ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

ལོ་རྒྱུས་ཀྱི་ལས་འགན་ཕྲག་ཏུ་བླངས་ཏེ་མ་འོངས་པའི་རེ་བ་མཐོན་པོར་བཏེགས།

—རྨ་ལྷོ་ཁུལ་གྱི་སློབ་གསོའི་ལས་དོན་འཕེལ་རྒྱས་ཀྱི་གནས་བབ་ཟུར་ཙམ་བཀོད་པ།

སྤེལ་དུས 2019-09-06 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།

སློབ་གསེང་ལུས་སྦྱོང་བྱེད་བཞིན་པ། 
      མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་ངོ་བདུན་ཅུ་འགོར་པར་བསུ་མ་དང་རྟེན་འབྲེལ་ཞུ་ཆེད། ས་གནས་སོ་སོས་གཡུར་དུ་ཟ་བའི་གྲུབ་འབྲས་ལ་བརྟེན་ནས་དགའ་སྟོན་བྱ་འགུལ་སྣ་ཚོགས་སྤེལ་བཞིན་པའི་སྐབས་འདི་དང་བསྟུན་ནས། ངེད་གསར་འགོད་ཚོགས་པས་དམིགས་པའི་གཏད་སོ་རྨ་ལྷོ་ཁུལ་ལ་ཕྱོགས་ཤིང་། རྨ་ལྷོ་ཁུལ་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་རྡོ་ལྷ་ཐར་དང་རྨ་ལྷོ་ཁུལ་གྱི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་ཝང་ཀང་། དེ་མིན་རྨ་ལྷོ་ཁུལ་གྱི་སློབ་གྲྭ་རིམ་པ་ནས་འཚར་ལོངས་བྱུང་ཞིང་ད་ལྟ་ལས་རྐང་སོ་སོ་ན་རྨ་ལྷོ་ཁུལ་གྱི་སློབ་གསོའི་ལས་དོན་ལ་རང་གི་ནུས་པ་འདོན་བཞིན་པའི་མི་སྣ་གང་མང་ལ་ཉེ་བར་བཅར་ནས། རྨ་ལྷོ་ཁུལ་གྱི་སློབ་གསོའི་ལས་དོན་གྱི་འཕེལ་རྒྱས་གནས་ཚུལ་ལ་སྤྱི་ཡོངས་ནས་རྒྱུས་ལོན་བྱས་པ་དང་། ནང་སྒོས་སུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་གྱི་གྲུབ་འབྲས་དང་གནས་ཚུལ་ལ་རྒྱུས་ལོན་བྱས་པ་ཡིན།
      ཅུས་ཀྲང་གཞོན་པ་རྡོ་ལྷ་ཐར་གྱིས་བཤད་རྒྱུར“ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་། ཁུལ་སློབ་གསོ་སྡེ་ཁག་གིས་ཀུན་སྤྱོད་ལེགས་པོས་མི་གཞི་འཛུགས་པའི་དམིགས་ཡུལ་ལ་ཁ་གཏད་ནས། བསམ་བློ་དང་ཆབ་སྲིད་ལ་ཤུགས་སྣོན་པ་དང་ལེགས་བཅོས་གཏོང་བ་བྱ་བའི་ནང་དོན་གལ་ཆེན་ཞིག་ཏུ་བཞག་སྟེ། “ཏང་འཛུགས+ཡི་བྱ་འགུལ་དང་ཏང་རྩ་འཛུགས་ཚད་ལྡན་ཅན་དུ་བསྒྱུར་བ་སོགས་ཆེད་སྤེལ་གྱིས། ད་ལྟ་ཁུལ་ཡོངས་ཀྱི་སློབ་གསོ་སྡེ་ཁག་གི་ཏང་རྩ་འཛུགས་འཛུགས་སྐྲུན་བྱས་ཚད97%ལ་སླེབས་ཡོད”ཟེར། དེ་བཞིན་དུ་སློབ་གྲྭས་ཀྱང་སོ་སོའི་དམིགས་དགོས་ལ་བསྟུན་ནས། “སློབ་མགོའི་སློབ་ཐུན་དང་པོ་དང་གཟའ་ཟླ་བར་དར་ཆ་སྒྲེང་བ་སོགས་ཀྱི་བྱ་འགུལ་སྤེལ་ནས། དགེ་སློབ་རྣམས་ལ་ཡང་དག་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་འཛུགས་པར་སྐུལ་བ་དང་། རྐང་འཛིན་དགེ་རྒན་ཏང་ཡོན་དུ་སྐྱེད་སྲིང་དང་། ཏང་ཡོན་དགེ་རྒན་རྐང་འཛིན་པར་སྐྱེད་སྲིང་བྱས་ནས། དགེ་རྒན་གྱི་གདོང་མཆོངས་དང་དཔེ་སྟོན་ནུས་པ་འདོན་སྤེལ་གང་ལེགས་བྱས།”རྨ་ལྷོ་ཁུལ་མི་རིགས་སློབ་འབྲིང་གི་དགེ་རྒན་ཝང་ཀང་གིས་དེ་ལྟར་ཁོ་ཚོའི་སློབ་གྲྭས་བསམ་བློ་དང་ཆབ་སྲིད་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་ཚུལ་གླེང་བར་བྱེད། རྒྱུས་ལོན་པ་ལྟར་ན། རྨ་ལྷོ་ཁུལ་གྱིས་ཏང་འཛུགས་ཀྱི་བྱ་བ་སྣ་མང་སྤེལ་བ་ལ་བརྟེན་ནས། སློབ་གྲྭའི་ཏང་ཀྲི་པུའུ་ཡི་བཙན་རྫོང་གི་བྱེད་ནུས་ཇེ་དྲག་ཏུ་བཏང་ཞིང་། ཏང་གི་འཛུགས་སྐྲུན་དང་ཏང་ཡོན་དགེ་རྒན་གྱིས་སློབ་གསོའི་ལས་དོན་ལ་ཐེབས་པའི་ཡར་སྐུལ་ནུས་པ་འདོན་སྤེལ་བྱས་ནས། སློབ་གསོའི་རྒྱུ་སྤུས་གོང་ནས་གོང་དུ་འཕེལ་བར་སྣེ་ཁྲིད་བྱས།

སློབ་ཁྲིད་ལ་གཟབ་ནན་ངང་ཉན་བཞིན་པ། 
      སྣེ་ཁྲིད་ཀྱི་ལས་ཀ་སྔོན་ལ་སོང་ན། སློབ་གསོའི་ལས་དོན་ལ་སྣ་སྒོ་ཀུན་ནས་མགོ་ཡག་པོ་ཞིག་ཁྲིད་པ་དང་འདྲ། རྨ་ལྷོ་ཁུལ་ལ་མཚོན་ན་ཡང་བོད་ཁུལ་གྱི་ས་ཆ་གཞན་དག་དང་འདྲ་བར་དེང་རབས་ཀྱི་སློབ་གསོ་སྤེལ་བའི་ལམ་དུ། བྱིས་པ་ལོ་ཆུང་གི་སློབ་བྱོལ་གནད་དོན་ནི་ནམ་ཡང་གདོང་གཏད་དགོས་པའི་རྙོག་འཛིང་གི་གནད་དོན་ཞིག་ཏུ་ལྷག་ཡོད། ཡིན་ནའང་། “འོས་འགན་སློབ་གསོའི་ལམ་ནས་བྱིས་པ་གཅིག་ཀྱང་བསྐྱུར་མི་རུང་བ་དང་། ཉིན་གཅིག་ཀྱང་འགོར་འགྱངས་བྱེད་མི་རུང་བའི”བླང་བྱ་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་ནས་བཟུང་། རྨ་ལྷོ་ཁུལ་གྱི་སློབ་བྱོལ་ཚོད་འཛིན་གྱི་བྱ་བར་གྲུབ་འབྲས་ངེས་ཅན་ཞིག་ཐོབ་ཡོད་དེ། ཁུལ་ཡོངས་ཀྱི་ལོ་བདུན་ནས་ལོ་བཅོ་ལྔའི་བར་གྱི་རང་ཞིང་གི་སློབ་མའི་ཐོ་ཁོངས་སུ་ཚུད་མེད་པའི་སློབ་བྱོལ་བྱིས་པ3901ལ་ཞིབ་བཤེར་བྱས་པ་ལས། སློབ་མ3815ཉུང་འཕྲི་བྱས་ཤིང་། རང་ཞིང་གི་སློབ་མའི་ཐོ་ཁོངས་སུ་ཡོད་པའི་སློབ་བྱོལ་བྱིས་པ847ལས་སློབ་མ808ལ་ཞིབ་བཤེར་ཉུང་འཕྲི་བྱས། ཁུལ་ཡོངས་ཀྱི་རྒྱུ་རྐྱེན་མ་ངེས་པའི་སློབ་བྱོལ་བྱིས་པ2238ལས་སློབ་མ2005ཙམ་ཕྱིར་སློབ་གྲྭར་ཚུད་ཐུབ་པར་གྱུར། སློབ་བྱོལ་གྱི་གནད་དོན་ལེགས་པར་ཐག་གཅོད་ཆེད། རྨ་ལྷོ་ཁུལ་ཏང་ཨུ་དང་སྲིད་གཞུང་གིས་ཀྱང་མགོ་ཁྲིད་གཙོ་བོས་དངོས་སུ་སྣེ་ཁྲིད་པའི་བྱེད་ཐབས་ནུས་ལྡན་བཏོན་ནས། ཉིན་རེར་ཆོག་མཆན་རེ་དང་སྐུལ་ལྕག་རེ་དང་བརྡ་སྦྱོར་རེའི་ལམ་ལུགས་གཏན་ལ་ཕབ་སྟེ། ཕྱོགས་ཡོངས་ནས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་། དེ་མིན་འབྲེལ་ཡོད་སྡེ་ཁག་དག་ལ་རིམ་པ་རེ་རེར་འགན་རེ་བཞག་པ་དང་། འགན་དེ་ཡང་མི་ངེས་གཏན་དང་དུས་ཚོད་ངེས་གཏན། བྱེད་ཐབས་ངེས་གཏན་གྱི་བླང་བྱ་ནན་མོས་བཙིར་ནས། རྩིང་རགས་ཕྱོགས་ལྷུང་གི་རྣམ་པར་འཕོ་བ་གཏན་འགོག་བྱས།
      “སློབ་གསོའི་ལས་དོན་ནི་དུས་སྐབས་ཤིག་དང་སློབ་གྲྭ་ཞིག ཡང་ན་དགེ་རྒན་འགའ་ཞིག་གི་གནད་དོན་མིན་པར། ལོ་རྒྱུས་དང་རྒྱལ་ཡོངས། ས་གནས། སྤྱི་ཚོགས་དང་མི་སྒེར་སོགས་ཕྱོགས་གང་ཐད་ལ་འབྲེལ་བའི་ལས་དོན་ཤིན་ཏུ་རྙོག་འཛིང་ཆེ་བ་ཞིག་རེད། དེ་བས་ལས་དོན་འདི་ལ་གོང་རྒྱལ་ཁབ་ནས་འོག་ཁྱིམ་ཚང་བར་ཚང་མས་དོ་སྣང་བྱེད་བཞིན་ཡོད།”རྨ་ལྷོ་ཁུལ་གྱི་སློབ་གྲྭ་རིམ་པ་ནས་མཐར་ཕྱིན་ཅིང་། ད་ལྟ་རྨ་ལྷོ་ཁུལ་ཐོག་ན་ལས་གཉེར་ལས་སྐྲུན་ལ་འབད་བཞིན་པའི་ཚེ་དབང་གིས་དེ་ལྟར་བརྗོད། འབྲེལ་ཡོད་རྒྱུ་ཆ་ལྟར་ན། 2017ལོ་ནས་རྨ་ལྷོ་ཁུལ་གྱིས་སློབ་གསོའི་བཀོད་སྒྲིག་འོས་འཚམ་དང་སློབ་གསོའི་ཐོན་ཁུངས་ཆུད་མི་འཛའ་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་སྒྲུབ་ཆ་རྐྱེན་དོ་མི་མཉམ་པ་སོགས་ལ་དམིགས་ཐོག སློབ་གསོ་ལེགས་བསྒྱུར་གྱི་བཀོད་སྒྲིག་རྨ་ལྷོའི་དངོས་ཡོད་དང་སྔར་ལས་འཚམ་པ་དང་མང་ཚོགས་ཀྱི་སློབ་གསོའི་དགོས་མཁོ་སྔར་ལས་ལེགས་པར་བསྐང་ཆེད། ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དང་སློབ་སྒྲུབ་ས་ཚིགས་བསྡོམས་པས179ཡོད་པ113ལ་སྡུད་མགོ་བརྩམས་ཤིང་། རྒྱལ་ཁབ་ཀྱི“ལྗོངས་གསུམ་ཁུལ་གསུམ”དབུལ་ཐར་འགག་སྒྲོལ་སྲིད་ཇུས་ཀྱི་གོ་སྐབས་དམ་འཛིན་གྱིས། སྔ་ཕྱིར་མ་དངུལ་སྒོར་དུང་ཕྱུར2.5བརྩོན་ལེན་དང་། ས་གནས་རང་གིས་མ་དངུལ་སྒོར་དུང་ཕྱུར1.67གཏོང་བའི་འཆར་གཞི་ཡང་བཟོས་པ་སོགས། ལོ་གསུམ་གྱི་འཆར་གཞི་འདི་ལག་བསྟར་ལས་གཞི110དང་སྤྱིའི་མ་དངུལ་སྒོར་དུང་ཕྱུར10.35གཏོང་དགོས་པ། སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི18.78ཡོད་པར་བཤད། འཆར་འགོད་འདིས་ཁུལ་ཡོངས་ཀྱི་གཞི་ཁྱོན་ཅན་གྱི་སློབ་སྒྲུབ་དང་སློབ་སྒྲུབ་ཆ་རྐྱེན་མཐོར་འདེགས། སློབ་གསོའི་ཐོན་ཁུངས་འོས་འཚམ་གྱིས་བཀོད་སྒྲིག་བཅས་ལ་ནུས་པ་གལ་ཆེན་ཐོན་ངེས་པས། སློབ་གསོའི་འདྲ་མཉམ་དང་སློབ་ཁྲིད་ཀྱི་རྒྱུ་སྤུས་ཇེ་ལེགས་སུ་གཏོང་བར་དགེ་མཚན་ཆེན་པོ་ཐོན་ངེས་ཚུལ་ཅུས་ཀྲང་གཞོན་པ་རྡོ་ལྷ་ཐར་གྱིས་བརྗོད་བྱུང་། རྨ་ལྷོ་ཁུལ་གྱིས་སློབ་གྲྭ་ཆུང་འབྲིང་གི་སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས་བཏང་བས། སློབ་སྒྲུབ་ཕན་འབྲས་ཀྱང་མཐོར་འདེགས་ཆེན་པོ་བྱུང་ཡོད། སྡོམ་རྩིས་བྱས་པ་ལྟར་ན། རྨ་ལྷོ་ཁུལ་གྱིས་མ་དངུལ་སྒོར་ཁྲི62294བཏང་སྟེ་སློབ་གསོའི་ལས་གཞི་རིགས་སྣ་ཚོགས128ལག་བསྟར་བྱས། ཁུལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་མལ་ཁང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ892817ལ་སླེབས་ཡོད་ཅིང་། སློབ་མ་རེར་སྨི་གྲུ་བཞི་མ15.3རེ་ཐེམས། སློབ་མ་རེར་རྩལ་སྦྱོང་ར་བའི་རྒྱ་ཁྱོན་སྨི་གྲུ་བཞི་མ3.76རེ་ཐེམས།

དཔེ་ཀློག་སྐྱོར་སྦྱོང་བྱེད་བཞིན་པ། 
      དེ་དང་དེ་བཞིན་དུ། རྨ་ལྷོ་ཁུལ་གྱིས་མ་དངུལ་གྱི་རོགས་སྐྱོར་ནང་འདྲེན་བྱས་ནས། ལོ་གཉིས་རིང་ལ་སྒོར་དུང་ཕྱུར1ཙམ་བཏང་ནས་རྨ་ལྷོ་ཁུལ་གྱི་འབྲིང་རིམ་ལས་རིགས་སློབ་གྲྭའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཤིང་། འབྲེལ་ལམ་སྣ་ཚོགས་བརྒྱུད་ནས་མཚོ་སྔོན་དང་ཐེན་ཅིན་གྱི་སློབ་གྲྭའི“ལག་རྡང་གཅིག་ཏུ་སྦྲེལ”བའི་ཁྱད་ཆོས་ལྡན་པའི་རོགས་སྐྱོར་བྱ་འགུལ་སྤེལ། “བརྒྱ་ཕྲག་གསུམ”གྱི་འཆར་གཞི་རྩ་འཛུགས་ལག་བསྟར་བྱས་ཏེ་དགེ་སློབ2187ཐེན་ཅིན་ལ་བརྗེ་རེས་སུ་མངགས་པར་མ་ཟད། ཐེན་ཅིན་གྱི་མི་རིགས་འཛིན་གྲྭ་དང་། ནོར་སྲིད་དང་རླངས་འཁོར་ཞིག་གསོའི་ལས་རིགས་འཛིན་གྲྭ་བསྒྲུབས་ཏེ། སྔ་ཕྱིར་རྨ་ལྷོའི་སློབ་མ555བསྡུས་པ་དང་། “དགེ་རྒན་གྲགས་ཅན་རྨ་ལྷོར་ཕེབས་པའི”བྱ་འགུལ་སྤེལ་ནས་ཁུལ་ཡོངས་ཀྱི་དགེ་རྒན1967སློབ་ཁྲིད་བརྗེ་རེས་བྱ་འགུལ་དུ་ཞུགས། ཁུལ་ནོར་སྲིད་ཀྱིས་ལོ་རེར་སྒོར་ཁྲི67.5ལས་འཁྱུར་ངལ་གསོ་བྱས་པའི་དགེ་རྒན་ཉམས་མྱོང་ཅན་སླར་འདྲེན་བྱེད་པར་སྤྱད་ཅིང་། སྔོན་གྱི་དམངས་སྒྲུབ་དང་ཚབ་ཁྲིད་དགེ་རྒན་རྒན་པ་རྣམས་ལ་སྒོར་ཁྲི168ཙམ་གྱི་རྒན་གསོ་ཁ་གསབ་སྦྱིན། དེའི་ཁར་དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་བྱེད་ཆེད། 2018ལོར་རྨ་ལྷོ་ཁུལ་སྲིད་གཞུང་གིས་དགེ་རྒན་གྱི་སྒྲིག་ཁོངས་ལས་གནས48དང་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་དང་པོར་སྒྲིག་ཁོངས་ལས་གནས10ཁ་གསབ་བྱས་པས། ཁུལ་ཡོངས་ཀྱི་དགེ་རྒན་གྱི་སྒྲིག་ཁོངས་ལས་གནས3176ལ་བུད་ཡོད། “ཕྱིར་སྐྱེལ་བ་དང་ནང་དུ་འདྲེན་པའི”བྱེད་ཐབས་བརྒྱུད། ལོ་རེར་དགེ་རྒན1500ལྷག་ཟབ་སྦྱོང་སྣ་ཚོགས་སུ་ཞུགས་ཀྱིན་ཡོད་ལ། 2018ལོར་ཨའོ་མོན་ཐེབས་རྩ་ཚོགས་པ་དང་ཀྲུང་གོའི་སུང་ཆིན་ལིང་ཐེབས་རྩ་ཚོགས་པའི་རྒྱབ་སྐྱོར་དང་རོགས་སྐྱོར་བརྩོན་ལེན་བྱས་ཏེ། དགེ་རྒན400ལྷག་ཞུགས་པའི“སློབ་སྔོན་སློབ་གསོའི་སྤྱི་ཕན་ལས་གཞིའི”ཟབ་སྦྱོང་འཛིན་གྲྭ་བསྡུས། དགེ་རྒན་ཝང་ཀང་གིས“དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས། སློབ་གསོའི་ལས་དོན་ལ་རྩེ་གཅིག་ཏུ་གཞོལ་བར་རོགས་འདེགས་བྱས་པ་དང་། སློབ་གསོའི་ནང་གི་སྐྱེ་སྟོབས་ཇེ་དྲག་ཏུ་བཏང་ན་རྨ་ལྷོ་ཁུལ་གྱི་སློབ་གསོའི་རྒྱུ་སྤུས་མཐོར་འདེགས་གཏོང་བར་དགེ་མཚན་ཆེ”ཞེས་བརྗོད།
       དུས་རབས་གསར་པའི་འཕེལ་རྒྱས་ཀྱི་གནས་སྟངས་ལ་གཞིགས་ནས། ལོ་འདི་འགར་རྨ་ལྷོ་ཁུལ་གྱིས་ལས་རིགས་སློབ་གསོའི་ཕྱོགས་ལ་ནུས་ཤུགས་གང་ཡོད་བཏོན་པས། ལས་རིགས་སློབ་གསོར་འཕེལ་རྒྱས་གསར་པ་བྱུང་ཡོད། རྨ་ལྷོ་ཁུལ་ལས་རིགས་ལག་རྩལ་སློབ་གྲྭའི་དགེ་རྒན་སྙིང་དཀར་རྒྱལ་གྱིས“ད་ལྟ་ལས་རིགས་སློབ་གྲྭས་བོད་སྨན་དང་ཐང་ག་སོགས་རང་ས་གནས་ཀྱི་རིག་གནས་རྐང་དུ་བྱས་པའི་ཆེད་ལས་རྒྱུན་སྐྱོང་བཞིན་ཡོད་པར་མ་ཟད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་གློག་རྡུལ་ཚོང་དོན། བདེ་སྲུང་སོགས་ཀྱི་ཆེད་ལས་གསར་པ11བཀོད་སྒྲིག་བྱས་ཡོད། མ་དངུལ་སྒོར་དུང་ཕྱུར3.6བཏང་ནས་སློབ་ཁུལ་གསར་པའང་འཛུགས་བཞིན་ཡོད་ལ། ཕལ་ཆེར་ལོ་གཉིས་ཀྱི་ནང་ལ་སློབ་ཁུལ་གསར་པར་གནས་སྤོར་ཐུབ”ཟེར། རྨ་ལྷོ་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་ལས་རིགས་སློབ་གསོའི་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་དོན་འཁྱོལ་བྱས་ནས། ཐབས་བརྒྱ་ཇུས་སྟོང་གིས་ཞིང་ཆེན་གཞན་དང་སློབ་གླིང་གཞན་ལ་མཉམ་འབྲེལ་གྱིས་ལག་རྩལ་གསོ་སྦྱོང་དང་ལས་ཞུགས་ལས་སྐྲུན་གྱི་གོ་སྐབས་མང་དུ་བསྐྲུན་ནས། ལས་རིགས་སློབ་གསོའི་འཕེལ་རྒྱས་ལ་སྟོབས་ཤུགས་བསྣན།
       ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ནས་བཟུང་། རྨ་ལྷོ་ཁུལ་གྱིས་ལོ15རིང་གི་རིན་མེད་སློབ་གསོའི་སྲིད་ཇུས་ལ་ཤུགས་བརྒྱབ་སྟེ། 2017ལོར་སློབ་སྔོན་གྱི་ལོ་གསུམ་དང་ལོ་དགུའི་འོས་འགན་སློབ་གསོ། ལོ་གསུམ་གྱི་མཐོ་འབྲིང་རིམ་པ་བཅས་ལ་རིན་མེད་སློབ་གསོ་དོན་འཁྱོལ་བྱས་པར་མ་ཟད། ཞག་སྡོད་འཚོ་བའི་ཁ་གསབ་དང་འཚོ་བཅུད་ཁ་གསབ། ཡུལ་གཞན་དུ་འཛིན་གྲྭ་སྒྲུབ་པ་སོགས་ལ་འགན་སྲུང་གི་མ་དངུལ་སྒོར་ཁྲི13776.3བཏང་བ་དང་སློབ་མ་ཁྲི5.5ལ་ཕན་ཁེ་ཐོབ། དུས་མཚུངས་སུ་ཁུལ་རིམ་པ་ནས་སྒོར་ཁྲི400དང་རྫོང་རིམ་པ་ནས་སྒོར་ཁྲི500བསྡུས་ནས་སློབ་གསོ་གོང་སྤེལ་གྱི་ཐེབས་རྩ་བཙུགས་ནས། སློབ་སྒྲུབ་དང་སློབ་གསོའི་བྱ་འགུལ་སྣ་ཚོགས་ཀྱི་འགྲོ་གྲོན་དུ་བྱས། སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བཏོན་ནས། རྨ་ལྷོ་ཁུལ་གྱི་སློབ་གསོའི་ལས་དོན་ལ་ཕྱོགས་ཡོངས་ནས་འཕེལ་རྒྱས་འབྱུང་བར་ཡར་སྐུལ་ཐོབ་ཅིང་། སློབ་ཞུགས་ཀྱི་ཚད་དང་སློབ་རིམ་འཕར་ཚད། འཇོན་མི་སྐྱེད་སྲིང་བྱས་པའི་ཚད་སོགས་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བས། ས་གནས་ཤིག་གི་སློབ་གསོའི་ལས་འགན་ལེགས་པར་གྲུབ་ཡོད་ལ། ས་གནས་ཤིག་གི་མ་འོངས་པར་རེ་བ་གསར་པ་ཞིག་བསྣན་ཡོད། །
རྩོམ་སྒྲིག་པ། སྣང་རྡོར།