ཁྱིམ་བདག་ཚོ། དགུན་གསེང་རིང་ཕྲུ་གུར་དེབ་འདི་ཉོས་ན། དཔེ་ཡག་པོ་འདུག
སྤེལ་དུས 2020-01-06
ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར་འཕྲིན་སྟེགས་ལས།
རྩོམ་པ་པོ།
《དམངས་ཁྲོད་གཏམ་རྒྱུད་ལེགས་བཏུས》
《སྤང་རྒྱན་མེ་ཏོག》དུས་དེབ་རྩོམ་སྒྲིག་ཁང་ནས་རྩོམ་སྒྲིག་བྱས།
ནང་དོན་མདོར་བསྡུས།
དཔེ་དེབ་འདིར་བསྡུས་པའི་བརྩམས་ཆོས་ནི་《སྤང་རྒྱན་མེ་ཏོག》ཏུ་བཏོན་པའི་བརྩམས་ཆོས་ཁག་ལས་ཞིབ་ཅིང་ནན་གྱིས་བདམས་པའི་བརྩམས་ཆོས་ཕུལ་བྱུང་ཤ་སྟག་རེད་འདུག་ལ། བརྩམས་ཆོས་ཕལ་ཆེ་བ་ནི་དམངས་ཁྲོད་ཀྱི་འཚོ་བའི་སྒྲུང་གཏམ་ཡིན་པ་དང་། བྱེ་བྲག་ཏུ་སྲོག་ཆགས་ཀྱི་སྒྲུང་དང་ཤོད་རྒྱུན་འགས་ཟུར་རྒྱན་སྤྲད་འདུག
འོས་སྦྱོར་རྒྱུ་མཚན།
གཅིག་ནས་རྗོད་བྱེད་ཚིག་སྦྱོར་སྙན་ཞིང་གསོན་ཉམས་དོད་ལ་གོ་དཀའ་བའི་ཚིག་རྒྱན་གྱིས་སྤུད་མེད་པས། ཆུང་བྱིས་པ་ཡན་ནས་རྒན་སོ་དཀར་མན་བར་གྱི་མི་ཚང་མས་གོ་ཐུབ་པ་དང་ཡིད་དབང་ཅིག་ཅར་དུ་འཕྲོག་ནུས་པ་དང་།
གཉིས་ནས་གཏམ་རྒྱུད་དག་ལས་དུས་སྐབས་དེའི་མི་རྣམས་ཀྱི་འཇིག་རྟེན་གྱི་ལྟ་ཚུལ་དང་། ཀུན་སྤྱོད་ཀྱི་ལྟ་ཚུལ། བརྩེ་དུང་གི་ལྟ་ཚུལ། དེ་བཞིན་བཟང་ངན་དང་བདེན་རྫུན། ཆོས་དང་ཆོས་མིན་སོགས་རྣམ་པར་འབྱེད་ཚུལ་སོགས་མཚོན་ཐུབ་པས། སྐབས་དེའི་ཐོན་སྐྱེད་དང་འཚོ་བ། ཡུལ་སྲོལ་གོམས་གཤིས། ཆོས་ལུགས་དད་མོས་སོགས་ལ་ཞིབ་འཇུག་དང་རྟོག་པར་བྱེད་མཁན་རྣམས་ལ་ཕྱོགས་ཡོངས་ཀྱི་དཔྱད་གཞི་ཞིག་ཏུ་འགྱུར་ངེས་པ།
གསུམ་ནས་དེབ་འདིའི་བརྩམས་ཆོས་མང་པོར་ཁ་སྐད་དཔེར་ན། “བླ་ཆད་གྲབས་བྱེད” “ཐེ་ཚལ་སྦ་ཚལ་དུ་དབྲལ་བ” “ཀ་རེ་ཀོ་རེ་བྱས” “ཞལ་ཤོབ་ཞུས་པ” “གཉིད་ཀྱི་ཟོར་སྒྲ་གྲགས” “ཤ་གཅུས་བརྒྱབ་པ” “འབབ་དབྲིལ་གཏོང་བ” “ལྐོག་ལྐོག་སུད་སུད” “འཚོ་རྟེན” “ཞེན་པ་གཏིང་ནས་ལོག་པ” “ཡ་མ་བརླ་བ”ཞེས་པ་སོགས་ལེགས་པར་སྤྱད་འདུག་པས། ཁྱིམ་བདག་ཚོས་ཕྲུ་གུར་སྒྲུང་གཏམ་འདི་རིགས་མང་ཙམ་བཤད་ན། ཕྲུ་གུས་སྐད་ཆ་སྦྱོང་བར་ཕན་པ་ངེས་ཅན་ཐོན་པ་འདུག དེར་བརྟེན། འདིར་ཆེད་དུ་འོས་སྦྱོར་ཞུས་པ་ལགས།
རྩོམ་སྒྲིག་པ།སྣང་རྡོར།