ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

བོད་ཀྱི་གཏམ་དཔེའི་སློབ་གསོའི་རིན་ཐང་སྐོར།

སྤེལ་དུས 2019-05-09 ཡོང་ཁུངས། བོད་ལྗོངས་རིག་གནས་དྲ་བ། རྩོམ་པ་པོ། རྡོ་རྗེ་སྐྱིད།
         གཏམ་དཔེ་ནི་དམངས་ཁྲོད་ངག་རྩོམ་ལས་བརྗོད་བྱ་དང་རྗོད་ཚིག་གང་གི་ཆ་ནས་ཀྱང་ཁྱད་ ཆོས་འབུར་དུ་ཐོན་པ་ཞིག་ཡིན་ལ། ཕྱི་གླིང་གི་མཁས་པ་མང་པོ་ཞིག་གིས“གཏམ་དཔེ་ནི་ཁྲོམ་སྲང་གི་ཤེས་བྱ་ཡིན”ཞེས་ གསུངས་ཡོད་པ་ལྟར།  བོད་རིགས་ངལ་རྩོལ་མི་དམངས་ཀྱིས་དུས་ཡུན་རིང་པོར་ཕྱི་སྣོད་ཀྱི་འཇིག་རྟེན་དང་ ནང་བཅུད་ཀྱི་སེམས་ཅན་ལས་སྣང་ཚུལ་མང་པོ་ཞིག་ལ་བརྟགས་པ་ལས་ཐོན་པའི་ངལ་རྩོལ་ དང་ཀུན་སྤྱོད།  འཚོ་བ་དང་ལས་འབྲས་སོགས་ཀྱི་ཉམས་མྱོང་ཚད་མཐོན་པོའི་སྒོ་ནས་ཕྱོགས་སྡོམ་བྱས་ པའི་ཤེས་བྱ་དང་སྐད་ཆའི་སྒྱུ་རྩལ་ཞིག་ཀྱང་ཡིན།  དེ་ནི་གཞུང་གཞན་ལྟར་ཆེད་དུ་དུས་ཚོད་བཀོལ་ཏེ་སློབ་སྦྱོང་བྱེད་མི་དགོས་པར་ཡི་ གེ་འབྲུ་འདེད་ཙམ་མི་ཤེས་པའི་རྒད་པོ་ཚོས་ཀྱང“གཏམ་ཡག་དགོས་ན་དཔེ་ཤོད། མོ་ཡག་དགོས་ན་རྒྱན་ཐོགས”ཞེས་པའི་དཔེ་ལྟར་ངག་སྒྲོས་སུ་རྒྱུན་འབྱམས་ལ་སོང་ཡོད།
       དང་པོ། ཕྱི་རབས་པ་གསོ་སྐྱོང་གི་སློབ་གསོའི་རིན་ཐང་།
       དམངས་ ཁྲོད་རྩོམ་རིག་ནི་བོད་རིགས་ངལ་རྩོལ་མི་དམངས་ཀྱིས་དུས་ཡུན་རིང་བའི་འཚོ་བའི་ ཉམས་མྱོང་ཕུན་སུམ་ཚོགས་པའི་རྨང་གཞིའི་སྟེང་ཐོན་པ་ཡིན་པས་ཉམས་མྱོང་གི་ བསྡོམས་ཚིག་རེད་ཅེས་བཤད་ཆོག  ངལ་རྩོལ་མི་དམངས་ཀྱིས་གཏམ་དཔེ་གསར་གཏོད་བྱེད་པའི་དམིགས་ཡུལ་ཡང་མཐར་གཏུགས་ ནས་སོང་ན། རྒྱ་ཆེ་བའི་མང་ཚོགས་ཀྱིས་རང་དང་ཕྱི་རབས་པར་སློབ་གསོ་ཐོབ་ཆེད་རེད།   དེའི་ཕྱིར་གཏམ་དཔེ་ནི་བོད་རིགས་ངལ་རྩོལ་མི་དམངས་ཀྱི་ངག་ཐོག་གི་ཉམས་མྱོང་ གཅིག་ཏུ་འདུས་པའི་བསླབ་དེབ་ཅིག་ཡིན་ཏེ། དཔེར་ན། “ཁ་ངན་པ་རྒོད་ལ་ཤོར་ན། ལུས་ངན་པ་ཁྲིམས་ལ་སྦྱོར”ཞེས་པ་ལྟ་བུ་ཇོ་བོ་རྗེས་གསུངས་པ་བཞིན“ཁ་ནི་ཉེས་པ་ཀུན་གྱི་སྒོ་མོ་སྟེ། དེ་ལ་སྒོ་ཟྭ་བརྒྱབ་ན་ཅི་མ་རུང”ཞེས་ པས་ཁ་ནས་དོན་ཡོད་མེད་ཀྱི་གཏམ་དང་མནོ་བསམ་སྔོན་དུ་མ་སོང་བའི་སྐད་ཆ་བཤད་མི་ ཉན་ལ་མཇུག་འབྲས་ངན་པ་རང་གིས་དངོས་སུ་མྱོང་དགོས་ཚུལ་བསྟན་ཡོད། “ཁྱིམ་གཅིག་ན་བུ་སྤུན་མང་བ་དེ། ། དགྲ་ནག་པོ་འདུལ་བའི་ཐོ་བ་ཡིན། ། ཁྱིམ་གཅིག་ན་དབང་ཆེན་མང་བ་དེ། །ཁྱིམ་བཟའ་ཚང་འཐོར་བའི་སྔ་ལྟས་ཡིན། །”ཞེས་ པའི་གཏམ་དཔེ་འདི་ལས་སྤྱིར་ཁྱིམ་གཅིག་ན་བུ་སྤུན་མང་བ་དེ་ཕྱིའི་དགྲ་བོ་འདུལ་ བའི་ཐོ་བ་ལྟ་བུ་ཞིག་ཡིན་པས་ལེགས་པོ་ཞིག་ཡིན་པར་བསྟན་པ་དང་།འོན་ཀྱང་ཁྱིམ་ཚང་ གཅིག་གི་ནང་དུ་མི་ཁ་ཆེན་དབང་ཆེན་མང་ན་ཁ་མི་འཆམ་པར་བཟའ་ཚང་འཐོར་བའི་རྒྱུ་རུ་ འགྱུར་སྲིད་པས་དབང་མགོ་མང་པོ་ཡོད་མི་ཉན་པ་བསྟན་ཡོད། “ང་རྒྱལ་གྱི་སྒང་བུ་ལ། ཡོན་ཏན་གྱི་ཆུ་མི་ཆགས།” གཏམ་ དཔེ་འདིའི་ནང་དུ་ཤེས་བྱ་རིག་གནས་སྦྱང་མཁན་ལ་སློབ་གསོ་བཏང་ཡོད་དེ་རིག་གནས་ ཡང་དག་ཅིག་ཤེས་དགོས་ན་ཐོག་མར་ང་རྒྱལ་འདོར་དགོས་ཚུལ་བསྟན་ཡོད། “ཆུ་བརྒྱ་རྒྱ་མཚོར་འདུས་ན་ཉི་མས་མི་སྐེམ། བུ་བརྒྱའི་བློ་ཁ་མཐུན་ན་ཕྱི་དགྲས་མི་ཚུགས”ཞེས་པ་ལས་བྱ་བ་ཆེ་ཆུང་གང་ཞིག་སྒྲུབ་ཀྱང་མཐུན་སྒྲིལ་མེད་ན་མི་འགྲུབ་པར་ཆིག་དྲིལ་གྱི་བསམ་བློ་ཡོད་དགོས་པར་སྐུལ་མ་བཏང་ཡོད། “མཁས་པ་ཅན་ལ་ལན་ཐེབས་ཀྱང་། ཨུ་ཚུགས་ཅན་ལ་ལན་མི་ཐེབས།” འདིའི་ནང་ལྟ་བུར་མཚོན་ན་གནས་ལུགས་མི་ཤེས་མཁན་ལ་གོ་བརྡ་འཁྲོལ་དཀའ་བ་བཤད་ཡོད། དེ་མིན་གཞན་ཡང་། “ལྗོན་ཤིང་གསོ་བར་ལོ་བཅུ་དང་། མི་བཟང་གསོ་བར་ལོ་བརྒྱ”ལྟ་ བུ་མི་སྐྱོང་བ་དེ་ལས་སླ་མོ་ཞིག་མིན་ཚུལ་བསྟན་ཡོད་།  དེ་ལྟར་བོད་ཀྱི་དམངས་ཁྲོད་གཏམ་དཔེ་ནི་གྲངས་མང་བརྗོད་བྱ་ཟབ་པའི་བོད་རིགས་ངལ་ རྩོལ་མི་དམངས་ཀྱིས་སྤྱད་ན་མཛད་མཐའ་མེད་པའི་ནོར་བུ་ཞིག་ཡིན་ཞེས་བརྗོད་པ་རེད། ཡང་དཔེར་ན། “བརྩོན་འགྲུས་དྲག་པོ་མ་བསྐྱེད་ན། ཡོན་ཏན་ལེགས་པོ་ག་ནས་འབྱུང་།” “བསླབས་པའི་དཔེ་ཆ་བློ་ལ་ཟུངས།བསྟན་པའི་བློ་རིག་དོན་ལ་བཀོལ”སོགས་ཧ་ཅང་མང་པོ་ཡོད། ཕ་མས་བུ་ཕྲུག་ལ་ཁ་ཏ་སློབ་གསོ་གཏོང་དུས། དཔེར་ན། “བློ་གྲོས་ཕ་དང་མ་ལ་དྲིས། འདུན་མ་ཉེས་ཀྱང་འགྱོད་རྒྱུ་མེད།”“ཁ་མིག་ཡར་ལྟ་གྱིས། སྐུད་པ་ཡར་འཁེལ་གྱིས”སོགས་ལས་མིར་བླང་དོར་གྱི་གནས་མ་ནོར་བར་བསྟན་ཏེ་ཡ་རབས་ཚུལ་ལྡན་གྱི་འཚོ་སྟངས་ཤེས་སུ་བཅུག་ཡོད།
       གཉིས་པ། མི་ཆོས་བསམ་བློའི་སློབ་གསོའི་རིན་ཐང་།
       བོད་ ཀྱི་གཏམ་དཔེའི་རྗོད་བྱེད་ཀྱི་ཚིག་སྙན་ཞིང་བརྗོད་བྱ་དོན་གྱི་ཆ་ནས་རོང་འབྲོག་ ངལ་རྩོལ་མི་དམངས་ཀྱིས་ལོ་མང་པོའི་འཚོ་བ་དངོས་ཀྱི་ལག་ལེན་ཁྲོད་ཕྱོགས་སྡོམ་ བྱས་པའི་མི་ཆོས་སྐོར་གྱི་ཉམས་མྱོང་བསླབ་བྱ་ཡིན་ལ།  དེ་དག་ནི་རྗེས་རབས་པར་སློབ་གསོ་ཐེབས་ནུས་པའི་རྨད་དུ་བྱུང་བའི་ངག་ཐོག་རྩོམ་ རིག་ཅིག་རེད། “ཕོ་ཆེ་བའི་མི་ལ་བརྒྱག་རྒྱུ་མེད། སེམས་ཆུང་བའི་མི་ལ་སྐྱིད་རྒྱུ་མེད།”“སྡེ་དོན་བཤད་ན་ཁོག་པ་ཡངས་དགོས། རྒོད་པོ་འཁྲིད་ན་མཐུར་མདའ་རིང་དགོས།”
       “སྤོ་ཐུང་ཐུང་གིས་མི་རྫོད། ལ་ཐུང་ཐུང་གིས་རྟ་རྫོད”ཅེས་ པ་ལྟ་བུ་ལས་མི་དང་མིའི་བར་བྱ་བ་ཆེ་ཆུང་གང་ཞིག་སྒྲུབ་ཀྱང་ཁོག་ཡངས་བྱ་རྒྱུ་ ནི་གལ་ཆེན་པོ་དང་ལྷག་པར་མི་མང་པོའི་མགོ་བའམ་སྣེ་འཁྲིད་མཁན་ཞིག་ལ་མཚོན་ན་ ངེས་པར་བློ་ཁོག་ཡངས་པོ་ཞིག་དགོས་པ་བསྟན། “མ་ཤེས་པ་ལ་སློབ་དགོས། མ་རིག་པ་ལ་སྟོན་དགོས།”“ཆུང་དུས་སློབ་གཉེར་མ་བྱས་ན། ཆེ་དུས་ངུས་དང་མ་ངུས་མེད།”“བརྩོན་འགྲུས་དྲག་པོ་མ་བསྐྱེད་ན། ཡོན་ཏན་ལེགས་པོ་གང་ནས་འབྱུང”ཞེས་སློབ་གཉེར་གལ་ཆེན་པོ་ཡིན་ཚུལ་དང་། “གྲོགས་བཟང་བསྟེན་ན་ཡོན་ཏན་ཤུགས་ཀྱིས་འཕེལ། གྲོགས་ངན་བསྟེན་ན་སྤྱོད་ངན་ཤུགས་ཀྱིས་འགོས།”“ཆོས་པར་འགྲོགས་ན་ཆོས་བྱེད། རྐུན་མར་འགྲོགས་ན་རྐུ་བྱེད།”“ངན་པར་འགྲོགས་ན་ལྟས་ངན་གྱི་རྟགས་སྟོན། བཟང་པོར་འགྲོགས་ན་དོན་ཆེན་གྱི་མཐའ་རྙེད།”“མི་ངན་ལ་མ་ལྟ། གཏམ་ངན་ལ་མ་ཉན”ཞེས་པ་ལྟ་བུའི་གྲོགས་བཟང་པོར་འགྲོགས་ཤེས་ན་འདི་ཕྱི་གཉིས་ཀྱི་གཏན་བདེ་ཡིན་པར་བསྟན་པ་དང་། “རང་འདོད་ཧམ་པ་གཡོ་སྒྱུ་གསུམ། འཕྲལ་ལམ་སོང་ཡང་ཕུག་མི་དག”ལྟ་ བུར་མཚོན་ན་རང་ཁོ་ན་བསམས་ནས་གཞན་ལ་མནོ་བསམ་མེད་པའི་ཧམ་པ་ཅན་དང་དུས་རྒྱུན་ དུ་རྫུན་སོགས་གཡོ་སྒྱུ་ཁོ་ནས་མི་མགོ་སྐོར་མཁན་དག་གནས་སྐབས་གཞན་གྱིས་མ་ཤེས་ ཀྱང་དུས་ནམ་ཞིག་གི་ཚེ་མངོན་འགྱུར་ཡོང་བས་དེའི་ཕྱོགས་ལ་གཟབ་ནན་དགོས་ཚུལ་ བསྟན། “མི་གང་ཡིན་གྱི་གཏམ་ལ་མ་ཉན། རྟ་གང་མཐོང་གི་འཕོངས་ལ་མ་ཞོན”ཞེས་ མ་ཤེས་རྨོངས་ཚོད་ཀྱི་སྒོ་ནས་རང་ལ་ཆ་རྒྱུས་མེད་པའི་མི་གང་ཡིན་གྱི་སྐད་ཆར་ཉན་ མི་རུང་བ་དང་གལ་ཏེ་ཉན་པའི་མཇུག་འབྲས་རང་གཞན་གཉིས་ཀ་ཕུང་བར་འགྱུར་འགྲོ་བ་ བསྟན་ཡོད།  དེ་བས་མི་ཆོས་སྐོར་གྱི་གཏམ་དཔེ་ནི་བགྲང་ལས་འདས་པ་ཞིག་ཡོད་པས་ཡོད་ཚད་གླེང་བ་ ངལ་བའི་རྒྱུ་ལས་མི་འདུག་པས་དཔེ་མཚོན་ཙམ་བཀོད་པ་ཡིན།
       གསུམ་པ། ལས་རིགས་ཉམས་མྱོང་གི་སློབ་གསོའི་རིན་ཐང་།
       1.ཚོང་ལས། དཔལ་འབྱོར་གཉེར་སྟངས་སྐོར་ཀྱི་ཉམས་མྱོང་དེ་ཕྱི་རབས་པར་ཤེས་སུ་འཇུག་ཆེད་དེའི་སྐོར་ཀྱི་གཏམ་དཔེ་ནི་དཔེར་ན། “ཚོང་འགྲིག་སར་རྒྱག གྲོས་འགྲིག་སར་གཅོད།”ཅེས་ པ་ལྟ་བུ་སྟེ།  ཚོང་ལས་དཔལ་འབྱོར་གཉེར་ན་ཚོང་རའི་གནས་ཚུལ་རྒྱུས་ལོན་ནས་གཉེར་དགོས་པ་ལས་རང་ འདོད་འོལ་ཚོད་བྱས་ན་གྱོང་རེག་པ་བསྟན་འདུག་པ་དང་།
       “ཚོང་ཁེ་ཕ་མགོ་ཡིན་རུང་རྒྱོབས། རང་སྐལ་རུས་པ་ཡིན་རུང་ཐོགས”ཞེས་ པས་མི་གཞན་ཕར་ཞོག་རང་གི་ཕ་ཡིན་ཡང་ཁེ་སྤོགས་ལེན་ཐུབ་ན་ལེན་དགོས་ཞེས་ཚོང་ རྒྱག་ས་ན་ཁ་ངོ་མེད་པ་དང་གལ་ཏེ་གྱོང་ཁུར་ཡང་འཁང་ར་བྱེད་རྒྱུ་མེད་པའི་སྐོར་ བསྟན་པ་ལྟ་བུ་མང་ངོ་། །
       2.ཞིང་ལས། དཔེར་ན། “ཆུ་མེད་ན་ལྗང་པ་གསོན་མི་ཐུབ། ལུད་མེད་ན་ལྗང་པ་འཕེལ་མི་ཐུབ”ཅེས་དང་། “སྟོན་འབྲུ་རི་ལྟར་སྤུང་འདོད་ན། དགུན་ལུད་རི་ལྟར་གསོག་དགོས”ཞེས་དང་། ཡང“ཞིང་འདེབས་ན་གཤོལ་དགོས། ནས་འཕར་ན་ཁེམ་དགོས”ལྟ་བུ་ཞིང་ལས་ཡོ་བྱད་དང་། ཞིང་པའི་འཚོ་རྟེན་གཙོ་བོ་ཡིན་པར་བསྟན་པ་ནི་དཔེར་ན། “མི་ཁ་གསོ་བར་འབྲུ་དགོས། ཕྱུགས་ཟོག་འཚོ་བར་རྩྭ་དགོས”ཞེས་དང་། སོ་ནམ་ཀྱི་དུས“དྲོད་གཤེར་འཛོམ་དུས་ས་བོན་ཐོབ།”
       “དཔྱིད་ཀྱི་ལུད་ལ་དྲི་ངན་མེད། སྟོན་ཁའི་ནས་ལ་དྲི་བཟང་མེད”སོགས་ལྟ་བུའོ།།
       3.ཕྱུགས་ལས། ཕྱུགས་ལས་སྐོར་གྱི་ཉམས་མྱོང་ལས་ཐོན་པའི་གཏམ་དཔེ་བགྲང་ལས་འདས་པ་ལས་དཔེ་མཚོན་ཙམ་བཀོད་ན། “ཕྱུགས་མང་ན་འབྱོར་བའི་རྒྱུ། མི་མང་ན་སྟོབས་ཀྱི་རྒྱུ”ཞེས་དང་། “ནོར་ལུག་བཟང་དང་མི་བཟང་། བདག་པོའི་སྔ་ལངས་ཕྱི་ཉལ།”“དཔྱིད་ལུག་ནད་པ་རེད། ལུག་རྫི་སྨན་པ་རེད།” དེ་མིན“ལུག་ཁྲིད་ན་མི་འགྲོ། ཁྱི་དེད་ན་མི་འགྲོ།” “མི་ནས་ཀྱིས་གསོ། ཕྱུགས་སྲན་གྱིས་གསོ།”སོགས་ ཕྱུགས་ལས་དང་འབྲེལ་བའི་གཏམ་དཔེ་མང་ངོ་།  །འདིར་བསྟན་ཞིང་ཕྱུགས་ཚོང་ལས་བཅས་གང་ཡིན་ཡང་བོད་ཀྱི་སྲོལ་རྒྱུན་གྱི་འཚོ་ རྟེན་དང་དཔལ་འབྱོར་སྒྲུབ་པའི་ལས་རིགས་ཆེན་པོ་གསུམ་དང་འབྲེལ་བའི་གཏམ་དཔེའི་ སྐོར་ཡིན་ལ།  དེ་རེ་རེའི་ནང་དུ་ཡ་རབས་མི་ཆོས་བཟང་པོའི་བསམ་པ་གཞིར་བཞག་གིས་འཇིག་རྟེན་གྱི་ འཚོ་ཐབས་བདེ་ཐབས་ཀྱི་རིགས་ལམ་གསལ་བོ་ཞིག་དང་། ལམ་དེར་ཇི་ལྟར་འཇུག་ཚུལ་དང་།  མཉམ་འཇོག་སའི་གནད་གང་ཡིན་པ།  གང་དང་གང་ལ་འཛེམས་འཛི་དང་སྤང་བླང་དགོས་པ་སོགས་སློབ་གསོའི་ནང་དོན་ཆ་ཚང་ལ་ གནད་འདུས་པ་མང་པོ་ཞིག་བསྟན་ཡོད་པ་རེད།།
       རྩོམ་པ་པོ་ནི་མཚོ་སྔོན་བོད་ཀྱི་གསོ་རིག་རིག་གནས་རྟེན་མཛོད་གླིང་གི་ཡིན།