ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ།

གཙང་ཁུལ་གྱི་བཟའ་བཅའ་བང་བིག

སྤེལ་དུས 2018-06-01 ཡོང་ཁུངས། གངས་ལྗོངས་ཉི་གཞོན། རྩོམ་པ་པོ། རྡོ་རྗེས་བསྒྲིགས།

          ལུང་པ་གང་ཡིན་ཆས་ཀྱིས་ཤེས་ཞེས་པ་ནི་བོད་མི་ཀུན་གྱིས་ངག་ནས་བཟློ་བའི་གཏམ་དཔེ་ཞིག་རེད། དེའི་དོན་ནི་ལུང་པ་རེ་ལ་སྒྲ་གདངས་དང་འགྲོས་གཅིག་མིན་ལ་མི་བལྟོས་པའི་སྐད་ཡུལ་སྐདརེ་ཡོད་ཟེར་བ་ལྟར་ཡུལ་ལུང་གང་ནས་ཡིན་པ་དེ་གཙོ་ཆེར་སྐད་ཆའི་སྟེང་ནས་ཤེས་ངེས་ཟེར་བ་ཡིན།
          སྐྱེ་བུ་གང་ཞིག་ལུང་པ་གང་ནས་ཡིན་མིན་དེ་སྐད་དང་ཆས་ཙམ་མ་ཡིན་པར་ད་དུང་ཡུལ་ལུང་དེའི་དམིགས་བསལ་ཐོན་ཁུངས་ཏེ། བཟའ་བཅའ་སོགས་ནས་ཀྱང་ངེས་ཤེས་ཐུབ་ཀྱི་ཡོད། དཔེར་ན་གྲོང་ཁྱེར་གྱི་ཁྲོམ་གཞུང་གང་ཞིག་ན་སྐམ་གསོལ་ཤ་སྐམ་པོ་བཙོངས་མཁན་གྱི་རྒད་པོ་རྒན་མོའམ། ན་གཞོན་གང་རུང་ཡོད་ན་དེ་ནི་ཡར་འབྲོག་སྐམ་གསོལ་ཞེས་མང་ཆེ་བ་ནི་ལྷོ་ཁའི་ཡར་འབྲོག་གི་ཡིན་པ་རྟོགས་པ་དང་། གལ་ཏེ་ཁྲོམ་ཟུར་གང་ས་ན་རྩེ་གྲ་བཙོངས་མཁན་ཡོད་ན་དེ་ནི་གཙང་རིན་སྤུངས་ནས་ཡིན་པའི་ངེས་ཤེས་ཐུབ་པ། གལ་ཏེ་བོད་ཕག་གི་ཤ་བཙོངས་མཁན་ཡོད་ན་དེ་ནི་ཀོང་པོ་ཁུལ་གྱི་མི་ཡིན་པར་ངོས་འཛིན་ཐུབ་པ། དེ་བཞིན་ཤ་མར་ཐུད་སོགས་བཙོངས་མཁན་མང་ཆེ་བ་ནི་ནག་ཆུ་ནས་ཡིན་པའི་ངེས་ཤེས་ཐུབ་པ། ད་དུང་བང་བིག་བཙོང་མཁན་ཞིག་ཡོད་ན་དེ་ནི་གཙང་ཁུལ་གྱི་མི་ཡིན་པ་ཤེས་ཐུབ། སྐམ་གསོལ་དང་བོད་ཕག་གི་ཤ མར་དང་ཐུད་སོགས་བཙོངས་མཁན་ཚང་མ་ཡར་འབྲོག་དང་ཀོང་པོ། ནག་ཆུ་སོགས་ཡུལ་སོ་སོ་བའི་ཡིན་པའི་ངེས་པ་མེད། ཡིན་ཀྱང་བང་བིག་བཙོང་མཁན་ཞིག་ཡོད་ན་དེ་ནི་ཧ་ལམ་གཙང་ཁུལ་གྱི་ཡིན་ཚོད་རེད་དེ། བང་བིག་ནི་གཙང་ཁུལ་ཁོ་ནར་མ་གཏོགས་མེད་པའི་བཟའ་བཅའ་ཞིག་རེད།
          རེད་དེ། བཟའ་བཅའ་ནི་སྟོད་མངའ་རིས་ནས་སྨད་མདོ་ཁམས་ཙམ་མ་ཡིན་པར་འཛམ་གླིང་སྟེང་གི་སྐྱེ་འགྲོ་ཀུན་གྱིས་རེ་བསྙེགས་དང་དང་དོད། དོ་སྣང་དང་འབད་འབུངས་བྱེད་ཅིང་། འཚོ་གནས་དང་ཐད་ཀར་འབྲེལ་བའི་རྒྱུན་སྤྱོད་དངོས་པོ་ཞིག་ཡིན།
          གཙང་ཁུལ་གྱི་དམིགས་བསལ་བཟའ་བཅའ་བང་བིག་ཅེས་པ་དེ་དེ་སྔོན་དགེ་འོས་སློབ་གྲྭ་འགྲིམ་དུས་ནས་བཟའ་མྱོང་ཡོད་མོད། དེའི་རྒྱུ་ཆ་གང་ཡིན་དང་དེ་ཇི་ལྟར་བཟོ་གི་ཡོད་མེད་ཐད་མནོ་བསམས་གཏོང་མ་མྱོང་། ཕྱིས་སུ་ལས་བཀོད་གཙང་ཁུལ་དུ་བརྒྱབ་པས་ཁོ་བོར་མཚོན་ན་གཙང་ཁུལ་གྱི་རིག་གནས་ལ་རྒྱུས་ལོན་བྱ་རྒྱུའི་གོ་སྐབས་བཟང་པོ་བྱུང་མོད། ཉིན་ལྟར་སློབ་ཁྲིད་ཀྱི་འགན་འཁྲི་དང་རྣམ་གཡེང་། ལེ་ལོ་ཁོ་ནའི་དབང་གིས་རྒྱ་ཆེ་ལ་གཏིང་ཟབ་པའི་གཙང་ཁུལ་ཡུལ་སྲོལ་རིག་གནས་དག་ལ་མྱུལ་བའི་ཁོམ་སྐབས་ཤིག་བྲལ།
          རང་ཅག་བོད་མི་རིགས་ནི་ལས་བརྩོན་དཔའ་ངར་ལྡན་ཞིང་རིག་གནས་ཕུན་སུམ་ཚོགས་པའི་གནའ་བོའི་མི་རིགས་ཤིག་ཡིན་པས། རྒྱ་ཆེ་ལ་གཏིང་ཟབ་པའི་རིག་གནས་དག་ལ་འབད་བརྩོན་གྱིས་དཔྱད་ཞིབ་བྱ་རྒྱུ་ནི་ང་ཚོ་ཕྱི་རབས་པའི་འོས་འགན་ཞིག་ལོས་ཡིན། མ་ཟད་དམངས་ཁྲོད་ནས་བྱུང་བའི་རིག་གནས་དག་ལ་གཅེས་འཛིན་གྱིས་མ་ཉམས་གོང་འཕེལ་དང་ཉམས་པ་དག་རྒན་རབས་ཚོར་བཅའ་འདྲི་དང་རིག་གཞུང་ཁག་ལ་བཙལ་འཚོལ་གྱིས་སླར་གསོ་བྱ་རྒྱུ་དེ་ཡང་ང་ཚོའི་འོས་འབབ་ཅིག་ཅི་ལ་མིན།
          ད་ཆ་ཁོ་བོ་གཙང་ཁུལ་སློབ་གསོའི་ལས་ཀར་བཞུགས་ནས་བགྲང་བྱ་དགུ་ཙམ་འདས་ལ་ཉེ་མོད། གཙང་ཁུལ་གྱི་རིག་གནས་ཁག་ལ་རྒྱུས་ལོན་ནི་ཉི་མོའི་སྐར་མ་དང་རི་བོང་གི་རྭ། མོ་གཤམ་གྱི་བུའི་རྗེས་སུ་མཐུན་མོད། སྟབས་ལེགས་པ་ཞིག་ལ་ཁ་སྔོན་སློབ་སྤྱི་ལགས་ཀྱིས་སློབ་གྲྭའི་ནང་ཁུལ་ལྟ་ཀློག་སློབ་དེབ་ཅིག་གང་མགྱོགས་རྩོམ་འབྲི་བྱེད་དགོས་པའི་སྐུལ་མ་གནང་བ་ལྟར་ད་ཐེངས་གཙང་ཁུལ་གྱི་རིག་གནས་ལ་ཅུང་ཙམ་རྒྱུས་མངའ་བྱེད་པའི་སྐལ་བཟང་ཞིག་ལྡན་སོང་།
          གཙང་ཁུལ་གྱི་དམངས་སྲོལ་རིག་གནས་ཁག་བགྲང་གིས་གཞལ་དཀའ་མོད། གཙོ་ཆེར་གཙང་གི་གཟིགས་མོ་ཆེན་པོ་དང་རྒྱལ་རྩེ་མདའ་དམག་དུས་ཆེན་གྱིས་གཙོས་དམངས་ཁྲོད་དུས་ཆེན་ཁག་དང་། མཐོང་སྨོན་ཆབ་ཁའི་དངུལ་གྲི་དང་གྲོ་མོའི་ཨ་འདར་གྱིས་གཙོས་པའི་ཡུལ་ལུང་ཐོན་རྫས་དག་ནི་དམིགས་བཀར་གྱི་ཡུལ་ལུང་ཁྱད་ཆོས་ཡོད་པ་ཞིག་རང་རེད་འདུག གཞན་ཡང་བང་བིག་ནི་གཙང་ཁུལ་ཁྱོན་ཡོངས་ཀྱི་བཟའ་བཅའ་ཁྱད་འཕགས་ཅན་ཞིག་རེད།
         སྤྱིར་ཟས་རིགས་ལ་དབྱེ་ན་དཀར་ཟས་དང་དམར་ཟས་ཞེས་རིགས་གཉིས་ཙམ་ཡོད་ལ། དུས་རྒྱུན་ཚེས་བཟང་ཉིན་བོད་མི་མང་ཆེ་བས་དཀར་ཟས་ཁོ་ན་སྤྱོད་ཀྱིན་ཡོད། དཀར་ཟས་ནི་ཤ་ཚིལ་དང་སྒོག་ཙོང་རིགས་མ་འདྲེས་པའི་ཟས་རིགས་དང་དམར་ཟས་ནི་ཤ་ཚིལ་དང་སྒོག་ཙོང་ལྡན་པའི་ཟས་རིགས་དག་ལ་ངོས་འཛིན་བྱེད། གཙང་ཁུལ་གྱི་བང་བིག་ལའང་ཤ་རྩབས་ནས་བཟོས་པའི་བང་བིག་དང་ཤ་མེད་པར་བཟོས་པའི་བང་བིག་ཁག་གཉིས་ཙམ་འདུག་པར་བལྟས་ན་དཀར་ཟས་དང་དམར་ཟས་གཉིས་ཀ་ཡོད་པར་སྣང་།
         དེ་སྔོན་དུས་དེབ་ཅིག་ལས་བང་བིག་སྐོར་གྱི་རྩོམ་ཡིག་ཅིག་མཐོང་བྱུང་ཡང་ད་ཆ་རྗེད་ངད་རྐུན་པོས་དེའི་སྐོར་ཡོངས་སུ་ཟས་ཟིན། སྟབས་ལེགས་ནས་ད་ཐེངས་སློབ་གྲྭའི་ནང་ཁུལ་ལྟ་ཀློག་སློབ་གཞི་རྩོམ་སྒྲིག་བྱ་དགོས་པས་ཐད་ཀར་ཁྲོམ་གཞུང་གང་སར་བང་བིག་ཚོང་མཁན་གྱི་སར་དེའི་སྐོར་རྒྱུས་ལོན་བྱེད་དུ་སོང་བ་ཡིན།
སྤྱིར་ན་གཞིས་རྩེ་གྲོང་ཁྱེར་ནི་ལྷ་ས་ལས་ས་འབབ་ཅུང་མཐོ་ལ་མི་ཚོགས་མཐུག་པ་ཞིག་རེད། ཡིན་ནའང་རླུང་པོས་གང་སར་གཡུགས་པའི་སྙིགས་རོ་དག་འཁྱེར་ཏེ་ཁྱེད་ལ་སེམས་ཅོང་ཅོང་བའི་སྣང་བ་བན་བུན་ཞིག་སྟེར་སྲིད། བདག་གིས་ཁྲོམ་སྲང་མང་ཆེ་བ་སྐོར་ཏེ་ལམ་འགྲམ་དང་སྲང་མདོ་གང་སར་བསྐྱོད་དེ་བང་བིག་ཚོང་མཁན་ཡོད་ཚད་ལ་དེའི་སྐོར་གྱི་ཤེས་བྱ་ཕྲན་ཙམ་སློབ་སྟོན་གནང་རོགས་ཞུས་ཀྱང་དེ་ངས་མི་ཤེས། ང་ཡང་བང་བིག་ཚོང་བ་ལས་བཟོ་མི་ཤེས། ངས་ཀྱང་བང་བིག་གཞན་གྱི་ས་ནས་ཉོས་ཏེ་བར་དུ་བཙོང་གི་ཡོད། ཅེས་དང་བང་བིག་བཟོ་སྟངས་བསླབས་ན་ནང་མིས་གཤེ་གཤེ་གཏོང་ངེས་རེད། དེ་བཞིན་ཁྱོད་ཀྱང་བང་བིག་བཙོང་འདོད་དམ། བསླབ་ན་ཡོང་གི་མ་རེད། སོགས་ཀྱིས་ཡིད་ལ་རེ་བའི་འབྲས་བུ་ནི་ཉིན་མོའི་སྐར་མ་བཞིན་འགྱུར།
          ད་ཆ་བདག་ནི་གཤོག་ཡ་ཆག་པའི་བུང་བ་དང་དབུགས་ཆད་པའི་བྱིའུ་ཆུང་བཞིན་ཉབ་བེ་ཉོབ་བེར་ཁྱིམ་དུ་ལོག་པར་བརྩམས་པ་ན། གྲོང་ཁྱེར་མི་དམངས་སྨན་ཁང་གི་སྒོ་འགྲན་ན་མི་མང་པོ་ཞིག་ཤ་ལ་རྔམ་པའི་སྦྲང་མ་བཞིན་ཅི་ཞིག་ཧབ་ཐོབ་བྱེད་བཞིན་འདུག་པ་དེར་ལྟ་ཙམ་བྱ་འདོད་ཀྱིས་དེའི་ཕྱོགས་སུ་ཆས་པ་ཡིན། ཨ་ཙི། དེ་གར་ནི་གཞན་གང་ཡང་མེད་པར་བང་བིག་བཙོངས་མཁན་གྱི་གཞོན་ནུ་མ་གཉིས་འདུག་ལ་གཡས་གཡོན་ན་མི་མང་པོ་ཞིག་བང་བིག་ཧབ་ཐོབ་ཀྱིས་ཉོ་བཞིན་འདུག བདག་གིས་ཀྱང་དེར་སྐད་ཆ་ཞིག་དྲིས་ན་རེ་འབྲས་ཐོན་མི་སྲིད་ཀྱང་དེ་གའི་བང་བིག་གི་བྲོ་བ་ཞིག་ལྟ་དགོས་བསམས་ཏེ། ཟུར་གྱིས་རྐུབ་སྟེགས་སུ་བསྡད་དེ་སྒོར་མོ་གསུམ་ཅན་གྱི་བང་བིག་ཅིག་དགོས་ལུགས་ལབ་པ་ཡིན། ཚོང་གཉེར་བ་ལོ་ཅུང་རྒན་པ་དེས་ཨོ་ལོ། ཅུང་ཙམ་སྒུག་ན་འགྲིག་གམ། ཟེར་བྱུང་བས་དེ་ལ་ཁོ་བོས་ཀྱང་ཆོག་པའི་རྣམ་འགྱུར་ཞིག་བསྟན། ལགས་སོ། ཁྱེད་ཀྱི་སྒོར་མོ་གསུམ་ཅན་གྱི་བང་བིག་འདི་ན་ཡོད། དུས་ཡུན་སྐར་མ་གཉིས་ཙམ་ནས་ཁོ་པའི་མདུན་དུ་བང་བིག་བླུགས་པའི་སྡེར་མ་ཆུང་ཆུང་ཞིག་ཁོ་བོར་སྤྲད་བྱུང་། ཐུགས་རྗེ་ཆེ། ཁྱེད་རང་ཉིན་ལྟར་བང་བིག་བཙོངས་ཀར་ཕེབས་ཀྱི་ཡོད་དམ། ལགས་ཡིན། ཉིན་ལྟར་འདི་ཀར་ཡོང་གི་ཡོད། བདག་གིས་བང་བིག་སྡེར་མ་ལེན་ཞོར་དེ་ལྟར་དྲིས་པ་ན་ཁོང་གིས་ཀྱང་སུན་སྣང་མེད་པར་ལན་བསྐྱོན་གནང་བྱུང་།
          བང་བིག་ནི་སྲན་མ་བཙོས་པའི་ཁུ་བས་བཟོས་པ་ཡིན་ལུགས་སྔར་ནས་ཐོས་མྱོང་མོད། ཡང་སྙིང་ཇི་ལྟར་བཟོ་གི་ཡོད་མེད་ཤེས་ཀྱི་མེད། ཁོ་བོས་བང་བིག་ཁམ་རེ་རེའི་བྲོ་བ་ངོམས་ཤིང་ཡང་སྙིང་དེར་སྨན་སྣ་ཇི་ལྟ་བུ་ཞིག་བླུགས་ཡོད་དམ་སྙམ་མུར། ཁྱེད་ཀྱིས་བང་བིག་བཟོ་སྟངས་ཤིག་ཁོ་བོར་ལབ་ན་ཆོག་གམ་ཞེས་སྨྲ་བར་ཐལ། བང་བིག་ཚོང་མཁན་དེས་ལབ་ཀྱང་ཆོག་མོད། དེ་བཟོ་བར་རྙོག་དྲ་ཆེན་པོ་ཡོད་པ་རེད་ཟེར་བར་བལྟས་ན་གོང་དང་འདྲ་བར་རང་ཉིད་ཀྱི་ཚོང་བརླག་དྭོགས་བྱེད་པ་འདྲ། ཁོང་གིས་བང་བིག་བླུགས་པའི་སྡེར་མ་ཞིག་འཁྲིས་ཀྱི་རྒན་མོ་ཞིག་འདུག་པ་དེར་སྤྲོད་ཞོར་བང་བིག་བཟོ་དུས་སྔོན་ལ་སྣུམ་ནང་བརྔོས་པའི་ཙོང་དགོས་ཤིང་། དེས་བང་བིག་གི་བྲོ་བ་ཐོན་ཟེར། དེ་ནས་ཕིང་འཐག་པའི་ཁུ་བ་དེས་བང་ཁུ་བྱེད་ཅིང་དེའི་སྟེང་ཕིང་རྩམ་བླུགས་དགོས།
          རེད་ཡཱ། ཁོང་གི་སྒམ་ནན་ཆེ་བའི་གཏམ་ཚིག་རེ་རེའི་གསིང་ན་དྲང་བདེན་གྱི་འཛུམ་མདངས་རེ་རེ་མངོན་ཡོང་ཞིང་། དྲང་བདེན་གྱི་འཛུམ་དམུལ་རེ་རེའི་གསིང་ན་ཚོང་པ་ཞིག་གི་ཡ་རབས་དང་གཤིས་རྒྱུད་མངོན་ཡོང་བ་རེད། ཁོ་བོས་བང་བིག་ཟ་ཞོར་ཁོང་དང་གླེང་མོལ་གང་འཚམ་བྱས་རྗེས་ཁོང་གིས་གསུངས་རྒྱུར་ནམ་རྒྱུན་ཡིན་ན་ཉིན་རེར་བང་བིག་ཧ་ཡང་འབྲུ་རྒྱ་མ་ཉེར་ལྔ་ཤོང་བའི་ཧ་ཡང་ཞིག༽དགུ་ནས་བཅུའི་བར་དྲིན་གྱི་འདུག གལ་ཏེ་ལོ་གསར་སོགས་དུས་ཆེན་ཡིན་དུས་དེས་མི་ཚད་གསུངས་བྱུང་། ཁོང་གི་ངང་རྒྱུད་རིང་བའི་གཏམ་གླེང་དག་ལ་ཉན་རྗེས་ངའི་སེམས་ལ་ཁོང་ནི་ད་གིན་གྱི་བང་བིག་ཚོང་མཁན་གཞན་དང་རྩ་བ་ནས་མི་འདྲ་ཞིང་ཁོང་ལ་དྭངས་གཙང་གི་མི་གཤིས་ཤིག་དང་ལྷད་མེད་པའི་སེམས་ཁམས་ཤིག་ལྡན་པ་མ་ཟད། ཁོང་ནི་དྲང་བདེན་དང་ཡ་རབས་ཀྱི་ཚོང་གཉེར་ལ་འཇུག་མཁན་ཞིག་ཡིན་པའང་རྟོགས་བྱུང་།
          ཕྱིས་ཁྱིམ་དུ་ལོག་ནས་མཛེས་སྡུག་ལྡན་པའི་གཞིས་ཀ་རྩེ་་ཞེས་པའི་དཔེ་ཆ་ཞིག་བལྟ་དུས་དེའི་ནང་ལའང་ཁོང་གིས་གསུངས་པ་ལྟར་གྱི་བང་བིག་བཟོ་སྟངས་ཤིག་བཀོད་འདུག བང་བིག་ནི་སྲན་མའི་པགས་ལ་བཤུས་རྗེས་དེའི་ཕྱེ་མ་ཞིབ་ཞིབ་དང་ཆེས་ཞིབ་པས་ཕིང་འཐག་བྱེད་དང་། རྩིང་བ་དུད་འགྲོར་སྟེར་བ་ལས་ཞིབ་ཞིབ་དེ་བཀོལ་ཏེ་ཆུ་ཁོལ་ནང་དིར་རྗེས་གྲང་བསང་བཏང་ནས་ཡུད་ཙམ་བཞག་རྗེས་བྱུང་བ་ཤེས་རྟོགས་བྱུང་ལ། དེར་རང་རང་གི་བྲོ་བ་བཞིན་ཙོང་དང་ད་ལི། སྣུམ། དེ་བཞིན་ཤ་ཕྱེ་སོགས་བླུགས་སྲོལ་ཡོད་པའང་ཤེས་བྱུང་།