ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

མངལ་གནས་ཕྲུ་གུ་དང་སློབ་ཞུགས་གོང་གི་ན་ཆུང་བྱིས་པའི་སློབ་གསོའི་སྐོར་གྱི་ལྟ་ཚུལ།

སྤེལ་དུས 2017-08-24 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།  རྩོམ་པ་པོ།
          སྙིང་བརྩེ་བའི་དྲིན་ཆེན་ཕ་མའི་སེམས་ཞེས་པ་དེར་གོ་བ་འདི་འདྲ་ལེན་དགོས་སྙམས་ཏེ། རང་ཕྲུག་གི་ཆེད་དུ་ཡོད་ཚད་བློས་གཏོང་ནུས་པའི་བསམ་སྦྱོར་གཉིས་ཀྱི་ལག་ལེན་གྱི་རྔུལ་ཆུ་རྒྱུན་ཆད་མེད་པར་སྟོར་བཞིན་པའི་ཕ་མར་གྱུར་པ་མཐའ་དག་ལ་གོ། དོན་དེའི་ཕྱིར་རང་ཕྲུག་གི་ཆེད་དུ་མེ་ལྕེབས་ཆུ་ལྕེབས་ནུས་པའི་ཕ་མ་དག་གིས་སྐབས་འགར་འོས་འཚམ་མིན་པའི་སློབ་གསོ་བསྟེན་པའམ། ཡང་ན་བྱམས་ཐལ་དྲགས་པའི་རྒྱུ་རྐྱེན། གཞན་ཡང་གསེར་ལས་དཀོན་ཞིང་གསེར་སྟོང་གིས་ཉོ་མི་ཐུབ་པའི་ཞོགས་པའི་ཉི་གཞོན་དང་འདྲ་བའི་དམར་འབྱར་དང་བྱིས་པའི་དུས་འདི་དག་ལ་སློབ་གསོར་མ་བསྟེན་པར་རང་དགར་འཇོག་པ་ལྟ་བུའི་གཤིས་ངན་འདི་དག་རིང་དུ་བསྐྱུར་ཏེ་དོན་ལྡན་གྱི་བརྩེ་ལུགས། ཚན་རིག་དང་མཐུན་པའི་སྐྱོང་ལུགས། འདི་ལྟར་དུ་མཆིས་ཚེ་ཐུང་ལ་རིང་བའི་མ་འོངས་ཀྱི་དུས་ཚོད་ནང་དྲིན་ཆེན་ཕ་མ་གཉིས་ཚེ་མཇུག་བདེ་སྐྱིད་ཀྱི་དཔལ་ལ་རོལ་ཐུབ་པ་སྟེ། གོ་རྟོགས་མཐོ་ལ་ཤེས་འཇོན་ལྡན་པའི་བུ་ཕྲུག་ཞིག་ཡོད་པའི་ཕྱིར། བདེ་སྐྱིད་ཀྱི་མཇུག་འབྲས་འདི་ལྟ་བུ་ནི་མ་བསམ་པའི་ཕ་མ་སུ་ཞིག་ཡོད། དེ་ཡང་གཙོ་བོ་ཕྲུ་གུའི་འཚར་ལོངས་ཐད་དོ་འཁུར་གནང་དགོས་པ་འགག་རྩར་གྱུར་གཤིས། དེའི་ཐད་ང་ཡི་ལྟ་ཚུལ་ཅུང་ཟད་བརྗོད་པ་ལགས།

          ཕ་མ་རང་ངོས་ནས་སྒྱུར་བཅོས་བྱ་རྒྱུར་མཐོང་ཆེན་བྱ་དགོས།
          དེའང་ཐོག་མར་འཆམ་མཐུན་གྱི་ཁོར་ཡུག་བསྐྲུན་དགོས། ཚང་མས་མཁྱེན་གསལ་ལྟར་བཟའ་ཚང་དབར་འཁོན་རྩོད་ཕྲན་བུ་རྒྱུན་ཆད་མེད་པར་ཡོང་བཞིན་ཡོད་པ་དེས་དྭངས་གཙང་གི་ཕྲུ་གུའི་སེམས་ཁམས་ལ་མི་མངོན་ས་ནས་འཁོན་འགྲས་འཁྲུག་རྩོད་ཀྱི་རྒྱུ་ཆའི་རྨ་ཁ་ཞིག་ནམ་ཡང་གཏོད་པ་རེད་ལ། ཕ་མར་བཅངས་པའི་གུས་ཞེན་དང་ཡ་རབས་བརྒྱུད་སྐུལ་སོགས་གང་ཕྱིར་བཅོས་སུ་མེད་པའི་གནོད་ཚབས་ཆེན་པོ་ཞིག་བཞག་པ་རེད། རྒྱུ་མཚན་དེའི་ཕྱིར་ན་ཆུང་བྱིས་པར་འཆམ་ཐུན་གྱི་ཁོར་ཡུག་ཁོ་ན་མིན་པར་ད་དུང་ཕ་མ་རང་ཉིད་ཀྱི་ལྟ་བ་ཁག་ཅིག་ལ་སྒྱུར་བཅོས་གཏོང་དགོས། དཔེར་ན། སྔར་སྲོལ་ཁོ་ན་ལྟར་ཕ་མ་དང་ཕྲུ་གུའི་དབར་གོ་གནས་སམ་དབང་ཆ་ཆེ་ཆུང་དང་ལས་ཀ་གང་བྱས་ཕ་མའིབཀའ་བཀོད་ཁོ་ནར་ཉན་དགོས་པ་སྔར་སྲོལ་ཁོ་ན་ཕྲུ་གུར་བཀབ་ནས་བྱ་ལུགས་འཛིན་པ། ཕྲུ་གུའི་ཡིན་མིན་གྱི་དྲི་བ་མང་པོར་བསུན་སྣང་དང་ཐ་ན་དགག་པ་མཛད་པ། ཕྲུ་གུའི་སེམས་ཁམས་དང་གཤིས་ཀར་བརྩི་སྲུང་མེད་པ་བཅས་ཡིན། དེར་བརྟེན་ཕ་མ་རང་ངོས་ནས་བློ་ཡངས་ཆེན་པོ་དང་མཐོང་རྒྱ་ཆེན་པོས་ཕྱི་ཡུལ་གྱི་བྱ་དངོས་གསར་པ་དག་དུས་ཐོག་ཏུ་ངོས་འཛིན་དང་ཤེས་རྟོགས་ཐུབ་པ་བྱས་ཏེ། སྲོལ་རྒྱུན་གྱི་གོམས་གཤིས་ངན་པ་དང་ཡང་ན་རང་ཉིད་ཀྱི་ལྟ་བ་མཁྲེགས་པོ་དེ་དག་ལ་རྩོལ་བ་ཆེན་པོས་སྒྱུར་བཅོས་མེད་ཚེ། ཕྲུ་གུ་སྐྱོན་བྲལ་འཚར་ལོངས་ཡོང་བར་གེགས་བྱེད་ངེས། དེ་ལས་ལདོག་ཚེ་མཐར་ཕ་བུའི་འདུ་ཤེས་ལ་རིམ་བཞིན་གས་ཆག་ཡོང་བའང་སྨོས་མེད་རེད།

          གང་ལྟར་དུས་བསྟུན་འཕེལ་རྒྱས་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཕན་པའི་མི་རབས་རྗེས་མ་ཚན་རིག་དང་མཐུན་པའི་གསོ་སྐྱོང་ལ་འབད་དེ། ཕ་མའི་འོས་འགན་ལེགས་པར་བསྒྲུབས་ནས་ཕྲུ་གུར་འཚར་ལོངས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་རྒྱུ་གལ་འགངས་ཤིན་ཏུ་ཆེ།

          སྤྱོད་ལམ་བཟང་ཕྱོགས་སུ་སྐྱོང་རྒྱུར་མཐོང་ཆེན་བྱ་དགོས།
          དུས་རབས་ལ་མཁོ་བ་དང་། སྤྱི་ཚོགས་ལ་ཕན་པ། རང་གཞན་གྱི་དོན་རྒྱ་ཆེན་དུ་སྒྲུབ་པའི་འཇོན་ཐང་ཅན་གྱི་མི་སྣ་གསོ་སྐྱོང་བྱ་བར། དང་ཐོག་མའི་རྨང་གཞིའམ་ཆེས་རྩ་བར་གྱུར་པ་ནི་ཕྲུ་གུ་དེའི་ཡ་རབས་སྤྱོད་བཟང་གསོ་སྐྱོང་བྱེད་དགོས་པ་གཏན་འཁེལ་རེད། རྒྱུད་ཀྱི་ས་བོན་ལེགས་པོ་མ་བཏབ་ཚེ་དཔོག་པར་དཀའ་བའི་ཤེས་འཇོན་ཡ་རབས་དང་སྔོན་ཐོན་གྱི་གྲལ་མགོ་སྙེགས་མི་ཐུབ་པའི་རྒྱུར་མཐོང་སྟེ། དེ་ཡིས་རང་གཞན་ཀུན་ལ་ཕན་པའི་བྱ་བ་སྒྲུབ་ཐུབ་མིན་མ་ངེས་པའི་ཕྱིར་དང་། གཞན་ཡང་རྒྱུད་འདི་ཤེས་དཔལ་ལྡན་པ་ཞིག་མ་འཁྱོངས་པའི་དབང་གིས་རྒྱུད་ལ་ཤེས་འཇོན་ཇི་ཙམ་ཡོད་ཀྱང་གཞན་ཕན་སེམས་བསྐྱེད་མེད་ཅིང་རླབས་ཆེ་བའི་དོན་ཆེན་བསྒྲུབ་མི་ཐུབ་པའི་ཕྱིར། འོ་ན་སྤྱོད་ལམ་བཟང་ཕྱོགས་ལ་ཇི་ལྟར་འཇུག་ཅེ་ན། དང་ཐོག ཕ་མ་གཉིས་ནས་རང་ངོས་ཀྱི་ལུས་ཐོག་ནས་མིག་དཔེ་སྟོན་རྒྱུ་གལ་ཆེ་སྟབས། ཕ་མ་གཉིས་འཆམ་མཐུན་དང་། རྒན་བཀུར་གཞོན་གཅེས། སེམས་བཟང་དང་བཟོད་སྒོམ། མི་མཁས་པ་མིག་དཔེར་འཛིན་པ། གྲོན་ཆུང་དང་འཕྲོ་བརླག་མི་གཏོང་བ། འགྲོ་ལུགས་སྡོད་ལུགས་ལྟ་བུ་ནས་གུས་ཞབས་དང་སེམས་ཆུང་ཡ་རབས་ལ་བརྩོན་དགོས།

          རིག་སྟོབས་འཕེལ་བའི་སྦྱོང་བརྡར་ལ་མཐོང་ཆེན་བྱེད་དགོས།
          སྔོན་ལ་ལུང་འདྲེན་ཞིག་བྱ་བའང་རང་རྒྱལ་གྱི་མཁས་པ་ཅུས་དབྱི་ལོ་དང་པོར་ཡིག་འབྲུ་ངོས་འཛིན་ཐུབ་པ་དང་། ལོ་དྲུག་པར་སྙན་ངག་འབྲི་ཐུབ་པ། ལོ་བཅུ་དྲུག་ལ་སྐད་གྲགས་ཆོད་པ། ཕྱི་རྒྱལ་ཨའོ་གླིང་ལ་སྐད་གྲགས་ཆོད་པའི་རིག་པའི་བུ་ཆུང་ཁ་ཨར་ཝ་ཐེ་ལོ་དགུ་ལ་པེ་ཤི་སློབ་ཆེན་དུ་ཚུད་པ་དང་། ལོ་བཅུ་དྲུག་པར་ཕ་ལེན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བའི་འགན་བཞེས་པ། ད་དུང་ལོ་བཞི་ལ་སྐད་རིགས་མི་འདྲ་བ་བཞིའམ་དྲུག་ཤེས་པ་སོགས་ཡིན་དོན་དེ་དག་ལས་འཕྲོས་དོན། ཕྲུ་གུ་མངལ་གནས་སྐབས་སུ་ཁོར་ཡུག་འཇམ་ཐིང་ཐིང་ཞིག་དངསྐབས་འགར་གྲོད་པར་ཚན་རིག་དང་མཐུན་པའི་སྒོ་ནས་འཕུར་འཕུར་གཏོང་བ་དང་ཚན་རིག་དང་མཐུན་པའི་སྒོ་ནས་གླུ་དབྱངས་ཉན་དུ་འཇུག་པ། སྙན་ངག་སྒྲོག་སྦྱངས་བྱེད་པ། ད་དུང་མའི་ལུས་སེམས་བདེ་ཐང་དང་སྤྲོ་སྣང་འཛིན་རྒྱུར་གལ་ཆེན་བརྩི་བ། ཁ་ཟས་བཅུད་ལྡན་བསྟེན་པ་སོགས་མངལ་སྐབས་ཀྱི་བྱ་བ་དང་བཙས་རྗེས་རྒྱུན་དུ་ནས་སློབ་གསོ་བསྟེན་པ་མ་མཐར་ཡང་ལོ་གསུམ་གྱི་རིང་དང་ལོ་ངོ་དྲུག་གི་རིང་ལ་སྐད་ཡིག་གི་སློབ་གསོ་དང་། སེམས་ཁམས་རིག་སྟོབས་འཕེལ་བའི་སློབ་གསོ། སེམས་ཁམས་ཀྱི་ཆོར་ལུའི་རོལ་མྱོང་བྱ་ཐབས། བློ་གྲོས་འཕེལ་ཐབས། རོལ་དབྱངས་ཀྱི་གོམ་སྟོབས་སོགས་ལ་འབད་དགོས་པ་དང་། རང་དབང་དང་ཕན་ཚུན་བརྩི་སྲུང་ཚན་རིག་དང་མཐུན་པ་དགོས་པ་ལས། ཆོས་ཉིད་ལས་འདས་ཚེ་བསམ་རྒྱུ་ནོར་ལས་མེད་ཀྱང་ཡོང་རྒྱུ་གོད་ཆག་ཆེ་མོའི་དཔེ་རུ་འགྱུར་སྲིད། བློ་གྲོས་ཀྱི་སྒོ་འཕར་ཕྱེ་ཆེད་དང་རྒྱང་རིང་གི་ཕུགས་བསམ་ཞིག་འཛུགས་ཆེད། ཕྱོགས་གཞན་ཡུལ་གྲུ་གང་དུའང་འཁྲིད་དེ། དེ་དག་ལ་དངོས་ཤུགས་བརྒྱུད་གསུམ་ལས་སྔོན་ཐོན་གྱི་ལོ་རྒྱུས་ར་སྤྲོད་དང་རླབས་ཆེན་མི་སྣའི་མཛད་རྗེས་ངོ་སྤྲོད་སོགས་བྱས་ཏེ་མ་འོངས་སྤྱི་ཚོགས་ལ་ཕན་པའི་མི་སྣ་ཕུལ་བྱུང་ཞིག་ཏུ་འགྱུར་བའི་རྔུལ་ཆུ་ད་ལྟ་ནས་འཐོར་དགོས་པ་ཐེ་ཚོམ་མེད།

          གཞན་ཡང་། གོང་དུ་བརྗོད་པ་ལྟར་རིག་གནས་སློབ་སྦྱོང་སྐོར་དང་ཕུགས་བསམ་བརྗིད་ཆེ་བ་གསོ་སྐྱོང་སྐོར་བརྗོད་པས་བསྐྱར་དུ་བརྗོད་མི་དགོས་སོ། བློ་གྲོས་འཕེལ་བའི་ཆེད་དུ་ད་དུང་ནུས་པ་གཞན་དག་གསོ་སྐྱོང་བྱེད་དགོས་ཏེ། དཔེར་ན། ཕྲུ་གུ་མངལ་གནས་སྐབས་དང་བཙས་ནས་ལོ་གསུམ་མམ་ལོ་དྲུག་ནང་དུ་འཛམ་གླིང་དུ་སྐད་གྲགས་ཆོད་པའི་གླུ་གཞས་ཉན་དུ་འཇུག་པ་དང་། འཛམ་གླིང་དུ་སྐད་གྲགས་ཡོད་པའི་རི་མོ་དག་འདྲེན་བྱེད་ཀྱི་ཡུལ་དུ་མཐོང་དུ་འཇུག་པ་དང་། ཆུང་དུས་ནས་སྐད་གྲགས་ཡོད་པ་དང་བློ་སྒོ་འཕེལ་བའི་སྙན་ངག་གྱེར་འདོན་བྱེད་དུ་འཇུག་དགོས། དྭངས་གཙང་ཡིད་ངོར་དྲན་ཤིང་བརྟན་པོ་འདི་ཡིས་བསུབ་ཏུ་བྲལ་བའི་རྡོ་རིང་ཞིག་ཏུ་འགྱུར་ངེས་ཤིང་། ལོ་ན་ཆེ་བའི་དུས་ལ་སླེབས་ཚེ་ད་གཟོད་རིག་གནས་ལ་ལྟ་རྒྱ་དགོས་པའི་གལ་ཆེའི་གནད་རྟོགས་པ་དང་རིག་གནས་ལ་སྦྱོང་འདོད་ལྷག་པར་སྐྱེས། མིའི་རིགས་ལ་ཕན་པའི་མི་སྣ་འཇོན་ཐང་ཅན་ཞིག་ཆགས་པའི་རྒྱུ་རུ་འགྲོ་བར་ཐེ་ཚོམ་མིན་འདུག ད་དུང་སྐད་རིགས་མི་འདྲ་བ་དག་ཆུང་དུས་ནས་བསླབ་ཐུབ་ཚེ། དཀའ་བ་མེད་པའི་འབྲས་བུ་ཆེན་པོ་ཡོང་སྲིད། དཔེར་བརྗོད་ན། ང་ཚོའི་ཕྲུ་གུར་བོད་སྐད་དངོས་སུ་སློབ་མི་དགོས་པར་ལོ་ངོ་གསུམ་ལ་སླེབས་དུས་བོད་སྐད་ཤེས་པ་དང་ཕྱི་རྒྱལ་བ་ལྟ་བུ་ལ་མཚོན་ན་ལོ་ངོ་གསུམ་ལ་སླེབས་ཚེ་ཁོ་རང་ཚོའི་སྐད་རིགས་གང་ཡིན་པ་ཤེས་ཐུབ་པ་སོགས་ལས་ང་ཚོས་ལོ་ངོ་གསུམ་སྔོན་ལ་སྐད་རིགས་གང་ཡིན་སློབ་ཐུབ་ན་དགེ་མཚན་ཆེ་བར་འོང་ཐུབ།

          མདོར་ན། ཕྲུ་གུའི་སློབ་གསོ་འདི་ནི་ཁྱིམ་ཚང་སློབ་གསོའི་དོར་མེད་འགན་འཁྲི་ཞིག་ཏུ་གྱུར་གཤིས། ཕ་མ་གཉིས་ནས་སེམས་འཁུར་ཆེ་མདོག་གིས་ཁ་ནས་ཤོད་ཀྱང་བྱ་ས་པས་ཕན་འབྲས་ཆེན་པོ་ཐོན་དཀའ་ཞིང་། འགག་གནད་ཅིག་ནི་ཕ་མ་གཉིས་ནས་སྙིགས་དོར་བཅུད་ལེན་གྱིས་ཡོངས་སུ་སྒྱུར་བཅོས་གཏོང་རྒྱུ་གལ་ཆེ་བ་ཡིན་པ་ཡིད་འཇགས་སུ་དགོས་རྒྱུ་རེད། དེ་ལྟར་དུ་བྱུང་ཚེ་དཔེ་སྟོན་སློབ་གསོའི་ནུས་པ་ལས་ཕྲུ་གུར་ངམ་ངམ་ཤུགས་ཤུགས་ཀྱིས་གོམས་གཤིས་བཟང་པོ་གཏན་དུ་འཇགས་ངེས་ཡིན། དོན་དུ་ཕྲུ་གུའི་སྐྱོན་ཆ་ཚང་མ་གོམས་གཤིས་ངན་པ་ལས་བྱུང་བ་དང་དགེ་མཚན་ནི་གོམས་གཤིས་བཟང་པོ་དེ་དག་ལས་བྱུང་བ་ཡིན། སློབ་སྦྱོང་སྦྱངས་འབྲས་ཞན་པ་ཡང་སློབ་སྦྱོང་བྱེད་པའི་གོམས་གཤིས་མེད་པ་ལས་བྱུང་བ་ཀུན་ཤེས་ལགས། ཕ་མས་ཕྲུ་གུར་སློབ་གསོ་གཏོང་བར་སྔོན་ལ་སློབ་གསོའི་ནང་དོན་དེ་དེ་བཞིན་དུ་ཕ་མ་རང་ཉིད་ཀྱི་ལུས་ངག་ཡིད་གསུམ་གྱི་ཐོག་ནས་མིག་དཔེ་འདོན་ཐུབ་པའི་ལག་ལེན་དགོས་པ་ལས། ཕྲུ་གུར་གང་བཤད་བཤད་ཚང་མ་རང་ཉིད་ཀྱིས་རྒྱབ་འགལ་དུ་སྒྲུབ་ན་ནམ་ཡང་གྲུབ་འབྲས་ལེགས་པ་མི་ཐོབ་པ་ཆོས་ཉིད་ཡིན་པ་གཏན་ཚིགས་ཀྱི་ཐོག་ནས་སྒྲུབ་པ་རེད། སློབ་གསོ་གཏོང་བའི་བརྒྱུད་རིམ་ནང་། དང་ཐོག་ཕ་མ་རང་ཉིད་ལ་རང་ཉིད་ཀྱིས་སློབ་གསོ་བརྒྱབ་སྟེ་ཅུང་ཟད་གོ་རྟོགས་སྐྱེས་པ་དང་རང་རྒྱུད་ལ་ལེགས་པར་སྦྱོར་ཐུབ་ཚེ། གཞི་ནས་ཕྲུ་གུར་སློབ་གསོ་ཐེབས་སླ་བ་ཡིན་ཞིང་། གཞན་ཡང་རིག་གཞུང་མང་དག་ཅིག་ལ་ངོས་འཛིན་བྱེད་པའི་བརྒྱུད་རིམ་ནང་རང་ཉིད་ལ་སྔར་མ་འཕྲད་པའི་ཤེས་བྱ་མང་པོ་ཐོབ་པ་ཕ་མ་རང་ཉིད་སེམས་ཆུང་སྒོས་སློབ་སྦྱོང་བྱས་ནས་ཕྲུ་གུའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཅན་དག་ལ་ཟུར་བྲིས་བྱས་ཏེ་ཉམས་མྱོང་དེ་བས་མང་བ་གསོག་འཇོག་གིས་ཕྲུ་གུ་སྐྱོང་བའི་ལམ་ལ་ཞུགས་ཚེ། མེས་རྒྱལ་དང་མི་རིཌ་ལ་ཕན་ཐོགས་པའི་འཇོན་ཐང་ཅན་གྱི་མི་སྣ་ཞིག་གསོ་སྐྱོང་ཐུབ་ངེས་ཡིན།།