“ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > ཚ་ཤོས།

སྨན་རྩིས་རིག་གཞུང་གཉིས་ཁ་འབྲལ་ཐབས་མེད་པ་འདི་ནས་ཤེས་ཐུབ།

སྤེལ་དུས 2019-12-05 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་འཕྲིན་སྟེགས་ལས། རྩོམ་པ་པོ།
         ཤེས་རིག་འཛོམས་པའི་རང་རེའི་མེས་པོ་ཚོས་ཆ་ལག་ཚང་བའི་རིག་གནས་ཆེ་ཆུང་མང་པོ་གསར་གཏོད་དང་རིམ་བཞིན་འཐུས་ཚང་དུ་བཏང་ནས་མཐོ་སྒང་ཙམ་མ་ཟད། འཛམ་གླིང་གི་མིའི་རིགས་སྤྱི་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། དེ་དག་གི་ཁྲོད་ནས་སྨན་རྩིས་གཉིས་ནི་ཚན་རིག་དང་མཐུན་ལ་མིའི་རིགས་ཀྱི་འཚོ་གནས་ལ་ཤིན་ཏུ་སྨན་པའི་རིག་གཞུང་གི་གྲས་ཤིག་རེད། དེ་ཡང་སྤྱི་ལོའི་སྔོན་གྱི་ལོ་བརྒྱ་ཕྲག་སྔོན་ནས་ས་མཐོའི་མི་ཚོས་ནད་རིགས་འགོག་བཅོས་བྱེད་པའི་རྒྱུན་ཤེས་ཁ་ཤས་ཤེས་རྟོགས་བྱུང་བ་དང་དུག་ཡོད་ན་སྨན་ཡོད་པ་དང་དུག་ལ་སྦྱོར་བ་བྱས་ན་སྨན་དུ་འགྱུར་བའི་ཆོས་ཉིད་རྟོགས་ཏེ་རང་བྱུང་ཁམས་ནས་ནད་ཀྱི་གཉེན་པོ་ལེན་པའི་ལག་ལེན་ཤེས། རྒྱལ་པོ་གཉའ་ཁྲི་བཙན་པོའི་སྐབས་བོན་ཤེས་པ་ཅན་བཅུ་གཉིས་བྱུང་བའི་ནང་ནས་ཕན་ཤེས་སྨན་དཔྱད་ཅེས་པ་དེ་སྨན་པ་མཁས་པ་ཞིག་ཡིན་པས་བོད་མི་རིགས་ལ་གསོ་རིག་གི་རྨང་གཞི་བཏིང་། ལྷག་དོན་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་བླ་སྨན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་རྒྱ་བལ་དང་བོད་ཁུལ་གྱི་ས་ཆ་མང་པོའི་སྨན་པ་མཁས་པའི་སར་གཏུགས་པ་དང་མི་རིགས་གཞན་གྱི་ལེགས་ཆ་ཡང་བླངས་ནས་མིང་གྲགས་ཀུན་ལ་ཁྱབ་པའི་སྨན་གཞུང《རྒྱུད་བཞི》སོགས་བརྩམས་གནང་བ་མ་ཟད། སྨན་པ་སུམ་བརྒྱ་ལྷག་ཙམ་གསོ་སྐྱོང་གནང་ནས་གསོ་རིག་གི་བསྟན་པ་གོང་དུ་བཏེགས། དེ་རྗེས་དུས་ཀྱི་འཁོར་བགྲོད་དང་བསྟུན་ནས་བོད་ལུགས་གསོ་རིག་ཀྱི་ལག་ལེན་ཐད་བྱང་ཟུར་གཉིས་སུ་གྱེས་ནས་འཕེལ་རྒྱས་ཀྱི་གོམ་སྟབས་ཆེན་པོ་ཞིག་སྤོས། སྤྱི་ལོ་1687ཙམ་ལ་སྨན་རྩིས་མཁས་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྨན་གཞུང་མང་པོ་བརྩམས་པ་དང《རྒྱུད་བཞིའི》འགྲེལ་པ་མཛད་ནས་གསོ་རིག་ཀྱི་བསྟན་པའི་ཉིན་བྱེད་འཛམ་གླིང་ལ་གྲགས་པར་བྱས། མདོར་ན་ལྗོངས་སྨན་རྩིས་ཁང་མ་བཙུགས་བར་སྨན་དཔྱད་མཁས་དབང་སྟོང་ཕྲག་ལོན་པ་ཕེབས་ནས་ཆ་ལག་ཚང་བའི་བོད་ལུགས་གསོ་བ་རིག་པ་དེ་བྱུང་བ་ཡིན།
         བོད་ཀྱི་གནམ་རིག་སྐར་རྩིས་ཐད་ད་ཡོད་ཀྱི་དཔྱད་གཞིའི་ཡིག་ཆ་སྔ་ཤོས་ནི་སྤྱི་ལོའི་སྔོན་དུ་བྱུང་བའི་བོན་ཤེས་པ་ཅན་སྐོར་ཤེས་རྩིས་མཁན་ཞེས་པ་བྱུང་བ་དང་། 《རྒྱལ་རབས་གསལ་བའི་མེ་ལོང》སོགས་ལས་རྒྱལ་པོ་པུ་དེ་གུང་རྒྱལ་གྱི་དུས་སུ་རྒྱའི་རིགས་བཞི་ཟེར་བ་བྱུང་བའི་ནང་ནས་དུར་གཤེན་མཚོན་ཆ་ཅན་ནི་གསོན་གཤིན་གཉིས་ཀྱི་རྩིས་རྒྱག་མཁན་ཡིན་པ་གསལ་ཡོད་ལ། ཡར་ཀླུང་ས་ཁུལ་དུ་རྒན་མོ་བལ་མའི་ཟླ་རྩིས་ཞེས་པ་དར་ནས་ལོ་གཅིག་ལ་ནམ་དུས་བཞིར་དབྱེ་བ་དང་། ནམ་དུས་རེར་ཟླ་བ་གསུམ་རེ་བརྩི་བ། ལོ་གཅིག་གི་ནམ་དུས་དང་པོ་ནི་དཔྱིད་ཀ་ཡིན་པ་དང་དྲོད་རླུང་ལྡང་བ་ནི་དཔྱིད་ཀའི་མཚོན་རྟགས་ཡིན་པ་སོགས་ཞིབ་ཕྲ་ཕྱེ་ཡོད། བཙན་པོ་སྲོང་བཙན་སྒམ་པོའི་སྐབས་སུ་བོད་ཡིག་གསར་གཏོད་བྱས་པ་ནས་བོད་རབ་བྱུང་དང་པོའི་མེ་ཡོས་མ་ཤར་བར་གྱི་ལོ་གྲངས་སུམ་བརྒྱ་དགུ་བཅུ་ལྷག་ཙམ་རིང་བོད་རང་ཉིད་ཀྱི་གནའ་རབས་སྐར་རྩིས་འགའ་ཞིག་དང་ཐང་རྒྱལ་རབས་ཀྱི་སྐབས་སུ་བོད་དུ་དར་བའི་ནག་རྩིས་ཉུང་ཤས་ལས་གནམ་རིག་སྐར་རྩིས་ཀྱི་རིགས་གཞུང་ལེ་ལག་ཚང་པོ་མ་བྱུང་བ་གྲགས། བོད་རབ་བྱུང་དང་པོའི་མེ་ཡོས་ལོར་ཁ་ཆེ་ཟླ་བ་མགོན་པོས་དུས་འཁོར་གྱི་གཞུང་ཆ་ཤས་བོད་དུ་སྒྱུར་བ་དང་། དེ་རྗེས་ཀརྨ་རང་བྱུང་རྡོ་རྗེ་དང་། བུ་སྟོན་རིན་པོ་ཆེ། མཁས་གྲུབ་ནོར་བཟང་རྒྱ་མཚོ་སོགས་ཀྱིས་རྩིས་གཞུང་མང་པོ་བརྩམས་པ་དང་ཕྱིས་སྨིན་གྲོལ་གླིང་དང་། ལྕགས་རི་རིག་བྱེད་འགྲོ་ཕན་གླིང་སོགས་སྨན་རྩིས་སྦྱོང་ས་མང་པོ་ཐོན་ནས་དེང་དུས་ཚན་རིག་གི་འགྲན་ཟླར་འོས་པའི་བོད་ཀྱི་གནམ་རིག་སྐར་རྩིས་དེ་བྱུང་བ་ཡིན། དོན་དམ་དུ་གཉའ་ཁྲི་བཙན་པོའི་གོང་ནས་གནའ་བོའི་བོད་མི་ཚོས་དུས་བཞིའི་དབྱེ་མཚམས་དང་། གཟའ་སྐར་གྱི་འཁོར་བགྲོད། ཉི་ཟླའི་རྒྱུ་ཕྱོགས་སོགས་གསལ་པོ་ཤེས་ཀྱི་ཡོད་པར་གྲགས།
         དེ་ལྟར་བོད་དུ་དར་བའི་བོད་ལུགས་གསོ་རིག་དང་གནམ་རིག་སྐར་རྩིས་ཀྱི་གཞུང་ནི་རིགས་གཞུང་གི་རྒྱབ་རྟེན་བཙན་ལ་ལག་ལེན་གྱི་བརྡར་ཤ་ཆོད་པའི་གཞུང་ལུགས་ཆེན་པོ་གཉིས་ཡིན་ལ་ཁ་འབྲལ་ཐབས་མེད་པའི་རིག་གཞུང་གཉིས་ཀྱང་ཡིན། བོད་ལུགས་གསོ་རིག་སྦྱོང་སྐབས་ངེས་པར་དུ་གཙུག་ལག་རྩིས་ཀྱི་གཞུང་ཡང་མཉམ་དུ་སྦྱོང་དགོས་ཀྱི་ཡོད་པ་རེད། དེའི་རྒྱུ་མཚན་ནི་སྨན་གཞུང་ལས་བསྟན་པར། ནད་པར་ནད་བཅོས་བྱེད་སྐབས་རྒྱུན་རྩ་དང་། ནད་རྩ། དུས་རྩ་བཅས་ཀྱི་དབྱེ་བ་ཡོད་པས་རྒྱུན་རྩའི་འཕར་སྟངས་ཁོང་དུ་ཆུད་པའི་རྨང་གཞིའི་ཐོག་ནད་ཅན་དང་ནད་མེད་ཀྱི་རྩའི་དབྱེ་བ་ཤེས་པ་བྱེད་དགོས་པ་མ་ཟད། ནམ་དུས་མི་འདྲ་བའི་རྩའི་ཆོས་ཉིད་ཀྱང་ཤེས་རྟོགས་གཏིང་ཟབ་བྱེད་དགོས་ཤིང་། དེ་ཡང་སྨན་པས་རྩ་ཆུར་བརྟེན་ནས་ནད་པར་བརྟག་དཔྱད་བྱེད་སྐབས་ནད་སོག་ལྡང་ཞི་གསུམ་གྱི་དུས་མཚམས་ངེས་པར་བྱེད་པ་དང་དུས་སུ་སྤྱོད་པའི་སྤྱོད་ལམ་གྱི་སྐབས་སུ་མི་འགྱུར་བའི་གཟེར་ཤེས་པ་བྱེད་དགོས། དེ་ཤེས་པར་བྱེད་པར་གཙུག་ལག་རྩིས་ལ་བརྟེན་དགོས་ཀྱི་ཡོད། 
         གཙུག་ལག་རྩིས་ལ་མཁས་པ་ཞིག་ཡིན་ནའང་གསོ་རིག་གཞུང་ནས་བསྟན་པའི་ལུས་ཀྱི་ཆགས་ཚུལ་དང་། ལུས་ཀྱི་རྩ་དང་རླུང་ཁྲག་རྒྱུ་བའི་གནས་ལུགས་སོགས་ལེགས་པར་ཤེས་ན། ཕྱི་ནང་གི་འབྱུང་བ་རྣམས་ངོ་བོ་བདག་ཉིད་གཅིག་ཏུ་འབྲེལ་བའི་རྒྱུ་མཚན་གྱིས། རྩིས་གཞུང་ནས་བསྟན་པའི་ཟླ་བ་སོ་སོའི་དབུགས་སྒང་ཁྱིམ་སླེབས་སོགས་དུས་གཟེར་གྱི་གནད་དང་། དུས་བཞིའི་འགྱུར་བ། མི་ལུས་ཀྱི་རྩ་རླུང་གི་རྒྱུ་བ་རྣམས་ཕན་ཚུན་ཇི་ལྟར་འབྲེལ་བའི་ཚུལ་ཁོང་དུ་ཆུད་ཐུབ་ཀྱི་ཡོད། དེ་ལྟར་སྨན་རྩིས་གཉིས་ཁ་བྲལ་ཐབས་མེད་པའི་འབྲེལ་བར་ཤེས་རྟོགས་རྩྭ་རྩེའི་ཟིལ་པ་ཙམ་དེ་བྱུང་རུང་། ཕྱིའི་འབྱུང་བ་དང་མིའི་ལུས་ཕུང་གི་འབྲེལ་བའི་གནས་ལུགས་རོབ་ཙམ་ཤེས་ཐུབ་ལ་བོད་ལུགས་གསོ་རིག་གི་ཁྱབ་ཁོངས་སུ་སྨན་རྩིས་གཉིས་མཉམ་དུ་སྦྱོང་སྲོལ་དར་བའི་དགོས་པའམ་རོབ་ཙམ་ཤེས་ཐུབ་པ་དང་སྦྲགས། སྨན་རྩིས་ཟུང་གི་མཁས་དབང་མང་པོ་ཐོན་པའི་དམིགས་བསལ་གྱི་གནད་ལུགས་དེ་ཡང་རྟོགས་ཐུབ་པ་ཞིག་ཡིན་ལ། སྨན་རྩིས་སློབ་གྲྭ་དང་། སྨན་རྩིས་ཁང་། སྨན་རྩིས་རིགས་གཞུང་ཞེས་པ་སོགས་སྨན་རྩིས་སྦྲགས་ནས་ཤོད་པའི་མིང་ཚིག་དེ་དག་ལའང་ངེས་ཤེས་ཅུང་ཟད་ཡོང་ངེས་རེད་ལགས།
རྩོམ་སྒྲིག་པ།སྣང་རྡོར།