ཀྲུང་གོའི་བོད་ལྗོངས་དྲ་བ། > སློབ་གསོ། > གསར་ཤོས།

ཉེས་པ་འདི་འདྲ་བསགས་ཚེ། ཚེ་གང་དགེ་རྒན་བྱེད་མི་ཆོག

སྤེལ་དུས 2022-11-17 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
            ཚེས་11ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་དང་། སློབ་གསོ་པུའུ་དང་མཉམ་དུ་ལས་གཉེར་གཏན་འགོག་ལམ་ལུགས་ལག་བསྟར་དོན་འཁྱོལ་བྱེད་དགོས་པའི་སྐོར་གྱི་བསམ་འཆར་ཁྱབ་བསྒྲགས་བྱས་ཤིང་། ཉེས་གསོག་མི་སྣའི་ལས་གཉེར་གཏན་འགོག་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་། སློབ་གྲྭའི་ཁོར་ཡུག་ལེགས་བསྒྱུར་བྱས་ཏེ། ནར་མ་སོན་པའི་མིར་སྲུང་སྐྱོབ་ཏན་ཏིག་བྱེད་དགོས་པ་བསྟན་ཡོད།
            བསམ་འཆར་ནང་། དགེ་རྒན་གྱིས་ལས་རིགས་ཀྱི་སྟབས་བདེ་སྤྱད་དེ་ཉེས་པ་བསགས་པའམ་ཡང་ན་ལས་རིགས་བླང་བྱའི་དམིགས་བསལ་འོས་འགན་དང་འགལ་བའི་ནག་ཉེས་བསགས་རྗེས་ཉེས་ཆད་བཅད་པའི་རིགས་ལ། མི་དམངས་ཁྲིམས་ཁང་གིས་ཉེས་པ་བསགས་པའི་གནས་ཚུལ་དང་སླར་ཡང་ཉེས་པ་གསག་རྒྱུ་སྔོན་འགོག་བྱེད་པའི་དགོས་མཁོར་གཞིགས་ནས། དུས་བཀག་ངེས་ཅན་ཞིག་ནང་འབྲེལ་ཡོད་ལས་རིགས་གཉེར་བར་གཏན་འགོག་བྱེད་དགོས་པ་གསལ་པོར་བསྟན་ཡོད།
            བསམ་འཆར་ནང་། ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ནང་གཏན་འབེབས་བྱས་པ་ལྟར། ལོག་གཡེམ་དང་། མནར་གཅོད། བསླུ་འཚོང་། དྲག་ཤུགས་གནོད་འཚེ་བྱེད་པ་སོགས་ཉེས་པ་བསགས་མྱོང་བའི་མིས་ནར་མ་སོན་པའི་མི་དང་འབྲེལ་བ་ཟབ་མོ་ལྡན་པའི་ལས་ཀ་གཉེར་རྒྱུ་གཏན་འགོག་བྱེད་དགོས། དགེ་རྒན་སྐོར་གྱི་བཅའ་ཁྲིམས་དང་། དགེ་རྒན་གྱི་ཐོབ་ཐང་སྐོར་གྱི་སྲོལ་ཡིག་གི་གཏན་འབེབས་ལྟར། ཆབ་སྲིད་ཁེ་དབང་བཙན་འཕྲོག་བྱས་པའམ་བསམ་བཞིན་དུ་ནག་ཉེས་བསགས་པས་དུས་བཙོན་ཡན་གྱི་ཉེས་ཆད་བཅད་པའི་རིགས་ཀྱིས་དགེ་རྒན་གྱི་ཐོབ་ཐང་ལེན་མི་ཆོག་ལ། དགེ་རྒན་གྱི་ཐོབ་ཐང་བླངས་ཟིན་རིགས་ཀྱི་དགེ་རྒན་ཐོབ་ཐང་མེད་པར་བཟོ་དགོས་པར་མ་ཟད། ཡང་བསྐྱར་དགེ་རྒན་གྱི་ཐོབ་ཐང་ལེན་མི་ཆོག་ཅེས་བསྟན་ཡོད།
            བསམ་འཆར་ནང་། དགེ་རྒན་གྱིས་ལོག་གཡེམ་དང་། མནར་གཅོད། བསླུ་འཚོང་། དྲག་ཤུགས་གནོད་འཚེ་སོགས་ཀྱི་ནག་ཉེས་བསགས་ན། མི་དམངས་ཁྲིམས་ཁང་གིས་ནར་མ་སོན་པའི་མིར་སྲུང་སྐྱོབ་བྱེད་པའི་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར། དགེ་རྒན་དེ་རིགས་ཀྱིས་ནར་མ་སོན་པའི་མི་དང་འབྲེལ་བ་ཟབ་མོ་ལྡན་པའི་ལས་ཀ་གཉེར་མི་ཆོག་པའི་ཁྲིམས་ཆད་གཅོད་དགོས། དགེ་རྒན་གྱིས་གོང་གསལ་གྱི་གཏན་འབེབས་ཕུད་པའི་ནག་ཉེས་གཞན་དག་བསགས་ཚེ། མི་དམངས་ཁྲིམས་ཁང་གིས་ཉེས་པ་བསགས་པའི་གནས་ཚུལ་དང་སླར་ཡང་ཉེས་པ་གསག་རྒྱུ་སྔོན་འགོག་བྱེད་པའི་དགོས་མཁོར་གཞིགས་ནས། ཉེས་ཁྲིམས་ཀྱི་གཏན་འབེབས་གཞིར་བཟུང་། ཉེས་ཆད་འཁུར་བའི་ཡུན་ཚད་ཐིམ་ཉིན་ནམ་ཚོད་བགམ་གློད་བཀྲོལ་གཏོང་ཉིན་ནས་བཟུང་འབྲེལ་ཡོད་ལས་རིགས་གཉེར་མི་ཆོག་པའི་དཔྱད་མཚམས་གཏོང་དགོས་ཤིང་། དུས་བཀག་ནི་ལོ་གསུམ་ནས་ལོ་ལྔ་དང་། ཡང་ན་ཉེས་ཁྲིམས་ཀྱི་གཏན་འབེབས་ལྟར། དེར་གཏན་འགོག་བཀའ་རྒྱ་སྤྱོད་དགོས་པའི་གཏན་འཁེལ་བྱས་ཡོད།
            ཁྲིམས་འཛིན་ལག་བསྟར་ཁྲོད་འཕྲད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱ་ཆེད་དང་། ནར་མ་སོན་པའི་མིར་དམིགས་བསལ་དང་། སྔོན་ལ་སྲུང་སྐྱོབ་བྱ་རྒྱུ་གཙིགས་སུ་འཛིན་ཆེད། བསམ་འཆར་ནང་། སློབ་གྲྭ་དང་། བྱིས་སྐྱོང་ཁང་སོགས་སློབ་གསོའི་སྒྲིག་གཞི་དང་། སློབ་ཕྱིའི་སྒྲིག་གཞི་འཛུགས་མཁན་དང་། ཚོད་འཛིན་མཁན་ངོ་མས་ནག་ཉེས་བསགས་ན། བསམ་འཆར་འདི་ཉིད་གཞིར་བཟུང་ནས་ལག་བསྟར་བྱེད་དགོས་པ་གསལ་པོར་བསྟན་ཡོད།

རྩོམ་སྒྲིག་པ། སྣང་རྡོར།