ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

རྔུབ་ཆོག་པའི་ཏོག་གསར་འགོག་ཁབ་སྤྱོད་མགོ་ཚུགས་འདུག

སྤེལ་དུས 2022-11-17 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
       སྤྱི་ཟླ་10པའི་ཟླ་མཇུག་ནས་བཟུང་། རྒྱལ་ཡོངས་ཀྱི་ས་ཆ་མང་པོར་རྔུབ་ཆོག་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་དེ་སྤྱོད་འགོ་ཚུགས། སྤྱི་ཟླ་11ཚེས་10ཉིན་པེ་ཅིང་གིས་ཀྱང་ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་དེའི་རིགས་སྤྱོད་རྒྱུ་སྔོན་མངག་བྱེད་འགོ་ཚུགས། 

       རྔུབ་ཆོག་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་དེ་ནི་ཐན་ཅིན་ཁང་ཞི་ནུའོ་ཀུང་སིས་ཐོན་སྐྱེད་བྱས་པའི་རིགས་5ཅན་གྱི་གཤེར་རྨེན་ནད་དུག་གི་གཞི་རྟེན་རིམས་འགོག་སྨན་ཁབ་ཅིག་རེད། སྤྱིར་ཡིན་ན་རིམས་འགོག་སྨན་ཁབ་འདིའི་རིགས་ནི་རྒྱག་ཆོག་པའི་(ཤ་གནད་ལ་ཁབ་རྒྱག་པ)རིམས་འགོག་སྨན་ཁབ་ཅིག་ཡིན།  རྔུབ་ཆོག་པའི་འགོག་ཁབ་གིས་སྨན་གཏོང་སྟངས་གསར་གཏོད་བྱས་ཏེ་རིམས་འགོག་སྨན་ཁབ་ཀྱི་ཕན་ནུས་ཀྱི་གྲུབ་ཆ་སྨུག་པའི་གཤེར་གཟུགས་ཆུང་ཆུང་དུ་བསྒྱུར་པ་མ་ཟད་གཏན་འཇགས་རང་བཞིན་གྱི་གར་ཚད་དེ་ཕོར་བའི་ནང་དུ་བཅུག་ནས་ཁ་ནང་ནས་དབུགས་ལམ་དུ་རྔུབ་པའི་བྱེད་ཐབས་སྤྱད་དེ་འགོག་སྨན་རྒྱག་དགོས་པ་ཞིག་རེད། 
       ཤ་གནད་ལ་ཁབ་རྒྱག་པའི་པར་གཞི་དང་བསྡུར་ན།  རྔུབ་ཆོག་པའི་པར་གཞི་དེས་སྨན་གཏོང་ཐབས་ལ་སྒྱུར་བ་བཏང་པ་ཙམ་རེད།  སྨན་རྫས་ལས་སྣོན་དང་སྡེབ་སྦྱོར་བྱེད་སྟངས་འདྲ་མཚུངས་ཡིན་པ་མ་ཟད་སྨན་ཁབ་རྒྱག་པར་མཁོ་བའི་ཚད་གཞི་ནི་ཤ་གནད་ལ་ཁབ་རྒྱག་ཚད་ཀྱི་20%ཙམ་རེད། 
       མདོར་ན། རྔུབ་ཆོག་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་སྨན་ཁབ་ཀྱི་ཁྱད་ཆོས་གསུམ་ཧ་ཅང་མངོན་གསལ་ཡིན་སྟེ།  རིམས་འགོག་གི་ཐབས་ལམ་ཁྱད་པར་ཅན་བརྒྱུད་དེ་ལུས་ཕུང་ལ་དང་ལེན་བྱེད་དུ་འཇུག་པ།  མགྱོགས་མྱུར་ངང་གློ་བར་སླེབས་ནས་ནུས་པ་ཐོན་ཚད་ཤིན་ཏུ་མགྱོགས།  སྨན་བསྟེན་ཚད་ཇེ་དམར་བཏང་ནས་སྨན་གྱི་མ་རྩ་ཇེ་དམའ་རུ་གཏོང་ཐུབ།
       གཞན་ད་དུང་།  རྔུབ་ཆོག་པའི་རིམས་འགོག་སྨན་ཁབ་བེད་སྤྱོད་བྱས་ཚེ་སྨན་ཁབ་ཉུང་དུ་གཏོང་ཐུབ་པས་སྨན་དོན་མི་སྣར་རྨས་སྐྱོན་ཕོག་ཚད་ཇེ་དམའ་རུ་གཏོང་ཐུབ་པ་མ་ཟད་ནད་པས་དང་ལེན་བྱེད་ཡང་བདེ། འོ་ན་སྨན་ཁབ་འདིའི་རིགས་མི་གང་དག་ལ་རྒྱག་པར་འཚམ་མམ། ཇི་ལྟར་རྒྱག་དགོས་སམ་ཞེ་ན། 
       འདིར་ནན་བཤད་བྱ་དགོས་པ་ཞིག་ནི། རྔུབ་ཆོག་པའི་འགོག་ཁབ་འདི་རིམས་འགོག་ནུས་པ་ཇེ་བརྟན་ཏུ་གཏོང་བའི་ཐད་བཀོལ་དགོས་ལ། གསལ་པོར་བརྗོད་ན་ཤུགས་སྣོན་འགོག་ཁབ་རེད།  དེར་བརྟེན། མིག་སྔར། རྔུབ་ཆོག་པའི་ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་འདི་ལོ་18དང་དེའི་ཡན་གྱི་མི་རྣམས་ལ་འཚམ་པ་དང་།  འགོག་སྨན་ཐེངས་གཉིས་བརྒྱབ་པའམ་ཡང་ན་ཐེངས་1ལ་རྨེན་བུའི་ནད་དུག་གི་ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་བརྒྱབ་ཟིན་པའི་མི་ཚོགས་དག་ལའང་འཚམ། ཏོག་གསར་གློ་ཚད་རིམས་ནད་ཀྱི་འགོག་ཁབ་ཐེངས་གཅིག་ཀྱང་མ་བརྒྱབ་པ་དང་ཡང་ན་ལོ་18མན་གྱི་མི་ཚོགས་སུ་ཞིག་གིས་ཀྱང་རྔུབ་ཆོག་པའི་རིམས་འགོག་སྨན་ཁབ་འདི་སྤྱོད་མི་རུང་། 

       སྨན་ཁབ་དངོས་སུ་རྒྱག་སྐབས། དམིགས་བསལ་གྱི་གོ་རིམ་འགའ་ཡོད་དེ། གལ་ཏེ་གོ་རིམ་དེར་གཟབ་གཟབ་མ་བྱས་ན་སྨན་གྱི་ཕན་ནུས་ཆེན་པོ་ཞིག་ཐོན་མི་ཐུབ། 
       ཕྱོགས་སོ་སོའི་ཐོ་འགོད་བྱས་ཚར་རྗེས། སྨན་ཁབ་རྒྱག་མཁན་དེ་སྒེར་ཚུགས་དང་། ལྟོས་བཅས་ཀྱིས་ཁ་དམ་པའི་བར་སྟོང་ཆུང་ཆུང་ཞིག་ཏུ་ཁྲིད་ངེས་ལ།   ལས་བྱེད་མི་སྣས་ཆེད་སྤྱོད་ཀྱི་སྨུག་འགྱུར་སྨན་ཆས་བཀོལ་ནས་རིམས་འགོག་སྨན་ཁབ་ཀྱི་སྨུག་གྱུར་སྨན་དེ་སྨུག་གྱུར་ཅན་གྱི་ཕོར་པའི་ནང་དུ་འཇོག་པ་མ་ཟད། སྨན་ཆུ་ཅན་གྱི་ཕོར་པ་དེ་སྨན་རྒྱག་མཁན་ལ་སྟེར་ངེས།  ཐེངས་རེར་སྦྱོར་ཚད་ཧའོ་ཧྲེང་0.1ཡིན། སྨན་རྒྱག་མཁན་གྱིས་སྨན་རྔུབ་པའི་གོ་རིམ་ཤིན་ཏུ་སྟབས་བདེ་ཡིན་ཏེ། དབུགས་འབྱིན་པ་དང་དེ་ནས་རྔུབ་པ། དེ་ནས་དབུགས་སྒོམ་པ་བཅས་ཡིན།
རྩོམ་སྒྲིག་པ། སྣང་རྡོར།