ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ།

བོད་ཀྱི་བསང་མཆོད་འབུལ་ལུགས་དང་དེའི་དགེ་མཚན།

སྤེལ་དུས 2018-05-24 ཡོང་ཁུངས། གངས་ལྗོངས་ཉི་གཞོན། རྩོམ་པ་པོ། རྡོ་རྗེས་བསྒྲིགས།

          དེ་ཡང་བསང་གཏོང་བ་ནི་བོད་ཀྱི་ལྷ་གསོལ་བའི་ཆོ་གའི་ནང་གོ་གནས་གལ་ཆེན་བཟུང་བའི་བྱེད་སྒོ་ཞིག་ཡིན་ལ། རྣམ་པའི་ཐོག་ནས་བཤད་ན་གཙོ་བོ་མི་ཡུལ་གྱི་བཙོག་གྲིབ་མཐའ་དག་བསང་དུད་ཀྱིས་བདུགས་ཤིང་བསལ་ནས་ལྷ་སྤྱན་འདྲེན་པའི་སྔོན་འགྲོའི་ཆོ་ག་ཡིན། ང་ཚོའི་ཐོན་སྐྱེད་འཚོ་བའི་ཁྲོད་བོད་མི་རྣམས་ཀྱིས་སྔོན་བྱོན་མེས་པོ་རྣམས་ཀྱི་གོམས་སྲོལ་བཞིན་ལྷ་ཀླུ་གཉན་གསུམ་ལ་མཆོད་པ་རྒྱ་ཆེན་བཤམས་ཏེ་ཆར་ཆུ་སློང་བ་དང་། སེར་བ་འགོག་པ། དགྲར་འཐབ་པ།ཚོང་ལས་བྱེད་པ། ན་ཚ་ཞི་བ། བླ་མ་དང་དགེ་འདུན་པ་སོགས་སྤྱན་འདྲེན་པ། སྟོན་མོ་དང་རྩེད་ར་ཚོགས་པ། མཇལ་སྐོར་དུ་འགྲོ་བ་སོགས་འཕྲལ་ཕུགས་ཀྱི་དོན་བྱ་ཅི་ཞིག་གཉེར་ཀྱང་སྔོན་འགྲོ་ལ་བསང་ཕུད་དེ་ཡུལ་ལྷ་གཞི་བདག་དང་ཆོས་སྐྱོང་སྲུང་མར་གློ་སྙིང་བྲང་གསུམ་གཏོད་བཞིན་རང་གི་བྱ་བ་ཐམས་ཅད་གེགས་རྐྱེན་བར་ཆད་མེད་ཅིང་ཚེགས་མེད་བདེ་བླག་ཏུ་འགྲུབ་པར་གསོལ་མཆོད་བྱེད་པ་དང་། ཐ་ན་སློབ་མས་རྒྱུགས་སྤྲོད་པ་དང་དཔོན་པོས་ཐོབ་གོ་ས་སྙེག་པའི་སྐབས་གང་ལ་ཡང་བསང་མཆོད་བྱེད་པའི་རྣམ་པ་རྒྱུན་དུ་མཐོང་རྒྱུ་ཡོད། དེར་བརྟེན་བསང་ཕུད་པ་ནི་གཙང་མ་བྱེད་པའམ་ལྷ་མཆོད་ཀླུ་གསོལ་གྱི་ཆོ་ག་རྐྱང་རྐྱང་ཙམ་མ་ཡིན་པར་དུས་རྒྱུན་གྱི་འཚོ་བའི་ནང་དུ་བྱ་བ་ཐམས་ཅད་ཀྱི་སྔོན་དཔག་དང་སྐྱབས་བཅོལ་བྱེད་ས་ཞིག་ཏུ་གྱུར་ཡོད། རྒྱའི་ཐང་ཡིག་གསར་ཪྙིང་སོགས་སུ་བཀོད་པ་ལྟར་ན་རྗེ་བློན་རྣམས་ཀྱིས་ལོ་རེར་འདུན་མ་ཆུང་ངུ་རེ་བསྡུ་སྟེ། ལུག་ཁྱི་སྤྲེལ་གསུམ་དམར་མཆོད་བྱེད། ཐོག་མར་སྲོག་ཆགས་དེ་དག་གི་རྐང་ལག་བྲེགས། དོན་སྣོད་མདུན་དུ་སྤུངས་ནས། ཉི་ཟླ་གཟའ་སྐར་ལ་སོགས་དཔང་དུ་གསོལ། གལ་ཏེ་འདུན་མ་དང་འགལ་ཏེ་བསམ་ངན་བྱེད་ན། ལྷ་ལ་མངོན་མཁྱེན་ཡོད་པས། ཁྱོད་ཚོ་ཡང་ལུག་ཁྱི་འདི་རྣམས་བཞིན་དུ་མི་བགྱིད་རི་ཞེས་མནའ་འདོར་རོ་ཞེས་པ་ལྟར་འབྲོག་ཁུལ་གྱི་ས་ཆ་མང་པོར་དེའི་ཚབ་ཏུ་བསང་ཕུད་དེ་མནའ་སྐྱེལ་བར་མ་ཟད། ད་དུང་དམག་ལ་འགྲོ་བ་དང་བླ་དཔོན་ཁྲི་འདོན། གསོལ་སྟོན་མཛད་སྒོ་སོགས་འཇིག་རྟེན་གྱི་བྱ་གཞག་ལེགས་ཉེས་གང་བགྱི་བའི་སྔོན་འགྲོ་དང་རིམ་གྲོ་ལ་ཡང་བོད་མི་རྒན་གཞོན་ཡོངས་ཀྱིས་བསང་གཏོང་བའི་གོམས་སྲོལ་རྒྱུན་འཛིན་བྱེད་བཞིན་མཆིས།
          སྔོན་གྱི་དུས་སུ་རྒྱལ་དབང་ལྔ་པ་ཆེན་མོས་ཕུན་ཚོགས་དྲི་ལྡན་བསང་མཆོད་གང་གཱའི་རྒྱུན།། མི་གཙང་ཉེས་ཚོགས་འཁྲུད་པའི་ཆོ་ག་མཁན།། ཞེས་བསང་གི་ཐོག་མའི་གོ་དོན་དང་བྱེད་ལས་ནི་མི་གཙང་བའམ་བཙོག་གྲིབ་སེལ་བར་བྱེད་པ་དེ་ཡིན་པར་གསུངས་འདུག འགའ་ཞིག་གིས་དུ་བ་ལ་བརྟེན་ནས་མནོལ་གྲིབ་དག་པར་བཤད། གདོད་མའི་བོན་གྱི་ལུགས་སུ་འབྱུང་བ་བཞི་ལ་གནས་པའི་ལྷ་ཡོད་པར་སྨྲ་བ་དང་། སྣོད་བཅུད་ཀྱི་སྐྱེ་དངོས་ཡོད་དོ་ཅོག་འབྱུང་བ་བཞི་ལས་སྐྱེས་ཤིང་མཐར་འབྱུང་བ་བཞི་ལ་ཐིམ་པར་བྱ་དགོས་པའི་འདོད་ཚུལ་འདིས་གཤིན་པོ་དུར་འཇུག་བྱ་ཚེ་མི་ལ་བསྲེགས་པ། ཆུ་ལ་བསྐུར་བ། ས་འོག་ཏུ་འཇུག་པ། རླུང་སྟེ་བྱ་རྒོད་ལ་གཡེང་བ་བཅས་བེམ་པོ་དེ་ཉིད་ངེས་པར་འབྱུང་བ་བཞི་གང་རུང་ལ་ཐིམ་པར་བྱེད་པའང་གནད་འདི་ལ་ཐུག་པར་སྙམ། དེ་བཞིན་ཆེས་སྔ་བའི་གནའ་ཤུལ་བང་སོ་དག་ན་བེམ་པོ་མེ་ལ་སྲེག་པའི་སོལ་བ་མཐོང་ཡུལ་དུ་ཡོད་པ་སོགས་ལ་གཞིགས་ན་མི་ནི་ཆེས་གདོད་མ་ནས་མེས་པོ་གོང་མ་ཚོས་ཧ་ཅང་གཙིགས་ཆེན་བྱེད་པ་མཐོང་ཐུབ་ལ། བོད་ཀྱི་དམངས་ཁྲོད་དུའང་བྱ་དེ་ཕོ་ལྷ་ཡུལ་ལ་མེ་སློང་དུ་སོང་བའི་ངག་རྒྱུན་ངོ་མཚར་བ་མང་། དེང་དུས་དུར་ས་གསར་དུ་འཚོལ་བ་ལ་ངག་རྒྱུན་དུ་རི་ཡག་ས། ས་གཙང་ས་སོགས་གཙང་ཞེས་པའི་ཐ་སྙད་འདི་དང་མ་བྲལ་བ་ལ་བསམས་ན་མི་སོགས་འབྱུང་བ་བཞིའི་རང་སྟེང་ནས་གཙང་གི་གོ་དོན་ཞིག་མི་མངོན་ཤུགས་ནས་བསྟན་ཡོད་པ་གོ་ནུས། བེམ་པོ་དེ་མེ་ལ་བསྲེགས་པས་རོའི་སྟེང་གི་བཙོག་གྲིབ་དང་དྲི་མ་ཡོད་ཚད་བསངས་ཐུབ་པ་རིགས་པས་གྲུབ་ཅིང་། ལྷ་གསོལ་བསང་མཆོད་ཀྱི་སྐབས། མཆོད་པའི་རིགས་ལ་ཆོ་ག་སྣ་ཚོགས་ཤིག་ཡོད་ཀྱང་བསྡུས་ན་མཆོད་རྫས་རྗེན་པར་བཤམས་ནས་མཆོད་པ་དང་། ཡང་ན་མེ་ལ་སྦྱིན་སྲེག་བྱས་ནས་མཆོད་པའི་ལུགས་གཉིས་མཆིས། རྒྱ་ནག་གི་སྲོལ་དུ་རང་གི་ཡང་མེས་ཀྱི་བང་སོའི་མདུན་དུ་འབུལ་རྒྱུའི་དངོས་པོ་རྣམས་རྗེན་པར་བཤམས་པ་དང་། བོད་ཀྱིས་གཙོ་བོ་ཙན་དན་ག་བུར་གུར་གུམ་ཨ་ག་རུ་ཛཱཏི་སྟེ་དྲི་བཟང་ལྔ་དང་རིན་པོ་ཆེའི་རིགས་དང་། གྲོ་ནས་སོགས་འབྲུའི་རིགས་དང་། གོས་དར་སོགས་ཟ་འོག་གི་རིགས་དང་། ཨ་ག་རུ་ཨུཎྞལ་ཀུ་མུད་སོགས་མེ་ཏོག་གི་རིགས་དང་། བདུག་སྤོས་རྒྱ་སྤོས་སོགས་སྤོས་ཀྱི་རིགས་དང་། ཤུག་པ་བ་ལུ་འཁན་པ་སོགས་བསང་རྫས་ཀྱི་རིགས་དང་། དཀར་གསུམ་མཁོ་དགུའི་དཔལ་འབྱོར་ཞེས་མི་རང་རང་གིས་འབྱོར་ཚད་ལྟར་དངོས་པོ་གང་འོས་མེ་ལ་བསྲེགས་ནས་མཆོད་པའི་སྲོལ་ཡོད།
          བསང་གི་འབོད་ཚུལ་ལ་ས་ཆ་སོ་སོར་འདྲ་མིན་གང་མང་ཡོད་དེ། ས་ཆ་འགའ་ཞིག་ཏུ་ཤ་ཁྲག་མ་འདྲེས་པའི་རྫས་དཀར་རྐྱང་བ་མེ་ལ་ཕུད་ནས་དེར་ཆབ་བྲན་པ་ལ་བསང་ཞེས་འབོད་པ་དང་། ཤ་ཁྲག་དང་ཡང་ན་ར་ལུག་གི་ནང་སྙིང་རྗེན་པར་མི་ལ་མཆོད་པར་གསུར་དུ་འབོད། ཡང་ས་ཁུལ་ལ་ལས་ཤ་ཁྲག་དང་འབྲུ་སྣ་སོགས་འདྲེས་མས་མཆོད་པ་ལ་དམར་བསང་ངམ་དམར་མཆོད་དུ་འབོད་ཅིང་། རྩམ་པ་དང་མར། འབྲུ་སྣ་ཚོགས།དར་གོས། ཤིང་ཏོག་གི་རིགས། རྩི་ཐོག་སྨན་སྣ་སོགས་དཀར་རྫས་རྐྱང་བ་བྱས་ནས་ཆབ་བྲན་པ་ལ་བསང་ཟེར་བ་རེད། ཡང་ས་ཆ་རེ་འགས་ཤ་འཚིག་པའི་དྲི་ལ་གསུར་དྲི་བྲོ་ཞེས་བརྗོད་སྲོལ་ཡོད་པས་དམར་བསང་ལ་ལན་རེར་བསུར་དུ་འབོད་ལུགས་ཀྱང་མཆིས། ད་དུང་རྩམ་པ་དང་མར་ཉུང་ངུ་རྐྱང་བ་ཙམ་རེ་མེ་ལ་ཕུད་པ་དེར་ཚ་གསུར་བྱ་བ་སོགས་ཐ་སྙད་བྱེ་བྲག་པ་ཧ་ཅང་མང་པོ་འདུག གཤིན་པོ་དང་ནད་ཡམས་མུ་གེ་སོགས་ཀྱི་རིམ་གྲོར་ཚ་གསུར་ཕུད་པ་ལ་ཆབ་ཡེ་ནས་མི་བྲན། གཞན་རྫས་དཀར་པོ་རྐྱང་བ་ཅན་གྱི་བསང་ལ་ནང་གསེས་སུ་ལྗོན་ཤིང་གི་བསང་། རྩི་ཤིང་གི་བསང་། འབྲུ་ཤུག་གི་བསང་། དར་གོས་ཀྱི་བསང་སོགས་སྣ་མང་དུ་དབྱེ་ཆོག་པ་རྒྱལ་དབང་ལྔ་པས་གསེར་གྱི་མདངས་ལ་འཁུ་བའི་ལོ་འདབ་ཚོགས།། གཡུར་དུ་ཟ་བའི་ལྗོན་ཤིང་སྟག་པས་བསངས།།གཡུ་ཡི་མདོག་ཅན་གནམ་སྔོན་ཞུན་མ་དག། འཁྱིལ་འདྲའི་འདབ་མ་རབ་རྒྱས་ཤུག་པས་བསངས།། རབ་དཀར་དུང་གི་མདངས་ལ་འགྲན་བཟོད་པའི།། ཕང་ཕུང་འདབ་མ་བཞད་པའི་འཁན་པས་བསངས།། མཆོང་གི་མདོག་ལྟར་རབ་དམར་ལོ་འདབ་ཀྱི།། ཕང་ཕུང་མཛེས་པར་རྒོད་པའི་བ་ལུས་བསངས།། བཟང་དྲུག་སྨན་དང་སྤོས་དཀར་མ་ནུ་དང་།། ཙན་དན་དཀར་དམར་ཨ་ག་རུ་ཡིས་བསངས།། བདུད་རྩི་སྨན་གྱི་ལྗོན་པའི་ཤིང་གི་ཚོགས།། ཕྱེ་མར་ཟས་ཕུད་འབྲུ་སྣའི་རིགས་ཀྱི་བསངས།། དར་དང་ཟ་འོག་རིན་ཆེན་རྣམ་པ་ལྔ།། དཀར་གསུམ་མངར་གསུམ་ལ་སོགས་མཐུན་པའི་རྫས།། ཏིང་འཛིན་སྔགས་དང་ཕྱག་རྒྱས་བྱིན་རླབས་ནས།། རང་རང་འདོད་པའི་དངོས་པོར་གྱུར་པས་བསངས།། ཞེས་གསུངས་པ་ལས་གཙང་མར་བྱས་པའི་དོན་བསངས་ས་མཐའ་ཅན་འདི་བྲིས་པ་ནི་ཆེས་གདོད་མའི་དུས་ཀྱི་བསང་གི་ཐོག་མའི་འབྱུང་ཁུངས་དང་འབྲེལ་ཞིང་། བསངས་ས་མཐའ་མེད་པ་ནི་དེང་སང་གི་གོ་དོན་དང་འགྲེལ་ན་ཧ་ཅང་མཐུན་པར་མངོན།། 
          བསང་ཕུད་ཚུལ་གྱི་རྣམ་པའི་ཆ་ནས་དབྱེ་ན་སྒེར་བསང་དང་སྤྱི་བསང་གཉིས་སུ་དབྱེ་ཆོག་སྟེ།སྒེར་བསང་ནི་ཁྱིམ་ཚང་དང་མི་སྒེར་གཅིག་པུས་ཕུད་པའི་བསང་ཡིན་ལ། དེ་ཕལ་ཆེར་ནངས་དགོང་གི་དུས་སུ་རྒྱུན་ཕུད་བྱེད་ཅིང་ཉིན་གུང་ཕུད་པ་ཉུང་། སྤྱི་བསང་ནི་ཚོ་བ་ཤོག་ཁ། སྡེ་བ་རུ་སྐོར་སོགས་མི་ཚོགས་ཐུན་མོང་གིས་དུས་གཅིག་ཏུ་ཕུད་པ་ཡིན་ལ།གཙོ་བོ་ལོ་གསར་དང་དྲུག་པའི་ཀླུ་རོལ་ལྟ་བུ་དུས་ཆེན་གྱི་སྐབས་སུ་བྱེད།སྲོལ་འདི་ནི་བོད་ཀྱི་ས་ཁུལ་མང་ཆེ་བར་དར་ཡོད་ལ།སྡེ་བ་སོ་སོ་ཕྱོགས་གཅིག་ཏུ་འདུས་ནས་བསང་ཕུད་དེ་ལོ་དེའི་ཆར་ཆུ་དང་ལོ་ཕྱུགས་ལེགས་ཤིང་མུ་གེ་སོགས་མི་འབྱུང་བའི་རིམ་གྲོ་བྱེད་པ་རེད།གཞན་བོད་ཟླ་ལྔ་པའི་ཚེས་བཅོ་ལྔ་ཉིན་ག་ས་གང་དུ་བསང་རྒྱ་ཆེན་པོ་ཕུད་པ་འདི་ལ་འཛམ་གླིང་སྤྱི་བསང་དུ་གྲགས།འདི་ལྟར་ལྷ་ཀླུ་གཉན་གསུམ་ལ་བསང་གི་མཆོད་པ་རྒྱ་ཆེན་བཤམས་ན། མི་གཙང་ཉེས་པའི་ཚོགས་ཀུན་སེལ་བ་དང་།།དངོས་གྲུབ་སྩོལ་ཕྱིར་བསངས་ཀྱི་མཆོད་པ་འབུལ།། ཞེས་གནོད་པའི་ལས་གང་བགྱིས་པའི་སྡིག་སྒྲིབ་སེལ་ཞིང་འདག་པ་དང་།ན་བ་སོགས་མི་འདོད་པའི་རྐྱེན་ངན་མཐའ་དག་ཞི་བ་དང་།མཆོག་དང་ཐུན་མོང་གི་དངོས་གྲུབ་འབྱུང་བར་གསུངས།དམངས་སྲོལ་རིག་པའི་མཁས་པ་ཚོས་བཤད་ན་མི་རྣམས་ཀྱིས་ལྷ་འདྲེར་མཆོད་པ་བྱེད་པའི་དམིགས་ཡུལ་གཙོ་བོ་ནི་བགེགས་བར་ཆད་དང་ནད་གདོན་སོགས་ཞི་ནས་བསོད་ནམས་འཕེལ་བར་འདོད་པ་ལས་མ་འདས་ཞེས་པ་ལྟར།བསང་ཕུད་ན་སྤྱི་སྒེར་གཉིས་ཀར་ཕན་ཐོགས་དགེ་མཚན་མང་ཞིང་།བྱ་བ་ལམ་འགྲོ་ཡོང་བའི་རྟེན་འབྲེལ་ལ་ཡང་བརྟག་པའི་སྲོལ་འདུག་པ་ལྟར།བོད་ཀྱི་ས་ཁུལ་ཁ་ཤས་སུ་སྦྲ་ནང་ནས་བསང་ཕུད་དེ་བསང་དུད་ཀྱི་རྒྱུ་ཕྱོགས་ལ་བལྟས་ཏེ་ལོ་དེའི་ནང་གི་བྱ་བ་ཐམས་ཅད་སྔོན་དཔག་བྱེད་པའི་སྲོལ་ཡང་ཡོད།།