བྱས་ཉེས་ཚབས་ཆེན་འདིའི་རིགས་ལ། སྲོག་ཁྲིམས་བཅད་པར་ཐེ་ཚོམ་མེད།
སྤེལ་དུས 2021-01-13
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
སྤྱི་ཚེས་10ཉིན་སྐོང་འཚོག་བྱས་པའི་རྒྱལ་ཡོངས་མཐོ་རིམ་ཁྲིམས་ཁང་གི་ཁྲིམས་དཔོན་གྲོས་ཚོགས་ཐོག གསར་དུ་བཟོ་བཅོས་བརྒྱབ་པའི་ནར་མ་སོན་པའི་མི་སྣའི་སྲུང་སྐྱོབ་བཅའ་ཁྲིམས་དང་ནར་མ་སོན་པའི་མི་སྣས་བྱས་ཉེས་གསོག་རིགས་སྔོན་འགོག་བཅའ་ཁྲིམས་ལག་བསྟར་གཏིང་ཟབ་བྱེད་པ་དང་། བློ་བརྟན་འགྱུར་མེད་སྒོ་ནས་ནར་མ་སོན་པའི་མི་སྣར་གནོད་འཚེ་གཏོང་བའི་ཁྲིམས་འགལ་གྱི་བྱས་ཉེས་ཁག་ལ་ཁྲིམས་ལྟར་ཆད་པ་ནན་པོ་གཅོད་རྒྱུ་དང་། ལྷག་དོན་དུ་ནར་མ་སོན་པའི་མིར་དམིགས་པའི་མི་གསོད་པ་དང་བསླུ་འཚོང་རྒྱག་པ། བཙན་གཡེམ་བྱེད་པ་སོགས་ཁྲིམས་ལུགས་དང་སྤྱི་ཚོགས་མི་ཆོས་རིང་ལུགས་ཀྱི་མཚམས་ཐིག་ལ་འགྲན་སློང་བྱེད་པའི་བྱས་ཉེས་ཚབས་ཆེ་རིགས་ལ། ཁྲིམས་ཆད་ལྗིད་པོ་གཅོད་རིགས་ལ་ཁྲིམས་ཆད་ལྗིད་པོ་གཅོད་རྒྱུ་དང་ཐ་ན་སྲོག་ཁྲིམས་གཅོད་དགོས་རིགས་ལ་སྲོག་ཁྲིམས་གཅོད་རྒྱུར་ཐེ་ཚོམ་བྱེད་དགོས་མེད་ཅེས་བསྟན་ཡོད།
གྲོས་ཚོགས་ཐོག་ད་དུང་། ཁྱིམ་དོན་འདྲི་གཅོད་བཅོས་སྒྱུར་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པ་དང་གཉེན་སྒྲིག་སྐོར་གྱི་གྱོད་དོན་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ཡག་པོ་བྱེད་དགོས། མིའི་ལུས་ཁམས་བདེ་འཇགས་ཀྱི་སྲུང་སྐྱོབ་བཀའ་ཕབ་ལམ་ལུགས་གང་མགྱོགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། ཁྱིམ་ཚང་གི་གཏུམ་སྤྱོད་སྔོན་འགོག་དང་མིའི་ལུས་ཁམས་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ལམ་ལུག་སྒྲིག་གཞི་འཐུས་ཚང་དུ་གཏོང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
རྩོམ་སྒྲིག་པ། སྣང་རྡོར།