སྲིད་པ་ཆགས་པའི་གཞི་མ། །མི་རྒྱུད་གྲོལ་བའི་རུ་མ།
མི་རྒྱུད་ལྷ་ནས་ཆད་། །ཆུ་རྒྱུད་གངས་ལ་ཐུག །
རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་། །ཆོས་ཁྲིམས་དར་གྱི་མདུད་པ། །
ལྷ་ལུང་དཔལ་རྡོར་རི་ལ་སོང་ཡང་། །རྟ་ཕོའི་ཞབས་རྗེས་ཐང་ལ་ལུས། །
བཀའ་རྡོ་རྗེ་གཅོད་པ་དང༌། །གསུང་སྤུ་གྲི་ངར་མ། །
གནམ་ལ་ཉི་ཟླ་ཟུང་གཅིག །ས་ལ་བཙན་པོ་དབོན་ཞང་། །
བླ་མ་མི་འགྱུར་ཨོ་རྒྱན་པདྨ། །ཡོན་བདག་མི་འགྱུར་ཁྲི་སྲོང་ལྡེ་བཙན། །
ཕྱི་པ་ནང་པ་སྐྱབས་འགྲོས་འབྱེད། །ཡ་རབས་མ་རབས་སྤྱོད་པས་ཤེས། །
ཤཱཀྱ་ཐུབ་པའི་མདུན་དུ། །ཤ་རིའི་བུ་ཡིས་སྒམ་སྒམ། །
ཡུལ་ཕྱོགས་གང་ཡིན་སྐད་ཀྱིས་ཤེས། །ལུང་པ་གང་ཡིན་རྒྱན་གྱི་ཤེས། །
རྒན་མོ་གསེར་འཁུར་གྱི་ལམ་མ་གཏོགས། །རྟ་པ་མདུང་འཁྱེར་གྱི་ལམ་མ་རེད། །
ཚེས་བཅུ་རེ་ལ་ར་རེ་བསད། །ཟངས་མདོག་དཔལ་རི་ར་རོས་བརྒྱངས། །
ལྷ་ལ་རྣམ་པར་རྒྱལ་པའི་ཁང་བཟང་ཡོད་ན། །འདྲེ་ལ་ཨ་སུ་ར་ཡི་བྲག་ཕུག་ཡོད། །
སིལ་སྙན་ནམ་མཁར་འཕྱར་མ་དགོས་པར། །དྲིལ་བུ་སྤར་འོག་ནས་འཁྲོལ་བ། །
བྱ་རོ་རོ་ན་མདུང་གི་རྩེ་རང་ནིག །ཡོས་རོ་རོ་ན་ལྷམ་གྱི་གོང་ར་ནིག །
རྗེ་བདེན་གྱིས་ནི་དཀོལ་དུ་དགའ། །སྒ་བདེན་གྱིས་ནི་བསྟད་ན་དགའ། །
ཚོགས་གདན་འོག་ནས་སྒྲིལ་དང་མཇུག་ནས་སྒྲིལ། །ཚོགས་ཆང་མེད་ན་ཚོགས་འཁོར་ཇི་ལྟར་སྐོར། །
ཤཱཀྱ་ཐུབ་པས་བཀག་ཀྱང་མི་ཁོགས་པ་དང་། །འཇམ་དཔལ་དབྱངས་ཀྱིས་བཙལ་ཀྱང་མི་རྙེད་པ། །
རང་ཐག་རང་གིས་ཆོད་པ། །རྒྱལ་རྩེ་པ་སངས་བུ་ཁྲིད། །
ས་སྐྱ་གོང་མ་ལྔ་ནི་སློབ་དཔོན་དངོས། །དེང་དུས་ས་པཎ་ཁྱོད་ལ་ང་མི་འཇིགས། །
ཤཱཀྱ་ཐུབ་པ་ཕེབས་དུས་མགོ་སྒུར་མ་དགོས་པ། །གླང་ཆེན་སྨྱོན་པ་ཡོང་དུས་ལམ་གཟུར་མ་དགོས་པ། །
ས་ལེ་སྦྲམ་ནི་བསྲེགས་བཅད་ཀྱང་། །དེ་ཡི་ཁ་དོག་ཉམས་མི་སྲིད། །
ལྷ་སའི་རྒད་པོས་ལྷ་སའི་ཇོ་བོ་མ་མཇལ། །
སངས་རྒྱས་ཕེབས་དུས་བྲམ་ཟེ་རྒས། །བར་མི་འབྱོར་དུས་གཏམ་ཐག་ཆོད། །
སེང་གེ་གངས་ལ་བསྡད་ན་སེང་གེ་དང་། །སེང་གེ་ཀླུང་ལ་བབས་ན་ཁྱི་རྒན་འདྲ། །
སོག་པོ་ལ་ཡོད་པ་རྔ་མོང་། །རྔ་མོང་ལ་ཡོད་པ་ཤ་རྡོག །
སོག་པོའི་ལས་ལ་བསོད་ནམས་ཆོས་འཕེལ་མཁས། །
ཧོར་ལ་རྒྱག་པ་མ་མཐོང་། །ཐུད་ནང་ཟ་བ་མཐོང་། །
ཧོར་བྱང་ཐང་ལ་རྟ་རྒྱུགས་པར། །ཨ་ཙ་ར་བྲག་ཁུང་ནས་གད་མོ་ཤོར། །
ལྷ་ཁང་རྙིང་པ་ལ། །གནས་བཤད་གསར་པ། །
ལྷ་སྐམ་ཡོལ་སྡེ་ཀྱིས་གཉའ་ཁྲི་ལ། །འོ་སྐོལ་གཉིས་ཀྱང་མེའུ་ཉེ། །
དེ་ལྟ་བུའི་ལོ་རྒྱུས་མཚོན་པའི་གཏམ་དཔེ་འདི་ནི་བོད་ཀྱི་ལོ་རྒྱུས་ཐོག་ཐོག་སྲིད་པ་ཆགས་ལུགས་དང་མི་བུ་བྱུང་ལུགས། དེ་བཞིན་ལུགས་གཉིས་བྱ་བ་སྒྲུབ་ལུགས་སོགས་དུས་སྐབས་རེའི་ལོ་རྒྱུས་མཚོན་པའི་གཏམ་དཔེ་འདི་དག་ད་ལྟའི་བར་དུ་བོད་མི་རིགས་ཀྱི་སྐད་ཆའི་སྒྱུ་རྩལ་ཞིག་ཏུ་གྱུར་ནས་ཆུ་གཙང་བོའི་རྒྱུན་བཞིན་གནས་མུས་ཡིན་ནོ། །