སྤེན་ཚེ་གཞོན་པ།
དྲིན་ཕ་མའི་ཞལ་གྱི་སྒོ་མོ་དང་། །
མང་དཔེ་དེབ་བརྙན་འཕྲིན་དྲ་རྒྱ་ལས། །
སྔར་སྤྱི་ཚོགས་རྙིང་པའི་ཡ་ང་བའི། །
མིག་མཆི་མ་འཆོར་བའི་འཚོ་བ་རྟོགས། །
ཁོ་མི་ཆེན་དཔོན་པོ་སྐུ་དྲག་ཚོས། །
ཟས་ཞིམ་པོ་དཀར་གསུམ་མངར་གསུམ་སྤྱོད། །
ལུས་གོས་ཆེན་པགས་ཚག་གང་བཟང་གྱོན། །
གཡུ་བྱུ་རུ་རིན་ཆེན་ལུས་ལ་བརྒྱན། །
འགྲོ་རྐང་པར་མི་བརྟེན་རྟ་ཕོར་བཞོན། །
ལས་མི་ལས་བག་མེད་འཚོ་བར་དགའ། །
རང་མངའ་འོག་འཁོར་འབངས་བྲན་དུ་བཀོལ། །
ནོར་ལོངས་སྤྱོད་ཀླུ་རྒྱལ་མཛོད་ལ་འགྲན། །
ངེད་མི་ཆེན་དཔོན་པོའི་གཡོག་པོ་ཞེས། །
ལུས་མི་ལ་དུད་འགྲོའི་རྩིས་མཐོང་ཙམ། །
ལུས་མི་དྲོད་གྱོན་པ་ཧྲལ་ཧྲུལ་གཡོགས། །
ཟས་མི་རྒྱགས་གྲོད་ཁོག་ལྟོགས་པ་མང་། །
ལས་དཀའ་སྤྱད་འབྲས་བུར་སྤྱོད་དབང་མེད། །
བཟོད་དཀའ་བའི་འཁྱཌ་ལྟོཌ་སྡུག་བསྔལ་དང་། །
བསྲན་དཀའ་བའི་གཅར་རྡུང་དྲག་པོ་ཡིས། །
ཤི་དམྱལ་བའི་སྡུག་བསྔལ་ཚད་མེད་མྱངས། །
ཁོ་མི་ལྤགས་གྱོན་པའི་སྤྱང་ཀི་དངོས། །
ཞེ་སེམས་ལ་སྙིང་རྗེའི་གཡའ་ཙམ་མེད། །
ཆེས་གདུག་རྩུབ་ཀླ་ཀློའི་སྤྱོད་པ་ཡིས། །
འབངས་མི་སེར་སྡུག་བསྔལ་རྒྱ་མཚོར་བསྐྱུར། །
སྔོན་བྲན་གཡོག་བྱེད་མྱོང་མི་རྒན་དང་། །
སྔོན་ལོ་རྒྱུས་མཐོང་དང་ཐོས་མྱོང་བའི། །
མི་སུ་དང་གང་གིས་དེ་གླེང་སྐབས། །
མིག་མཆི་མས་བྲན་པ་ཉུང་ཉུང་མིན། །
རླབས་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་། །
འོད་ཆེ་བའི་ནམ་མཁའི་ནོར་བུའི་དཔེ། །
སྡུག་མུན་པ་ཕ་མཐར་བསྐྲད་གནང་ནས། །
སྐྱིད་འཚོ་བའི་འོད་སྣང་ཕྱོགས་བཞིར་སྩོལ། །
ཡུལ་བསིལ་ལྗོངས་ཞིང་བྲན་ཁྲི་ཚོ་བརྒྱར། །
སྐྱིད་ཡར་ལངས་བཅིངས་འགྲོལ་ཐོབ་པས་ན། །
ནོར་ས་ཞིང་བགོ་བཤའ་བསྐྱར་དུ་བརྒྱབ། །
བོད་མི་དམངས་སྐྱིད་པའི་ཉི་མའི་ཤར། །
བོད་མི་དམངས་སྡུག་བསྔལ་མེ་འོབས་ནས། །
བསྐྱབས་གནང་མཁན་རླབས་ཆེན་གུང་ཁྲན་ཏང་། །
ངེད་རྣམས་ལ་མི་ལུས་གཉིས་པ་གནང་། །
ཁོང་བཀའ་དྲིན་སུ་ཡིས་གཞལ་བར་ནུས། །
དུས་དེང་སང་མ་སྐྱིད་དེང་སང་སྐྱིད། །
ཞིང་འབྲོག་པའི་བུ་ཕྲུག་དེ་བས་སྐྱིད། །
གསུམ་འགན་ལེན་སྲིད་ཇུས་བཟང་པོ་ཡིས། །
གཞོན་སློབ་མའི་འཚོ་བ་སྐྱིད་ལྷང་ལྷང་། །
དགོས་ཤེས་བྱར་སྦྱངས་བརྩོན་ལྷོད་མེད་ཀྱིས། །
ཁོང་བཤེས་གཉེན་གསུང་གི་ཉིང་བཅུད་དག །
མངར་སྦྲང་རྩིར་ཆགས་པའི་བུང་བ་ལྟར། །
གནས་རིག་པའི་བཅུད་ཀྱིས་ཚིམ་འདི་སྐྱིད། །
དུས་དེང་སང་མ་སྐྱིད་དེང་སང་སྐྱིད། །
ཞིང་འབྲོག་པའི་མི་དམངས་བདེ་ཞིང་སྐྱིད། །
ཕན་ཞིང་འབྲོག་ཁ་གསབ་ཇུས་གཞི་ཡིས། །
ཞིང་འབྲོག་པའི་འཚོ་བ་ཇེ་སྐྱིད་རེད། །
ལུས་ན་ཚ་ལྕི་མོས་མནར་ན་ཡང་། །
ཞིང་འབྲོག་པར་མཉམ་ལས་སྨན་བཅོས་ཡོད། །
ཕྱུགས་སྤུ་ནག་གློ་བུར་འཆི་ན་ཡང་། །
བཟང་འགན་བཅོལ་དངུལ་གྱི་སྐྱོར་མ་ཡོད། །
དུས་དེང་སང་མ་སྐྱིད་དེང་སང་སྐྱིད། །
ཞིང་འབྲོག་པའི་མི་དམངས་འཚོ་བ་སྐྱིད། །
ཟས་དཀར་གསུམ་མངར་གསུམ་གང་ཞིམ་སྤྱོད། །
གོས་གང་དྲོ་གང་འཇམ་ཅི་འདོད་གྱོན། །
དུས་དེང་སང་མ་སྐྱིད་དེང་སང་སྐྱིད། །
ཞིང་འབྲོག་པའི་བཀྲ་ཤིས་ཁང་གསར་སྐྱིད། །
སྒོ་སྒེའུ་ཁུང་སྒོ་ཡོལ་ཤམ་བུས་བརྒྱན། །
ནང་སྤུས་ལེགས་ཁྱིམ་ཆས་སྣ་ཚོགས་བསྒྲིགས། །
དུས་དེང་སང་མ་སྐྱིད་དེང་སང་སྐྱིད། །
བོད་མི་དམངས་ལུས་བདེ་སེམས་སྐྱིད་རེད། །
རྒན་བགྲེས་སོང་ཚེ་ཐག་ཇེ་རིང་རེད། །
གཞོན་ལོ་ཆུང་བློ་རིག་ཇེ་བཀྲ་རེད། །
རླབས་ཆེ་བའི་ཀྲུང་གོ་གུང་ཁྲན་ཏང་། །
འོད་ཆེ་བའི་ཁྲི་གདུགས་ཉི་མའི་དཔེ། །
ངེད་བོད་འབངས་མེ་ཏོག་པདྨ་ཡི། །
བློ་སེམས་པ་ཁྱེད་ལ་ཕྱོགས་ནས་ཡོད། །
དུས་དེང་སང་མ་སྐྱིད་དེང་སང་སྐྱིད། །
དུས་དེང་སང་བོད་མིའི་འཚོ་བ་སྐྱིད། །
ངག་སྙན་མོས་ཏང་ལ་བསྟོད་གླུ་ཕུལ། །
མཛེས་རྡོག་སྒྲ་སྒྲིག་པའི་ཞབས་བྲོ་འཁྲབ། །
རྩོམ་སྒྲིག་པ། སྣང་རྡོར།