགས་སྐད་ཡིག་དོན་འཁྱོལ་དུ་ལག་བསྟར་བྱེད་མ་ཐུབ་པའི་རྐྱེན་ཡིན་པ་ནི། བོད་ཁུལ་དུ་སྤྱི་ཚོགས་ལས་བགོས་རགས་བསྡུས་ཡིན་པ་དང་གཅིག ཐོན་སྐྱེད་ནུས་ཤུགས་གཞི་ནས་ཞན་པ་དང་གཉིས། ཚན་རྩལ་དང་ལག་རྩལ་དམའ་བའི་དབང་གིས་བོད་ཡུལ་རང་ལ་ཡོད་པའི་ཐོན་ཁུངས་སྔོགས་འདོན་བྱེད་མི་ཐུབ་པ་དང་གསུམ། དཔལ་འབྱོར་སྤྱི་ཚོགས་ཀྱི་ཀླད་ཞོ་མཐུགཔས་ཚོང་ཟོང་བརྗེ་རེས་ལ་དོ་སྣང་མི་བྱེད་པ་དང་བཞི། ཤེས་རིག་སློབ་གསོ་ལ་གདེང་འཇོག་མི་བྱེད་པར་འདོད་ཆུང་ཆོག་ཤེས་ཀྱི་སེམས་བསྐྱེད་དབང་གིས་ས་ཆ་ཁ་ཐོར་ལུང་ཐོར་དུ་འཚོ་གནས་ཙམ་པོ་བ་རེ་རོལ་བ་དང་ལྔ། ཤེས་ལྡན་མི་སྣ་སྐྱེད་བསྲིངས་བྱས་ཀྱང་བོད་ཡིབཀོལ་སྤྱོད་བྱེད་ས་མེད་པ་དང་རྒྱ་ཡིག་མཐའ་འཁྱོལ་བ་ཞིག་ཀུན་གྱིས་མ་ཤེས་པའི་རྐྱེན་གྱིས་རང་རང་ལ་ལས་རྐང་མི་རྙེད་པ་དང་དྲུག སྲོལ་རྒྱུན་རིག་གནས་ལ་བློ་ཁ་ཕྱོགས་དྲགས་པས་དེང་རབས་རིག་གནས་དང་ཚན་རྩལ་རིག་གནས་དང་ལེན་མི་བྱེད་པ་དང་བདུན། འདུ་ཤེས་བཅོས་བསྒྱུར་དང་བསམ་བློའི་བཅིངས་འགྲོལ་གྱི་དྲ་རྒྱ་ལས་ཐར་མ་ཐུབ་པར་དངོས་ཡོད་སྤྱི་ཚོགས་ཀྱི་རྣམ་པ་མི་མཐོང་བ་དང་བརྒྱད། དཔལ་འབྱོར་སྤྱི་ཚོགས་ཀྱི་ལྟ་བ་ཕྲ་བས་ཁེ་ལས་དཔལ་འབྱོར་དང་སྒེར་གཉེར་དཔལ་འབྱོར་གྱི་འཐབ་ར་དང་བཟོ་གྲྭ་མེད་པ་དང་དགུ། རང་རྒྱལ་དུ་མི་རིགས་སློབ་གསོ་དང་བོད་ཀྱི་སྐད་ཡིག་གཙོ་བོ་ཡིན་པའི་སློབ་གྲྭ་ཆེན་མོ་དང་ཆེད་ལས་སྣ་འཛོམས་རང་བཞིན་གྱི་སྡེ་ཁག་མེད་པས་ན་བོད་རིགས་བྱིས་པ་སློབ་སྒོར་ཞུགས་མི་ཐུབ་པ་དང་བཅུ། ས་གནས་ཁྱད་ཆོས་དང་མི་རིགས་ཁྱད་ཆོས་ལྡན་པའི་རིག་གནས་ཐོན་རྫས་སྔོགས་འདོན་བྱེད་མི་ཐུབ་པ་དང་བཅུ་གཅིག ཁ་བ་རི་བའི་གངས་ཅན་གྱི་ལྗོངས་ན་ལྟ་ན་སྡུག་པའི་མཛེས་ལྗོངས་དང་ཤིན་ཏུ་དཀོན་པའི་རི་སྐྱེས་སྲོ་ཆགས་ངོ་མཚར་བ་མཆིས་ནའང་ལྗོངས་རྒྱུའི་ལས་རིགས་ལ་ཤུགས་སྣོན་རྒྱག་མི་ཐུབ་པ་དང་བཅུ་གཉིས་བཅས་དེང་རབས་བོད་ཀྱི་སྤྱི་ཚོགས་ལ་གནས་པའི་འོས་མིན་རྗེས་ལུས་ཀྱི་ཆ་རྣམས་ནི་མི་རིགས་སྐད་ཡིག་གིས་ཐད་ཀར་བོད་ཀྱི་སྤྱི་ཚོགས་ལ་གཞོགས་འདེགས་བྱེད་མ་ཐུབ་པར་ལན་པར་འདོད་ཅིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཇུས་འོག་བོད་མི་རིགས་ལ་མཚོན་ནའང་མི་རིགས་རང་ཉིད་ཀྱི་ཁྱད་ཆོས་ཅན་གྱི་ཐོན་རྫས། ཁྱད་ཆོས་ཅན་གྱི་ཚོང་ར་དང་ཁྱད་ཆོས་ཅན་གྱི་ལྗོངས་རྒྱུའི་ར་བ་སོགས་འཛུགས་སྐྲུན་དང་དར་སྤེལ་བྱེད་དགོས་ལ། ང་ཚོས་ནམ་ཡང་ཁྱད་ཆོས་འདི་དག་དོར་མི་རུང་སྟེ། ཁྱད་ཆོས་མེད་པའི་མི་རིགས་ཤིག་དེང་རབས་དཔལ་འབྱོར་སྤྱི་ཚོགས་ཀྱི་དུས་རིམ་ཁྲོད་ནམ་ཡང་གསོན་དཀའ་ལ་རྒྱལ་མི་སྲིད། དེ་བས་གོང་གི་བོད་ཁུལ་གྱི་སྤྱི་ཚོགས་རྗེས་ལུས་ཡིན་པའི་རྒྱུ་རྐྱེན་འདི་དག་བསྒྱུར་དགོས་ན་ཐོག་མར་མི་རིགས་རང་ཉིད་ཀྱི་སྐད་ཡིག་ལ་བརྟེན་ནས། མགྱོགས་མྱུར་དགོས་ཏང་སྲིད་དགོངས་དོན་མཉམ་ལེན་དང་སྤྱི་ཚོགས་ཚན་རིག་དང་ལེན་བྱས་ཏེ་ནུབ་རྒྱུད་གསར་སྤེལ་ཆེན་མོའི་གོ་སྐབས་དམ་འཛིན་བྱས་ཏེ་རྒྱལ་སྤྱིའི་ཚོང་གཉེར་གྱི་སྒོ་ཐེམ་ལ་འཛེགས་ཨེ་ཐུབ་བལྟ་རྒྱུ་ནི་ང་ཚོ་མི་རབས་ཕྱི་མ་རྣམས་ཀྱི་ཕྲག་ཏུ་བབས་པའི་འོས་འགན་མ་ཡིན་ནམ།།