ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

བོད་ལུགས་སྨན་སྦྱོར་ཆེད་ལས་སློབ་མར་བོད་རྒྱ་སྐད་གཉིས་རྫས་འགྱུར་སློབ་ཁྲིད་ཁྲོད་སློབ་མའི་རང་ཚུགས་སློབ་སྦྱོང་ནུས་པ་གསོ་སྐྱོང་བྱེད་པའི་ཐད་ཀྱི་བསམ་གཞིགས།

སྤེལ་དུས 2022-01-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། རིག་འཛིན་ཚེ་བརྟན། ཀླུ་མོ་ཚེ་རིང་།
        ནང་དོན་གནད་བསྡུས། སློབ་མའི་རང་ཚུགས་སློབ་སྦྱོང་གི་ནུས་པ་གསོ་སྐྱོང་བྱེད་པ་ནི་བསླབ་ཚན་ཚད་གཞིའི་རྩ་བའི་རེ་འདུན་ཞིག་ཡིན། སློབ་ཆེན་བོད་ལུགས་སྨན་སྦྱོང་ཆེད་ལས་སློབ་མས་རྫས་འགྱུར་བསླབ་ཚན་སློབ་སྦྱོང་བྱེད་པའི་སྐབས་སུ་བོད་རྒྱ་སྐད་གཉིས་སློབ་ཁྲིད་ལག་ཏུ་བསྟར་བར་མ་ཟད་རང་ཚུགས་སློབ་སྦྱོང་གི་སློབ་སྦྱོང་རྣམ་པ་དར་སྤེལ་དུ་བཏང་ཚེ་སློབ་མའི་མིག་རྒྱ་ཆེར་སྐྱེད་ཐུབ་པ་དང་། སྐད་གཉིས་སློབ་ཁྲིད་ཀྱི་གོ་རིམ་ཁྲོད་སློབ་མ་ཕན་ཚུན་བར་རམ་འདེགས་དང་མཉམ་འཕེལ་བྱེད་པར་ཁྲིད་སྟོན་བྱས་ཏེ་སློབ་མའི་མ་སྐུལ་དང་ལེན་གྱི་བསམ་བློ་གང་ལེགས་སྒོས་འདོན་སྤེལ་བྱས་ཏེ་སློབ་མའི་སློབ་སྦྱོང་བྱེད་པའི་ནུས་པ་མཐོར་འདེགས་སུ་གཏོང་ཐུབ།
        གནད་ཚིག བོད་རྒྱ་སྐད་གཉིས། རྫས་འགྱུར་སློབ་ཁྲིད། རང་ཚུགས་སློབ་སྦྱོང་། ནུས་པ། གསོ་སྐྱོང་།
        [ཀྲུང་གོའི་དཔེ་དེབ་དབྱེ་རྟགས།] G642 [ཡིག་ཚང་མཚོན་བྱང་།] A [རྩོམ་གྱི་གོ་རིམ་ཨང་སྒྲིག]1674-0572(2018)01 -0005-07   
        སྐད་གཉིས་སློབ་གསོ་ནི་མི་རིགས་སློབ་གསོའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པར་བརྟེན་སྐད་གཉིས་སློབ་གསོ་ལེགས་པར་སྤེལ་ཚེ་མི་རིགས་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ། ཚན་རིག་གོང་འཕེལ་དུ་སོང་བ་དང་། རྒྱལ་ནང་དང་རྒྱལ་སྤྱི་བར་གྱི་འབྲེལ་བ་ཉིན་རེ་བཞིན་རྒྱུན་གཏན་ཅན་དུ་འགྱུར་བ་དང་བསྟུན་ནས། སྐད་ཆའི་རིག་གནས་འཕོ་འགྱུར་སྣང་ཚུལ་ཡང་ཇེ་དྲག་ཏུ་འགྲོ་བཞིན་ཡོད་པ་འདིས་སྐད་གཉིས་སློབ་ཁྲིད་ཀྱི་བེད་སྤྱོད་ལ་རྨང་གཞིའི་ཁོར་ཡུག་བཟང་པོ་ཞིག་སྐྲུན་ཡོད། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་ནི་རྒྱལ་ཡོངས་སུ་བོད་ལུགས་གསོ་རིག་སློབ་གླིང་གསུམ་ཡོད་པའི་ནང་གི་གཅིག་ཡིན་ཞིང་། ས་གནས་ཀྱི་ཁྱད་ཆོས་གཞིར་བཟུང་ནས་བོད་རྒྱ་སྐད་གཉིས་སློབ་ཁྲིད་བྱེད་ཀྱིན་ཡོད་པ་འདིས་རྒྱ་ཆེ་བའི་ཞིང་འབྲོག་ས་ཁུལ་དུ་སྨན་བཅོས་འཕྲོད་བསྟེན་གྱི་ཆེད་ལས་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱས་ཏེ་མཚོ་བོད་མཐོ་སྒང་གི་སྨན་བཅོས་འཕྲོད་བསྟེན་གྱི་ཆུ་ཚད་ཇེ་མཐོར་གཏོང་བར་མ་ཟད་བོད་ལུགས་གསོ་རིག་གི་རྒྱུན་རིང་འཕེལ་རྒྱས་ལ་ནུས་པ་བླ་ལྷག་བཏོན་ཡོད།
        རང་ཚུགས་སློབ་སྦྱོང་ཞེས་པ་ནི་དེང་རབས་ཅན་གྱི་སློབ་སྦྱོང་གི་རྣམ་པ་ཞིག་སྟེ། སློབ་མ་ནི་སློབ་སྦྱོང་གི་ལྟེ་བ་དང་། དགེ་རྒན་གྱི་ཚན་རིག་མཛུབ་སྟོན་རམ་འདེགས་ལ་བརྟེན་ནས་སློབ་མས་ཁེར་རྐྱང་གི་སྒོ་ནས་དབྱེ་ཞིབ་དང་འཚོལ་སྙེག ལག་ལེན་དང་དོགས་སློང་། གསར་གཏོད་སོགས་ཀྱི་ཐབས་ཤེས་ལ་བརྟེན་ནས་སློབ་སྦྱོང་གི་དམིགས་འབེན་མངོན་འགྱུར་བྱེད་པ་ལ་ཟེར་ཞིང་། སློབ་སྦྱོང་གི་རྣམ་པ་འདིས་སློབ་མས་རང་འགུལ་གྱི་སྒོ་ནས་སློབ་སྦྱོང་བྱེད་པའི་ཐབས་ཤེས་གཙོ་བོར་བཟུང་ནས་རང་ཉིད་ཀྱི་སློབ་སྦྱོང་གི་གོ་རིམ་ལ་ལྟ་སྐྱོང་བྱས་ཏེ་རིམ་གྱིས་རང་འགུལ་སྒོས་སློབ་སྦྱོང་གི་མཐའ་འབྲས་ལ་དཔྱད་འཇོག་བྱེད་པའི་ནུས་པ་སྐྱེད་སྲིང་བྱེད་པར་མ་ཟད། རང་སྟོབས་ཀྱིས་གསར་གཏོད་རང་བཞིན་གྱི་སློབ་སྦྱོང་གི་བྱ་འགུལ་བརྒྱུད་ནས་སློབ་མའི་རང་ཚུགས་ཅན་གྱི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས།  
        སྤྱིར་བཏང་དུ་རང་ཚུགས་སློབ་གསོ་ལ་ཆ་རྐྱེན་གསུམ་ཚང་དགོས།
        དང་པོ་ནི། རང་ཚུགས་སློབ་སྦྱོང་ནི་སློབ་མའི་རྣམ་འགྱུར་དང་ནུས་པ། སློབ་སྦྱོང་གི་ཐབས་ཇུས་སོགས་རྒྱུ་རྐྱེན་སྣ་མང་གིས་གྲུབ་པའི་སློབ་སྦྱོང་ལ་སྣེ་ཁྲིད་བྱེད་པའི་ནང་རྐྱེན་ཡིན་པ་དང་། སློབ་མས་རང་ཉིད་ཀྱི་སློབ་སྦྱོད་ལ་བཀོད་སྒྲིག་དང་ཆོད་འཛིན་བྱེད་པའི་ནུས་པ་ཡང་ཡིན་ཏེ། དཔེར་ན་སློབ་སྦྱོང་གི་དམིགས་འབེན་འཆར་བཟོ་བྱེད་པའི་ནུས་པ་དང་། སློབ་སྦྱོང་གི་འགན་འཁྲི་མི་འདྲ་བ་དང་བསྟུན་ནས་སློབ་སྦྱོད་གི་ཐབས་ཤེས་མི་འདྲ་བ་དང་སློབ་སྦྱོང་གི་བྱ་འགུལ་སྣ་ཚོགས་གདམ་གསེས་བྱེད་པའི་ནུས་པ། སློབ་སྦྱོད་གི་གོ་རིམ་ལ་ལྟ་སྐྱོང་བྱེད་པའི་ནུས་པ། སློབ་སྦྱོད་གི་མཐའ་འབྲས་ལ་དཔྱད་འཇོག་བྱེད་པའི་ནུས་པ་སོགས་ཡིན།   
གཉིས་པ་ནི། རང་ཚུགས་སློབ་སྦྱོང་ཞེས་པ་ནི་སློབ་མས་རང་ཉིད་ཀྱི་སློབ་སྦྱོང་གི་དམིགས་འབེན་དང་། སློབ་སྦྱོང་གི་ནང་དོན། སློབ་སྦྱོང་གི་ཐབས་ཤེས་དང་ཐ་ན་བེད་སྤྱོད་གཏོང་རྒྱུའི་སློབ་སྦྱོང་གི་རྒྱུ་ཆ་ཚོད་འཛིན་བྱེད་པའི་ནུས་པ་སོགས་ཏེ། མདོར་བསྡུས་ནས་བཤད་ན་སློབ་མས་གོང་གི་ཕྱོགས་དེ་དག་ལ་རང་དབང་གདམ་གསེས་བྱེད་པའི་ཆུ་ཚད་ལ་ཟེར། ཕྱོགས་གཞན་ཞིག་ནས་བཤད་ན། སློབ་གསོའི་ནང་རྐྱེན་སློབ་གསོའི་དོ་དམ་སྡེ་ཁག་དང་སློབ་ཁྲིད་ཀྱི་རྩ་འཛིན། སློབ་གྲྭ  དགེ་རྒན་དང་སློབ་དེབ་གྱིས་སློབ་མར་སྤྲད་པའི་རང་ཚུགས་ཀྱི་ཚད་དམ་སློབ་མས་རང་དབང་སྒོས་གདམ་གསེས་བྱེད་ཆོག་པའི་ཚད་ལ་ཟེར།
        གསུམ་པ་ནི། རང་ཚུགས་སློབ་སྦྱོང་ནི་སློབ་སྦྱོང་གི་རྣམ་པ་ཞིག་སྟེ། སྤྱིའི་སློབ་ཁྲིད་ཀྱི་དམིགས་འབེན་གྱིས་སྤྱི་ཁོག་སྙོམས་སྒྲིག་བྱེད་པའི་འོག་དང་དགེ་རྒན་གྱིས་མཛུབ་ཁྲིད་བྱེད་པའི་འོག་ཏུ སློབ་མས་རང་ཉིད་ཀྱི་ཆ་རྐྱེན་གཞིར་བཟུང་ནས་བྱེ་བྲག་གི་སློབ་སྦྱོད་དམིགས་འབེན་འཆར་བཟོ་བྱེད་དགོས་པར་མ་ཟད་ལེགས་འགྲུབ་བྱེད་པའི་སློབ་སྦྱོང་གི་རྣམ་པ་ཞིག་ཡིན། སློབ་སྦྱོང་གི་རྣམ་པ་འདི་ལ་སྔོན་འགྲོའི་ཆ་རྐྱེན་གཉིས་ཚང་དགོས་པ་སྟེ། སློབ་མར་རང་ཚུགས་སློབ་སྦྱོང་བྱེད་པའི་ནུས་པ་ལྡན་པ་དང་། སློབ་གསོའི་ནང་རྐྱེན་གྱིས་རང་ཚུགས་སློབ་སྦྱོང་བྱེད་པའི་གོ་སྐབས་སྤྲོད་དགོས། སློབ་གསོའི་དམིགས་འབེན་ནི་སློབ་མའི་ཁེར་རྐྱང་གི་བསམ་བློ་གཏོང་བའི་ནུས་པ་དང་རང་ཉིད་བདག་གཉེར་བྱེད་པའི་ནུས་པ་སྐྱེད་སྲིང་བྱས་ཏེ་མ་འོངས་བར་སློབ་མ་ཁེར་རྐྱང་གིས་སློབ་སྦྱོང་བྱེད་པར་མཁོ་བའི་རྩལ་ནུས་འདོན་སྤྲོད་བྱེད་རྒྱུ་དེ་ཡིན། སློབ་མ་ནི་བཙས་མ་ཐག་ནས་རང་ཉིད་ལ་དོ་དམ་དང་རང་ཉིད་ཀྱིས་ཐག་གཅོད་བྱེད་པའི་འཇོན་ཐང་ཅན་ཞིག་མིན་པར་མ་ཟད། ཆ་རྐྱེན་ཅི་ཡང་མེད་པར་གྲགས་ཅན་གྱི་སྲོལ་རྒྱུན་རིག་གནས་ཁས་ལེན་པའི་བོདརིགས་སློབ་མར་མཚོན་ན། ཁོ་ཚོ་ནམ་རྒྱུན་གཞན་གྱི་རམ་འདེགས་ལ་བརྟེན་པ་ལས་རང་ཉིད་ཀྱིས་རང་འགུལ་སྒོས་ཐབས་ཤེས་སྤྱོད་པ་ཉུང་། རང་ཚུགས་སློབ་སྦྱོང་ནི་སློབ་གསོ་རིག་པའི་ཁྲོད་ཀྱི་ནུས་པའི་བྱ་སྤྱོད་ཀྱི་རིགས་ཤིག་ཡིན་ཞིང་། རང་ཚུགས་སློབ་སྦྱོང་གི་ནུས་པ་སྐྱེད་སྲིང་བྱེད་རྒྱུ་ནི་ཁ་སང་དེ་རིང་གི་སློབ་ཁྲིད་ཀྱི་འགན་ཁུར་གཙོ་བོ་ཞིག་ཡིན། རང་ཚུགས་སློབ་སྦྱོང་ལ་ཤུགས་རྐྱེན་ཐེབས་པའི་རྒྱུ་རྐྱེན་ལ་བསམ་གཞིགས་བྱས་མཐར། སློབ་མའི་རང་ཚུགས་སློབ་སྦྱོང་ནུས་པ་གསོ་སྐྱོང་བྱེད་པའི་རྫས་འགྱུར་སྐད་གཉིས་སློབ་ཁྲིད་ཀྱི་ལག་ལེན་ཁྲོད་དུ་མཉམ་འཇོག་བྱེད་དགོས་པ་འགའ་ཡོད།
        དང་པོ། སྤྲོ་སྐྱིད་ཅན་གྱི་རྣམ་འགྱུར་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་བྱེད་འདོད་ཀྱི་ཀུན་སློང་ཆེར་སྐྱེད་པ།   
        སློབ་སྦྱོང་གི་ཀུན་སློང་སྐོར་ལ་ཞིབ་འཇུག་བྱས་ནས་ཤེས་གསལ་ལྟར་ན། སློབ་སྦྱོང་བྱེད་མཁན་དེ་ལ་སློབ་སྦྱོང་བྱེད་འདོད་ཀྱི་ཀུན་སློང་ཤུགས་དྲག་པོ་ཞིག་ཡོད་ཚེ། ད་གཟོད་ཁོང་ལ་སློབ་སྦྱོད་བྱེད་རྒྱུའི་སྒུལ་ཤུགས་ཆེན་པོ་ཞིག་ཡོད་པས་ཧུར་ཐག་དང་རང་འགུལ་གྱི་སྒོ་ནས་སློབ་སྦྱོད་བྱེད་ངེས་ཡིན། སྤྲོ་སྣང་ལྡན་མིན་ནི་སློབ་སྦྱོང་བྱེད་པའི་ཀུན་སློང་གི་དབུ་ཚུགས་ས་ཡིན་པར་བརྟེན། དགེ་རྒན་གྱིས་འབད་བརྩོན་ཆེན་པོའི་སྒོ་ནས་དངོས་ཡོད་འཚོ་བ་དང་འབྲེལ་ནས་བོད་ལུགས་གསོ་རིག་དང་དེང་རབས་རྫས་འགྱུར་རིག་པའི་བར་དུ་འབྲེལ་བ་དམ་ཟབ་ཡོད་པར་མ་ཟད། དེང་རབས་རྫས་འགྱུར་རིག་པའི་ཐབས་ལམ་ལ་བརྟེན་ནས་བོད་ལུགས་གསོ་བ་རིག་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སྔོག་འདོན་དང་། བོད་ལུགས་གསོ་བ་རིག་པའི་ཐུན་མིན་ཁྱད་ཆོས་འཛམ་གླིང་མི་དམངས་ལ་བསྒྲགས་ཐུབ་པའི་ངེས་ཤེས་ཪྙེད་ཐུབ་པའི་རིགས་ལམ་སོགས་སློབ་མ་རྣམས་ལ་ཤེས་སུ་འཇུག་དགོས།  དཔེར་ན། དབྱེ་ཞིབ་རྫས་འགྱུར་ལས་འོད་ཤལ་དབྱེ་ཞིབ་ཐབས་ཀྱི་ནང་དོན་སློབ་ཁྲིད་བྱེད་པའི་སྐབས་སུ བོད་ལུགས་གསོ་རིག་གི་གཞུང་ལུགས་ཀྱི་རྩ་བར་གྱུར་བའི་འབྱུང་ཁམས་རིག་པ་སྟེ།  ས་ཁམས་ལྕི་བརྟན་རྟུལ་འཇམ་སྣུམ་ལ་སྐམ། །ཆུ་ཁམས་སླ་བསིལ་ལྕི་རྟུལ་སྣུམ་འཇམ་མཉེན། །མེ་ཁམས་ཚ་རྣོ་སྐམ་རྩུབ་ཡང་སྣུམ་གཡོ། །རླུང་ཁམས་ཡང་གཡོ་གྲང་རྩུབ་སྐྱ་ལ་སྐམ། །ཞེས་པ་ལྟར་ས་ཁམས་གྱི་ཡོན་ཏན་ལས་ལྕི་བ་དང་པོར་བཀོད་པ་དང་། ཆུ་ཁམས་ཀྱི་ཡོན་ཏན་ལས་ལྕི་བ་གསུམ་པར་བཀོད་པ། མེ་ཁམས་ཀྱི་ཡོན་ཏན་ལ་ལྕི་བ་མེད་པར་ལྔ་བར་ཡང་བ་དང་གཡོ་བ་ཆེས་མཇུག་མའི་ཡོན་ཏན་དུ་བཀོད་ཡོད་པ། རླུང་ཁམས་ཀྱི་ཡོན་ཏན་དུ་ཡང་བ་དང་པོ་དང་གཡོ་བ་གཉིས་པར་བཀོད་ཡོད་པ་དང་། ཡང་གནམ་རིག་སྐར་རྩིས་རིག་པ་ལས། ས་ཁམས་ནི་འདོད་པའི་ཡོན་ཏན་ལྔས་ལོངས་སུ་སྤྱོད་ཐུབ་པ། ཆུ་ཁམས་ནི་འདོད་པའི་ཡོན་ཏན་བཞིས་ལོངས་སུ་སྤྱོད་ཐུབ་པ། མེ་ཁམས་ནི་འདོད་པའི་ཡོན་ཏན་གསུམ་གྱིས་ལོངས་སུ་སྤྱོད་ཐུབ་པ། རླུང་ཁམས་ནི་འདོད་པའི་ཡོན་ཏན་གཉིས་ཀྱིས་ལོངས་སུ་སྤྱོད་ཐུབ་པ་ལྟ་བུ་དང་། ཡང་བཤད་རྒྱུད་ཀྱི་སྐབས་སུ། ས་མེད་མི་འགྲུབ་ཆུ་མེད་སྡུད་མི་ནུས། །མེ་མེད་མི་སྨིན་རླུང་མེད་འཕེལ་མི་འགྱུར། །ནམ་མཁའ་མེད་པར་འཕེལ་བའི་གོ་མི་ཕྱེད། །ཞེས་པ་ལྟ་བུས་མཚོན་ཏེ་འཇིག་རྟེན་འདིའི་སྐྱེ་དངོས་ཕྲ་རགས་སྲིད་ཚད་ཐམས་ཅད་འབྱུང་བ་ས་ཆུ་མེ་རླུང་གིས་མ་གྲུབ་པའམ་མ་སྐྱེད་པ་གང་ཡང་མེད་ཅིང་། འཇིག་རྟེན་གྱི་བྱ་དངོས་མཐའ་དག་བསྐྱེད་པའི་སྐབས་སུ་འབྱུང་བ་ས་ཆུ་མེ་རླུང་གི་ཁམས་ཀྱི་ཤས་ཆེ་ཆུང་མི་འདྲ་བའི་དབང་གིས་ལ་ལ་ནི་ལྕི་ལ་བརྟན་པའི་བདག་ཉིད་ཅན་དང་། ལ་ལ་ནི་ཡང་ཞིང་གཡོ་བའི་བདག་ཉིད་ཅན། ལ་ལ་ནི་བསིལ་ཞིང་རྟུལ་བའི་བདག་ཉིད་ཅན། ལ་ལ་ནི་ཚ་ཞིང་རྣོ་བའི་བདག་ཉིད་ཅན་སོགས་སུ་གྲུབ་ནའང་ས་ཆུ་མེ་རླུང་བཞིས་སྐྱེད་པ་མ་གཏོགས་ཁམས་གཉིས་སམ་གསུམ་གྱིས་སྐྱེད་པའི་རྫས་ཡོད་པ་མ་ཡིན་པ་འདི་དག་ལས། འཇིག་རྟེན་གྱི་སྐྱེ་དངོས་ཕྲ་རགས་སྲིད་ཚད་ཐམས་ཅད་ལ་རྡུལ་རྫས་ཀྱི་ཆ་དང་གཡོ་ཞིང་སྐྱོད་པའི་ཆ་གཉིས་ཀ་ཡོད་པ་མངོན་སུམ་ཚད་མར་གྲུབ་པ་ལོ་ངོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ཡར་སྔོན་དུ་ཡི་གེར་ཕབ་ཡོད་པའི་ས་ཆུ་མེ་རླུང་གི་ཁམས་ཀྱི་མཚན་ཉིད་ཀྱི་ཟུར་དང་འབྱུང་ཁམས་རིག་པ་ལས་གསལ་བོར་བསྟན་ཡོད་པ་དང་། དེང་རབས་ཚན་རིག་ལྟར་ན། ཧྥ་རན་སིའི་དངོས་ཁམས་རིག་པ་བ་ཏི་པོ་རོ་ཡེད་ལགས་ཀྱིས་སྤྱི་ལོ་1924ལོར་བཏོན་པའི་དངོས་རྫས་རླབས་ཀྱི་རྟོག་བཟོ་སྟེ།  རྡུལ་རྫས་གྱི་སྣང་ཚུལ་དང་རླབས་གཡོའི་སྣང་ཚུལ་གཉིས་ལྡན་ཅན་ནི་འོད་རྡུལ་ཁོ་ནར་ལྡན་པའི་ཁྱད་ཆོས་ཞིག་གཏན་ནས་མིན་པར་ཕྲ་མཐོང་གི་རྡུལ་ཕྲན་མཐའ་དག་ལ་ལྡན་པ་ཞིག་སྟེ།  དཔེར་ན། གློག་རྡུལ་དང་སྤུས་རྡུལ། བར་རྡུལ་སོགས་མཐའ་དག་ཀྱང་རྡུལ་རྫས་གྱི་སྣང་ཚུལ་དང་རླབས་གཡོའི་སྣང་ཚུལ་གཉིས་ལྡན་ཅན་ཡིན་པ་དང་། འོད་རྡུལ་གྱི་འགུལ་ཚད་དང་རླབས་ཐག་བར་གྱི་འབྲེལ་བའི་ཚུལ་P=H/入རྒྱ་སྐྱེད་ནས་ཕྲ་མཐོང་རྡུལ་ཕྲན་མཐའ་དག་གི་སྟེང་དུ་བེད་སྤྱོད་གཏོང་བ་སྟེ།  སྤུས་ཚད་mདང་འགྲོས་ཚད་vལྡན་པའི་འགུལ་སྐྱོད་བྱེད་པའི་རྡུལ་ཕྲན་དེ་ཡང་རྡུལ་རྫས་གྱི་སྣང་ཚུལ་དང་རླབས་གཡོའི་སྣང་ཚུལ་གཉིས་ལྡན་ཅན་ཡིན་ཞེས་བསྟན་པ་དང་། དེའི་རྗེས་སུ་G .  P . ཐང་མོ་སུང་སོགས་ཀྱིས་གློག་རྡུལ་སྐོར་འཕྲོའི་དངོས་བཤེར་བརྒྱུད་ནས་གློག་རྡུལ་ལ་རླབས་གཡོའི་རང་བཞིན་ལྡན་པ་བདེན་དཔང་བྱས། དེ་ནས་ཞིབ་འཇུག་གི་འགོ་བརྩམས་ནས་པའོ་ཨེར་ལགས་ཀྱིས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཞིབ་འཇུག་བྱས་ཏེ་ཕྲ་མཐོང་གི་རྡུལ་ཕྲན་མཐའ་དག་ལ་རྡུལ་རྫས་གྱི་རང་བཞིན་དང་རླབས་གཡོའི་རང་བཞིན་གཉིས་ཀ་ལྡན་པ་བདེན་དཔང་བྱས་ཏེ་ཚད་རྡུལ་ཤུགས་རིག་པའི་རིག་ཚན་གསར་བའི་སྒོ་མོ་འབྱེད་པར་བྱས་རྗེས་རླབས་ཆེན་བཞག་པར་བརྟེན་སྤྱི་ལོ་1954ལོར་དངོས་ཁམས་རིག་པའི་ནོ་པེལ་རྟགས་མ་ཐོབ་པ་རེད། ཅེས་པ་ལྟ་བུའི་བོད་ལུགས་གསོ་རིག་གིས་ལོ་ངོ་ཆིག་སྟོང་ལྷག་གི་ཡར་སྔོན་ནས་གསལ་ཐག་ཆོད་ཡོད་པའི་གནད་དོན་ཞིག་ལ་དེང་རབས་ཚན་རིག་གིས་དུས་རབས་ཉི་ཤུ་བའི་ནང་དུ་ད་བཟོད་རྟོག་བཟོ་དང་བདེན་དཔང་བྱས་འདུག་པ་ལྟ་བུའི་དཔེ་དྲངས་ནས་སློབ་མ་རྣམས་ལ་དེང་རབས་དངོས་ཁམས་རྫས་འགྱུར་རིག་པའི་ཤེས་བྱ་ཁྲིད་ཞོར་དུ་བོད་ལུགས་གསོ་རིག་གི་གཞུད་ལུགས་ཀྱི་ཁྱད་ཆོས་མངོན་སུམ་རྗེན་མར་བཏོན་ཚེ་སློབ་མའི་རང་ཚུགས་སློབ་སྦྱོང་གི་ཞེ་འདོད་དྲག་ཏུ་རྒྱས་པར་བྱེད་ཐུབ།   
        རྫས་འགྱུར་སློབ་སྦྱོང་ལ་ཕན་པའི་རྣམ་འགྱུར་གྱིས་རྫས་འགྱུར་སློབ་སྦྱོད་ཐད་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཐུབ། འཕེལ་རྒྱས་འདི་རིགས་ཀྱིས་རྫས་འགྱུར་རིག་པར་སློབ་སྦྱོང་བྱེད་པའི་སེམས་ཤུགས་ཆེར་སྐྱེད་ནས་བཟང་གཤིས་འཁོར་སྐྱོད་བྱེད་ཐུབ། དེ་ལས་ལྡོག་སྟེ། བག་འཁུམ་གྱི་སློབ་སྦྱོང་གི་རྣམ་འགྱུར་གྱིས་སློབ་སྦྱོང་ལ་ཕམ་ཁ་སྐྱེད་པ་དང་། སློབ་སྦྱོང་ལ་ཕམ་ཁ་བྱུང་བ་དེས་རེ་ཐག་ཆད་པའི་སློབ་སྦྱོང་གི་རྣམ་འགྱུར་ཆགས་ནས་ངན་གཤིས་འཁོར་སྐྱོད་བྱེད་པ་རེད།  དེའི་ཕྱིར་རྫས་འགྱུར་ཤེས་བྱར་སློབ་སྦྱོང་བྱེད་པའི་གོ་རིམ་ཁྲོད་དུ་ངེས་པར་དུ་རྫས་འགྱུར་ལ་དགའ་བ་དང་། རྫས་འགྱུར་དང་འབྲེལ་བའི་བོད་ལུགས་སྨན་སྦྱོར་རིག་པར་དགའ་ཞེན་ཡོད་པའམ་མ་མཐའ་ཡང་རྫས་འགྱུར་དང་འབྲེལ་བའི་བོད་ལུགས་སྨན་སྦྱོར་རིག་པར་མཚར་སྣང་ལྡན་པ་ཞིག་ཡིན་དགོས།  སྤྲོ་སྐྱིད་དང་ཡར་སྐྱེད་ཀྱི་སེམས་ཁམས་དང་ལྡན་པའི་སྒོ་ནས་སློབ་གཉེར་བྱས་ཚེ་སློབ་སྦྱོད་གི་འབྲས་བུ་ཁྱད་དུ་འཕགས་པ་ཞིག་ལེན་ཐུབ། སློབ་མ་དགེ་རྒན་ལ་དགའ་མིན་གྱིས་སློབ་མས་དགེ་རྒན་གྱིས་སློབ་ཁྲིད་གནང་བཞིན་པའི་བསླབ་ཚན་ལ་བཅངས་བའི་རྣམ་འགྱུར་ཐག་གཅོད་བྱེད་སྲིད་པས། མིག་སྔའི་འབྲིང་རྒྱུགས་དང་མཐོ་རྒྱུགས་སོགས་དང་ཐད་ཀར་འབྲེལ་བ་ཆེར་མེད་པའི་བོད་རྒྱ་སྐད་གཉིས་རྫས་འགྱུར་སློབ་གསོའི་གོ་རིམ་ཁྲོད་དུ།  ངེས་པར་ཏུ་དགེ་རྒན་རང་སྟེང་ནས་ཕ་སྐད་དང་། རྫས་འགྱུར་ཆེད་ལས་གྱི་ཕ་སྐད་ཐད་ལ་འབད་བརྩོན་དང་སྤྲོ་སྣང་གི་རྣམ་འགྱུར་ཡོད་དགོས་ལ། ཕ་སྐད་ལ་དགའ་ཞིང་བོད་རྒྱ་སྐད་གཉིས་སློབ་གསོར་དགའ་སྣང་འཛིན་པའི་དགེ་རྒན་གྱི་ཤན་ཤུགས་དེ་སློབ་མས་དང་ལེན་བྱེད་ཐུབ་པར་མ་ཟད། འཚོ་བའི་ཁྲོད་དུ་བོད་ལུགས་གསོ་རིག་དང་འབྲེལ་བའི་རྫས་འགྱུར་ཤེས་བྱར་སྤྲོ་སྣང་ཡོད་པའི་རྒྱུ་རྐྱེན་སྔོག་འདོན་བྱས་ཏེ་རྫས་འགྱུར་ཤེས་བྱ་སྦྱང་བར་སྤྲོ་སྣང་ཡོད་པའི་རྣམ་འགྱུར་ལེགས་པོ་ཞིག་གསོ་སྐྱོང་བྱེད་དགོད།
        གཉིས་པ།  གཤིས་ཀའི་བཀག་རྒྱ་ཁྱད་དུ་བསད་དེ།  ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་གཏོང་དགོས།  
        གཤིས་ཀ་ནང་ཕྱོགས་ཅན་དང་གཤིས་ཀ་ཕྱི་ཕྱོགས་ཅན་གྱི་རང་ཚུགས་སློབ་སྦྱོང་བྱེད་མཁན་དག་གིས་རྫས་འགྱུར་སློབ་སྦྱོང་བྱེད་པའི་གོ་རིམ་ཁྲོད་དུ་རང་རང་སོ་སོར་དགེ་མཚན་རེ་ཡོད་པས། དགེ་རྒན་གྱིས་ཡང་དག་པའི་སྒོ་ནས་སློབ་མ་སོ་སོའི་གཤིས་ཀའི་ཁྱད་ཆོས་གསལ་བོར་ཤེས་དགོས་པར་མ་ཟད། ནུས་པ་ཐོན་པའི་སྒོ་ནས་སློབ་མ་རྣམས་ལ་ལེགས་ཆ་སྤེལ་ཞིང་ཞན་ཆ་གསབ་པའི་སློབ་སྟོན་གནང་དགོས། གཤིས་ཀ་ནང་ཕྱོགས་ཅན་གྱི་སློབ་མར་སྨྲ་རྗོད་དག་ཅིང་འཚུབ་ཆ་མེད་པའི་སྒོ་ནས་རྫས་འགྱུར་ཤེས་བྱའི་སྤྱི་ཁོག་སོགས་ནས་བསམ་ཚུལ་བརྗེ་རེས་བྱེད་པའི་སྦྱོང་བརྡར་ལ་ཤུགས་སྣོན་དགོས་པ་དང་། གཤིས་ཀ་ཕྱི་ཕྱོགས་ཅན་གྱི་སློབ་མ་རྣམས་ལ་སློབ་སྦྱོང་བྱེད་པའི་རྣམ་འགྱུར་གཏན་འཇགས་སུ་གཏོང་དགོས་པ་སྟེ། བལྟ་ཀློག་དང་འབྲི་སྦྱོང་སོགས་ཐད་ཀྱི་སྦྱོང་བརྡར་ལ་ཤུགས་སྣོན་དགོས། དེ་ལས་གཞན། གཤིས་ཀ་གང་རུང་ཅན་ཞིག་ཡིན་རུང་ཡང་དག་པའི་སྒོ་ནས་སློབ་སྦྱོང་བྱེད་མཁན་གྱི་སེམས་ཁྲལ་གནད་དོན་ལ་ངོས་ལེན་ཡང་དག་བྱས་ཏེ་སྐུལ་འདེད་རང་བཞིན་གྱི་སེམས་ཁྲལ་ཇེ་མང་དང་། ཕྱིར་གྱེད་རང་བཞིན་གྱི་འཚུབ་ཆ་ཇེ་ཉུང་དུ་གཏོང་དགོས། སློབ་མས་རང་ཉིད་ལ་གནོན་ཤུགས་ངེས་ཅན་ཞིག་བྱིན་ཆོག་པ་དང་། གནོན་ཤུགས་ལ་བརྟེན་ནས་འོས་འཚམ་གྱི་བྲེལ་འཚུབ་དང་འགན་འཁྲིའི་འདུ་ཤེས་སྐྱེད་ཐུབ་པར་བརྟེན་སློབ་སྦྱོང་གི་ཕན་འབྲས་མཐོར་འདེགས་སུ་གཏོང་བར་རམ་འདེགས་བྱེད་ཐུབ། ཡིན་ནའང་། རང་ཉིད་ལ་གནོན་ཤུགས་ཆེན་པོ་སྟེར་མི་རུང་བ་སྟེ། དཔེར་ན། འགྲན་རྩོད་དང་དཔྱད་འཇོག་ཕྱོགས་ཀྱི་གནོན་ཤུགས་ཐལ་དྲགས་ཚེ་རྫས་འགྱུར་རིག་པའི་སློབ་སྦྱོང་ཁྲོད་ཀྱི་གེགས་ཆེན་པོར་འགྱུར་ངེས་རེད།   
        གསུམ་པ། ཐབས་ཇུས་ཀྱི་འདུ་ཤེས་ཚུགས་པར་བྱས་ཏེ། སྒེར་གཤིས་ཅན་གྱི་སློབ་སྦྱོང་ཉམས་འགྱུར་འཚོལ་སྙེག་བྱེད་དགོས།   
        སློབ་སྦྱོང་གི་ཉམས་འགྱུར་ཐད་ཀྱི་ཞིབ་འཇུག་ལས་ཤེས་གསལ་ལྟར་ན། སྒེར་ཚུགས་ཅན་གྱི་སློབ་མར་དབྱེ་ཞིབ་བྱེད་པའི་འཇོན་ཐང་ལྡན་པ་དང་། གཞན་བརྟེན་ཅན་གྱི་སློབ་མར་འབྲེལ་འདྲིས་བྱེད་པའི་འཇོན་ཐང་ལྡན་ཞིང་སློབ་མའི་འབྲེལ་འདྲིས་ནུས་པ་གསོ་སྐྱོང་བྱེད་པ་ནི་ཧ་ཅང་གལ་ཆེན་ཡིན། སློབ་གཉེར་བ་འཇོན་ཅན་ཞིག་ལ་གོང་གི་ཤེས་རྟོག་ཉམས་འགྱུར་གཉིས་ཀ་ལྡན་དགོས་པར་མ་ཟད། རང་ཉིད་ཀྱི་སློབ་སྦྱོང་གི་དགོས་མཁོར་གཞིགས་ནས་འོས་འཚམ་གྱི་ཤེས་རྟོག་བྱེད་ལུགས་གདམ་གསེས་གཏོང་དགོས། རང་ཚུགས་ཅན་གྱི་སློབ་གཉེར་བ་ཞིག་ལ་མཚོན་ན་ཐོག་མར་ཚད་ལེན་ཚོད་ལྟ་བརྒྱུད་ནས་རང་ཉིད་ཀྱི་སློབ་སྦྱོང་ཉམས་འགྱུར་ལ་རྒྱུས་ལོན་བྱས་ཏེ་རང་ཉིད་ཀྱི་ཞན་ཆ་རྟོག་པར་བྱེད་དགོས། བོད་རྒྱ་སྐད་གཉིས་རྫས་འགྱུར་སློབ་སྦྱོང་གི་གོ་རིམ་ཁྲོད་དུ།  སྦྱང་བྱའི་ནང་དོན་གྱི་སྤྱི་ཁོག་དང་ཁྱོན་ཡོངས་ནས་འཛིན་དགོས་པར་མ་ཟད་བྱེ་བྲག་ཏུ་ཞིབ་ཕྲའི་ཆ་ལ་དབྱེ་ཞིབ་བྱས་ཏེ་སྐབས་བསྟུན་གྱི་ཐབས་ཇུས་བེད་སྤྱོད་གཏོང་དགོས།
        དགེ་རྒན་གྱིས་སློབ་མར་མཛུབ་སྟོན་བྱས་ཏེ་མུན་འཐོམས་ཀྱིས་རྫས་འགྱུར་ལ་སློབ་སྦྱོང་བྱེད་པའི་གོམས་གཤིས་ངན་པ་འདོར་བར་བྱེད་དགོས་པ་སྟེ། ཇི་ལྟར་སློབ་པ་སྟེ་བྱེ་བྲག་གི་རྫས་འགྱུར་ཤེས་བྱ་དང་རྩལ་ནུས་དམ་འཛིན་བྱེད་པ་ལས་ཧ་ཅང་གལ་ཆེན་ཡིན་པའི་སྐོར་ལ་ངོས་འཇིན་ཡོད་པར་བྱེད་དགོས་ཤིང་། ཇི་ལྟར་སློབ་པ་ནི་སློབ་སྦྱོང་གི་ཐབས་ཇུས་ཡིན། སློབ་མས་སློབ་སྦྱོང་གི་ཐབས་ཇུས་མ་ལག་འཕེལ་རྒྱས་སུ་གཏོང་རྒྱུ་ནི་རང་ཉིད་ཀྱི་སློབ་སྦྱོང་གི་གོ་རིམ་ལ་གདེང་ཆོ།ད་ཡོད་པར་ཕན་ཐོགས་ཡོ། སློབ་མས་སློབ་སྦྱོང་གི་ཐབས་ཇུས་འདུ་ཤེས་ཚུགས་པར་བྱེད་དགོས་ཤིང་སློབ་སྦྱོང་ཐབས་ཇུས་དམ་འཛིན་བྱེད་པའི་གནད་འགག་ནི་སློབ་མ་རང་ཉིད་ཡིན། སློབ་སྦྱོང་ཐབས་ཇུས་ནི་ལྷན་སྐྱེས་སུ་ཡོད་པ་ཞིག་མ་ཡིན་པར། སློབ་གཉེར་བྱེད་མཁན་རང་ཉིད་ཀྱིས་འདུ་ཤེས་ཡོད་པའི་སྒོ་ནས་གསོ་སྐྱོང་དང་སྦྱོད་བརྡར་བྱེད་དགོས། སློབ་སྦྱོད་ཐབས་ཇུས་གདམ་གསེས་བྱེད་པ་དང་སློབ་སྦྱོང་ཐབས་ཇུས་ལག་བསྟར་བྱེད་རྒྱུ་དེ་གཉིས་ནི་སློབ་གཉེར་བའི་ཟློག་ཏུ་མེད་པའི་འགན་འཁྲི་ཡིན། སློབ་མས་རང་འགུལ་དང་ཧུར་ཐག་སྒོས་སློབ་སྦྱོང་ཐབས་ཇུས་ལ་སྦྱོང་བརྡར་བྱས་ཏེ་ཧ་ཅང་བཟང་བའི་སྒོ་ནས་སློབ་སྦྱོང་བྱེད་པར་ཆ་རྐྱེན་བསྐྲུན་དགོས། སློབ་སྦྱོང་ཐབས་ལམ་གྱི་ལེགས་ཉེས་ནི་མི་སོ་སོར་མི་འདྲ་བ་སྟེ། ལོ་ཚོད་དང་གཤིས་ཀ ཤེས་རྟོག་ཐབས་ལམ་སོགས་མི་འདྲ་བ་དང་བསྟུན་ནས་མི་འདྲ་བ་རེད། ཕྱི་རྒྱལ་གྱི་ཞིབ་འཇུག་ཁ་ཤས་ལས་ཐོན་པའི་འབྲས་བུ་ལྟར་ན། སློབ་གཉེར་བ་ཕུལ་བྱུང་ཅན་དག་ལ་ཐུན་མོང་གི་ཁྱད་ཆོས་འགའ་ཡོད་པ་སྟེ། ཁོང་ཚོས་ཕན་ཡོད་ཀྱི་སློབ་སྦྱོང་ཆ་རྐྱེན་དག་གང་ནུས་ཀྱིས་བེད་སྤྱོད་གཏོང་བར་མ་ཟད་གང་ནུས་སྒོས་སློབ་སྦྱོང་གི་ཆ་རྐྱེན་གསར་སྐྲུན་བྱེད་པ་དང་། རང་ཉིད་ཀྱི་དགོས་མཁོ་ལྟར་དམིགས་ཡུལ་ཡོད་པའི་སྒོ་ནས་ཕན་ནུས་ལྡན་པའི་སློབ་སྦྱོང་གི་བྱེད་ཐབས་དང་ཐབས་ཇུས་འཚོལ་སྙེག་བྱེད་ཐུབ། སློབ་སྦྱོང་བྱེད་ཐབས་ཡག་པོ་ཞིག་སློབ་གཉེར་བ་ཡོངས་ལ་འཚམ་པའི་ངེས་པ་མེད་ཅིང་སློབ་སྦྱོང་གི་མྱོང་ཚོར་བརྒྱུད་ནས་རང་ཉིད་ཀྱི་ཤེས་རྟོག་དང་བརྩེ་སེམས་ཁྱད་ཆོས་ལ་རྒྱུས་ལོན་བྱས་ཏེ་རང་ཉིད་དང་ཆེས་འཚམ་པའི་སློབ་སྦྱོང་ཐབས་ཇུས་དང་ཉམས་འགྱུར་རྙེད་པར་བྱེད་དགོས། འདི་ལྟ་བུའི་སློབ་གཉེར་བ་ཞིག་གིས་སློབ་སྦྱོང་གི་འབྲས་བུ་ཡིད་ཚིམ་པ་ཞིག་ལེན་ཐུབ། དགེ་རྒན་གྱིས་སློབ་མའི་གནས་ཚུལ་ལ་ཡང་དག་པར་རྒྱུས་ལོན་བྱས་རྗེས། སློབ་གཉེར་བ་དག་གིས་རང་ཉིད་ཀྱི་དངོས་ཡོད་དགོས་མཁོ་ལྟར་སློབ་སྦྱོང་ཐབས་ཇུས་གདམ་གསེས་བྱེད་པར་སྐུལ་འདེད་གཏོང་བའི་སྐབས་སུ་གཤམ་གྱི་སློབ་སྦྱོང་གི་ཐབས་ཇུས་དག་ཐོག་མར་བེད་སྤྱོད་བཏང་ཆོག (1)ལག་ལེན་བྱེད་བདེ་བའི་སློབ་སྦྱོང་ཐབས་ཇུས། (2)སློབ་གཉེར་བྱེད་མཁན་གྱིས་ལག་ལེན་བྱས་མྱོང་བའི་སློབ་སྦྱོང་གི་ཐབས་ཇུས།(3) ཤེས་བྱ་དང་རྩལ་ནུས་རིགས་མང་པོར་འཚམ་པའི་ཐབས་ཇུས། (4)རང་སྟེང་གི་སློབ་སྦྱོང་འགན་ཁུར་དང་སློབ་སྦྱོང་དམིགས་ཡུལ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཐབས་ཇུས། (5)སྤྲོ་སྣང་རང་བཞིན་ལྡན་པའི་ཐབས་ཇུས།(6) ཕན་སྐྱེད་ཆེ་བའི་ཐབས་ཇུས་བཅས་ཡིན། མཇུག་མཐར། སློབ་གཉེར་བྱེད་མཁན་རྣམས་ཤེས་བྱ་ཕྱོགས་སྡོམ་བྱེད་པར་མཁས་ཤིང་དུས་རྒྱུན་གྱི་སློབ་སྦྱོང་གི་ཁྲོད་དུ་བར་མ་ཆད་པར་རང་ཉིད་ཀྱི་སློབ་སྦྱོང་གི་ཐབས་ཇུས་ལ་ལྟ་རྟོག་དང་བསམ་ཞིབ་བྱས་ཏེ། དུས་ཐོག་ཏུ་རང་ཉིད་ཀྱི་སློབ་སྦྱོང་གི་ཐབས་ཇུས་ལེགས་བསྒྱུར་བཏང་ནས་སློབ་སྦྱོང་གི་འབྲས་བུ་མཐོར་འདེགས་སུ་གཏོང་དགོས།   
        དེང་སྐབས་ཀྱི་སློབ་གསོ་ནི་སློབ་རའི་ནང་གི་ཚད་ཡོད་ཀྱི་ཤེས་བྱ་འཆད་སྤེལ་བྱེད་པའི་ཚད་བཀག་ལས་བརྒལ་ཏེ། སློབ་གཉེར་བྱེད་མཁན་གྱི་རང་ཚུགས་སློབ་སྦྱོང་གི་ནུས་པ་གསོ་སྐྱོང་བྱེད་པ་དང་། སློབ་མའི་མཐོང་རྒྱ་ཆེར་སྐྱེད་པ་སོགས་གཙིགས་ཆེན་དུ་འཛིན་བཞིན་ཡོད། རྣམ་པ་མང་པོ་བེད་སྤྱད་ནས་སློབ་མའི་རང་ཚུགས་སློབ་སྦྱོང་གི་ནུས་པ་གསོ་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ཚེ་མི་ཚེ་ཧྲིལ་པོའི་སློབ་གསོ་ལ་རེ་བ་ཡོད་པ་རེད།                     
        དཔྱད་གཞིའ་ཡིག་ཆ།
        ①གཡུ་ཐོག་ཡོན་ཏན་མགོན་པོ། བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་།2000. 5
        ②ལིས་ཧྥ་མེ། དབྱེ་ཞིབ་རྫས་འགྱུར། [ M] མི་དམངས་འཕྲོད་བསྟེན་དཔེ་སྐྲུན་ཁང་། 2011.8
        ③ལུང་ཆིས། རྩིས་ཚན་སྐད་གཉིས་སློབ་ཁྲིད། [ M] ཚན་རིག་དཔེ་སྐྲུན་ཁང་། 2009.3
        ④བང་པེན་དཔལ། སྐད་གཉིས་སློབ་གསོ་དང་སྐད་གཉིས་སློབ་ཁྲིད། [ M] ཧྲང་ཧེ་སློབ་གསོ་དཔེ་སྐྲུན་ཁང་། 2003
རྩོམ་སྒྲིག་པ། སྣང་རྡོར།