སྟོན་ཁར་སྔོན་འགོག་བྱེད་དགོས་པ་བཞི།
སྤེལ་དུས 2019-09-25
ཡོང་ཁུངས། ཁམས་པའི་སྨྱན་སྦྱོར་བོད་ཡིག་དྲ་བ།
རྩོམ་པ་པོ།
གཅིག སྟོན་ཁར་ཆམ་ནད་སྔོན་འགོག་བྱེད་དགོས། སྟོན་ཁར་དྲོད་ཚད་མར་བབས་པ་དང་སྐབས་འགར་གློ་བུར་དུ་ཇེ་འཁྱགས་ལ་འགྲོ་བས། ཆམ་ནད་ཧ་ཅང་ཕོག་སླ་བའི་དུས་ཚིགས་ཤིག་ཡིན། ནམ་ཟླ་ཅུང་འཁྱག་སྐབས་ལྭ་བ་མཐུག་པོ་གྱོན་དགོས། རྒྱུན་དུ་ཆུ་འཁྱག་གིས་ངོ་གདོང་འཁྲུད་ཚེ་ཆམ་ནད་སྔོན་འགོག་བྱེད་པར་ཕན།
གཉིས། སྟོན་ཁར་གྲང་ཐར་ལ་འགྲོ་རུ་འཇུག་དགོས། ངག་རྒྱུན་དུ་དཔྱིད་ཀར་བཏུམ་པ་དང་སྟོན་ཁར་གྲང་ཐར་ལ་འགྲོ་རུ་འཇུག་དགོས་ཟེར་བ་ལྟར། སྟོན་ཁར་ལུས་ཕུང་གིས་གྲང་ངར་གྱི་ཉམས་སད་ལེན་པ་ནི་སྐྱེ་ལྡན་ཕུང་བོའི་སྦྱོང་བརྡར་ཞིག་ཡིན་ལ། ལུས་ཕུང་གི་ནད་འགོག་ནུས་པ་ཡང་བསྐྱེད་ཐུབ། ཡིན་ན་ཡང་། གྲང་དྲགས་ཚེ་རང་གི་འདོད་པ་ལས་ལྡོག་སྟེ་ལུས་ཕུང་བདེ་ཐང་ཡོང་མི་ཐུབ་པར་མ་ཟད། ད་དུང་ནད་རིགས་མང་པོ་ཞིག་བསླང་སྲིད་དེ། དཔེར་ན། ཆམ་རིགས་སོགས་འབྱུང་ངེས་ཡིན།
གསུམ། སྟོན་ཁར་ཁ་ངོ་དང་རྐང་ལག་སྟེང་གི་སེར་ག་སྔོན་འགོག་བྱེད་དགོས། སྟོན་འགོ་ཚུགས་རྗེས། གནམ་གཤིས་རིམ་བཞིན་སྐམ་ཤོས་སུ་འགྱུར་བས། མིའི་ལག་པ་དང་། རྐང་པ། ངོ་གདོང་བཅས་ལ་བདག་མ་བྱེད་ཚེ། སྐྱི་ལྤགས་རྩུབ་རག་ཅན་དུ་གྱུར་ཏེ་སེར་ག་འགས་སྲིད། དེའི་རྐྱེན་གྱིས་ངོ་གདོང་དང་རྐང་པ་འཁྱུད་སྐབས་ཤ་སྐྱི་ལ་ཕན་པའི་འདག་རྫས་འདེམ་སྤྱོད་བྱེད་དགོས།
བཞི། སྟོན་ཁར་སིལ་ཏོག་ཟ་སྐབས་འཁྲུ་ནད་སྔོན་འགོག་བྱེད་དགོས། སྟོན་ཁར་སིལ་ཏོག་གི་རིགས་ཧ་ཅང་མོད་པས་སིལ་ཏོག་གི་སྟེང་དུ་ནད་འབུ་ཕྲ་མོ་ཡང་ཧ་ཅང་མང་། སིལ་ཏོག་ཟ་སྐབས་གཙང་སྦྲ་ལ་དོ་སྣང་མ་བྱས་ཚེ་མིའི་གསུས་པ་གཟེར་བ་དང་། བཤལ་བ། སྐྱུག་འཁྲུ་བྱེད་པའི་ནད་འབྱུང་སླ་ཕྱིར་སིལ་ཏོག་ཟ་སྐབས་གཙང་སྦྲ་དང་དུག་སེལ་བྱེད་རྒྱུར་ཡིད་འཇོག་བྱེད་དགོས་སོ།།
རྩོམ་སྒྲིག་པ། སྣང་རྡོར།