ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཁང་གཞིས།

བོད་ཀྱི་རྫ་ཆས་སྟེ་གནའ་བོའི་མེ་དང་ས་ཡི་སྒྱུ་རྩལ།

སྤེལ་དུས 2017-09-06 ཡོང་ཁུངས། བོད་ཀྱི་རྩོལ་བྱུང་རིག་གནས་དང་ས་གཤིས་ཆགས་ཚུལ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
            བོད་ལྗོངས་མལ་གྲོ་གུང་དཀར་རྫོང་དག་པ་གྲོང་བརྡལ་དག་པ་གྲོང་ཚོ་ནི་ལྷ་ས་དང་ཉིང་ཁྲིའི་བར་གྱི་ཡུལ་སྐོར་ལམ་ཐིག་གཙོ་བོ་སྟེ་རྒྱལ་ལམ་༣༡༨ཀྱི་སྟེང་གི་ལྷ་སའི་གཙང་བོའི་རྒྱུད་དུ་ཆགས་པའི་ཞིང་ལས་གྲོང་ཚོ་ཆུང་ངུ་ཞིག་རེད།   གྲོང་ཚོ་ཡོངས་ལ་ཁྱིམ་ཚང་༢༠ལྷག་ཡོད་ཅིང་དེ་དག་ལས་མང་ཆེ་ཤོས་ཀྱིས་རྫ་ཆས་བཟོ་བར་བརྟེན་ནས་འཚོ་བ་རོལ་བཞིན་ཡོད།  གལ་ཏེ་རླངས་འཁོར་ལ་བསྡད་དེ་ལྷ་ས་ནས་ཉིང་ཁྲིར་བསྐྱོད་པ་ཡིན་ཚེ།    མལ་གྲོ་གུང་དཀར་རྫོང་ཡོད་སའི་དག་པ་གྲོང་བརྡལ་བརྒལ་ནས་སྤྱི་ལེ་གཅིག་ཙམ་བརྒྱུད་ན་གྲོང་ཚོ་ཆུང་ཆུང་ཞིག་གཞུང་ལམ་གྱིས་འཕྲེད་དུ་བཅད་དེ་ཁྱིམ་ཚང་བཅུ་ལྷག་གཞུང་ལམ་གྱི་ཕྱོགས་གཉིས་སུ་ཆགས་ཡོད་པ་དེ་ནི་དག་པ་གྲོང་ཚོ་རེད། ལོ་རྒྱུས་སྟེང་རྫ་ཆས་བཟོ་བའི་རྫ་བཟོ་གྲོང་ཚོ་ཞེས་སྐད་གྲགས་ཆེན་པོ་ཡོད།  དེར་ཡང་ཐུགས་མཉམ་ཅུང་ཙམ་བཞག་ཙ་ན།  གྲོང་ཚོའི་འདབས་ཀྱིས་གཞུང་ལམ་གྱི་འགྲམ་གཉིས་སུ་རྫ་ས་དམར་པོའི་ཤུལ་ཡོད་ལ།   དེ་ནི་དག་པ་གྲོང་ཚོས་རྫ་ཆས་བསྲེགས་པའི་ཤུལ་ཡིན་ལ་དག་པ་གྲོང་ཚོའི་མི་རབས་ནས་མི་རབས་བར་བཞག་པའི་མཚོན་རྟགས་ཤིག་དང་།  བོད་ལྗོངས་ཀྱིས་རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་མིང་ཐོར་ཚུད་པའི་མཚོན་རྟགས་ཤིག་ཀྱང་རེད།
 
 
            བོད་ཀྱི་དམངས་ཁྲོད་རྫ་བཟོ་ལ་ལོ་ངོ༥༠༠༠ལྷག་གི་ལོ་རྒྱུས་ལྡན་ཏེ།   རྡོ་ཆས་གསར་མའི་སྐབས་སུ།  བོད་རིགས་ཀྱི་མེས་པོ་རྣམས་ཀྱིས་ནང་ས་དང་།  འཛམ་གླིང་སྟེང་གི་རྒྱལ་ཁབ་གཞན་པའི་མེས་པོ་དག་དང་མཉམ་དུ་མ་གྲོས་གཅིག་མཐུན་སྒོས་མེ་དང་ས་ཡི་ཁྱད་མཚར་རྟོགས་པ་རེད།  སྔོན་ཆད་འདམ་བག་ཏུ་འདོད་པ་དེ་མེར་བསྲེགས་ན་ཞག་གཅིག་གི་རིང་ངོ་བོའི་འགྱུར་ལྡོག་བྱུང་ནས་རྫ་རུ་གྱུར་པས།  མེས་པོ་རྣམས་དགའ་སྤྲོ་རབ་ཏུ་འཕེལ་ནས་ཡལ་ག་བསླེས་ནས་ལུགས་རྒྱགས་ཡོ་བྱད་བཟོ་བ་དང་།  དེའི་སྟེང་འདམ་བག་གཡིས་ནས་མེར་བསྲེགས་པའམ།  ཡང་ན་འདམ་བག་གིས་ཐད་ཀར་སྣོད་བཟོས་ནས་མེར་བསྲེགས་རྗེས་རྫ་སྣོད་བཟོས་པ་རེད། དེ་ནི་ཆུ་སྣོད་དང་ཟས་གཡོ་སྐོལ་གྱི་སྣོད་དུ་སྤྱོད་པ་རེད། དེ་ནས་བཟུང་། ཆུ་དང་ཤ  ཟས་འབྲུ་གཞན་དག་མཉམ་དུ་བསྲེས་ནས་གཡོ་སྐོལ་བྱེད་པར་མཆོངས་བསྐྱོད་རང་བཞིན་གྱི་གསར་གཏོད་བྱུང་པ་དང་ཆབས་ཅིག་ཉིན་རེ་བཞིན་སྔར་ལས་ཕུན་སུམ་ཚོགས་པའི་བཟའ་བཏུང་བྱུང་པ་རེད།
 
            དུས་རབས་སྔོན་མའི་ལོ་རབས་༧༠པར།  བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་པས་ཆབ་མདོའི་ཁ་རུབ་གྲོང་ཚོ་ནས་རྡོ་ཆས་གསར་མའི་རྗེས་ཤུལ་རྙེད་པ་དང་།  གནའ་རྫས་སྔོག་བཤེར་བྱས་པ་བརྒྱུད་རིག་དངོས་རིན་ཐང་ཆེན་པོ་ལྡན་པ་སྐོར་ཞིག་ས་ཐོག་ཏུ་ཐོན།  དེའི་ཁྲོད་ཀྱི་འཐུས་ཚབ་རང་བཞིན་ལྡན་པ་ནི་མཆུ་གཅིག་དང་ལྟོ་བ་གཉིས་སྦྲེལ་ནས་ཡོད་པའི་རྫ་སྣོད་ཅིག་ཡིན་ལ།  དེ་ནི་ལག་ཤེས་ཀྱིས་བཟོས་པ་དང་ཕྱི་རུ་རྒྱན་རིས་སྤྲོས་ཡོད་པ།  དབྱིབས་ནི་ཁྱད་མཚར་ཡིད་དུ་འོང་པ་ཞིག་ཡིན་པ་དང་།  ཕལ་ཆེར་སྤྱི་ལོ༤༥༠༠ནས་༥༠༠༠བར་དུ་བཟོས་པ་ཞིག་རེད།  དེའི་ལོ་རྒྱུས་ཡུན་རིང་ཞིང་ཕྱིའི་བཟོ་བཀོད་ཞིབ་ཅིང་ཕྲ་བ།  རིག་གནས་སྒྱུ་རྩལ་གྱི་མཚོན་དོན་ཕུན་སུམ་ཚོགས་པའི་དབང་གིས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་བཤམས་དངོས་རྩ་ཆེན་ཏུ་གྱུར་ཡོད་པ་མ་ཟད།  བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་གི་མཚོན་རྟགས་ཀྱང་དེའི་དབྱིབས་ལྟར་ཇུས་འགོད་བྱས་ཡོད།
 
            ལྷ་སའི་མལ་གྲོ་གུང་དཀར་རྫོང་གི་རྫ་བཟོ་ལ་ལོ་ངོ་སྟོང་ལྷག་གི་ལོ་རྒྱུས་ལྡན།  བོད་ཞི་བའི་བཅིངས་འགྲོལ་མ་བཏང་གོང་གི་བོད་རྙིང་པར།  བོད་སྲིད་གཞུང་རྙིང་པ་དང་ལྷ་སའི་དཔོན་ཆེན་སྐུ་དྲག  དགོན་ཆེན་ཁག་གིས་དག་པ་གྲོང་ཚོའི་རྫ་ཆས་བཀོད་སྤྱོད་བྱེད་བཞིན་ཡོད་པས།  ལོ་རྒྱུས་སྟེང་དག་པ་གྲོང་ཚོར་ནང་སའི་རྫ་བཟོ་གྲོང་མཁར་དང་འདྲ་བའི་གོ་གནས་གལ་ཆེན་ལྡན་མོད།  བོད་ཀྱི་སྐུ་དྲག་རྙིང་པ་དག་ནི་ནང་སའི་རྒྱལ་བོ་དཔོན་འཁོར་དང་། ལོ་རྒྱུས་སྟེང་གི་ཤེས་ལྡན་མི་སྣ་དག་ནང་བཞིན་བཟོ་རྩལ་ཕུལ་དུ་བྱུང་པའི་རྫ་ཆས་ལ་དེ་འདྲའི་སྤྲོ་བ་མེད་པ་དང་།  གཅེས་སྤྲས་ཡག་པོ་མ་བྱས་པ་མ་ཟད།  བོད་རྙིང་པས་སྲིད་གཞུང་གིས་ཡིག་ཐོག་དང་ཡིག་ཐོག་མ་ཡིན་པའི་སྒོ་ནས་དག་པ་གྲོང་ཚོའི་རྫ་བཟོ་མཁན་ལ་ཁྲལ་དང་འུ་ལག་ཇེ་ཉུང་དུ་གཏོང་པའི་དམངས་ཕན་སྲིད་ཇུས་སྤྲོད་ཀྱི་མེད་པས།  སྐབས་དེ་དུས་ཀྱི་རྫ་བཟོ་མཁན་དང་མགར་བ།  དུར་ལས་པ་བཅས་ནི་སྤྱི་ཚོགས་ནང་གྲལ་རིམ་ཆེས་དམའ་བའི་གྲས་ཡིན་ལ།    རྫ་མཁན་དག་གིས་ཕན་ཚུན་བར་གཉེན་སྒྲིག་བྱེད་པ་དང་།  རྫ་མཁན་ཕྱི་རུ་གཏོང་དུས་རང་སྒེར་གྱིས་ལག་ཏུ་ཇ་ཕོར་ཁྱེར་ནས་འགྲོ་དགོས་པ་ལས།  ཁོ་ཚོ་མི་སེར་ཕལ་བ་དང་གཉེར་བ།  གྲྭ་བ་དང་མཉམ་དུ་བཟའ་བཏུང་སྤྱོད་པའམ་མཉམ་དུ་སྡོད་པའི་ཐོབ་ཐང་མེད་པའི་སྤྱི་ཚོགས་ཀྱི་གོ་གནས་ཧ་ཅང་དམའ།  
 
དག་པ་གྲོང་ཚོའི་རྫ་བསྲེགས།
 
            དག་པ་གྲོང་ཚོ་ནི་ལོ་ངོ་བཅུའི་ཡར་སྔོན་གྱི་བརྒྱུད་རིམ་ཞིག་ལས་ངོ་ཤེས་པ་ཡིན། ཉིན་དེར་ཉིང་ཁྲིར་འགྲོ་དུས་དག་པ་གྲོང་ཚོ་བརྒྱུད་པ་ཡིན།  ལམ་འགྲམ་དུ་དུ་བ་གྱེན་དུ་འཕྱུར་པ་མཐོང་ཞིང་དེ་ནི་རྡོ་བ་མེར་བསྲེགས་པ་དང་མཚུངས།  དེའི་རྗེས་སུ་ལས་དེ་གཉེར་མཁན་གྱིས་བཤད་རྒྱུར་དེ་ནི་མིང་དུ་གྲགས་པའི་བོད་ལྗོངས་དག་པ་རྫ་བཟོ་གྲོང་ཚོ་རེད་ཟེར།  དེ་ནི་ལོ་ངོ་སྟོང་ཕྲག་དུ་མའི་སྔོན་གྱི་གནའ་བོའི་རྫ་བཟོ་ཐབས་དང་འདྲ་བར།  ཐད་ཀར་ས་སྟེང་དུ་མེར་བསྲེགས་པ་ལས་རྫ་དོང་བརྐོས་མེད།  ཐེངས་འདིར་རླངས་འཁོར་བསྡད་དེ་ཞིབ་ཏུ་བལྟ་ཁོམ་མ་བྱུང་མོད། དེས་ང་ལ་བག་ཆགས་གཏིབ་ཟབ་ཅིང་བསམ་གཞིགས་ཆེན་པོ་ཞིག་བསླངས་སོང་།
 
            དེ་ནས་ཅང་མ་འགོར་པར།  ང་རང་ཆེད་དུ་དག་པ་གྲོང་ཚོའི་དམངས་ཁྲོད་རྫ་བཟོ་སྒྱུ་རྩལ་པར་རྟོག་ཞིབ་བཅར་འདྲི་བྱེད་དུ་ཕྱིན་ནས་རྫ་བཟོའི་གོ་རིམ་ལ་ལྟ་ཞིབ་བཅར་འདྲི་བྱས་པ་ཡིན།  གྲོང་ཚོའི་ཕྱི་ཡི་རི་ངོས་ནས་ས་དམར་བླངས་རྗེས་ཐོ་བ་བརྡུང་ཞིབ་ཕྲར་གཏོང་པ།  དེའི་ནང་ཧྲི་ཡུན་རྡོ་བྱེ་དང་གཏེར་བྱེ་ཅུང་ཙམ་བླུགས་ནས་འདམ་ཏུ་བཟོ་པ་དང་།  དེ་ནས་ཉིན་གཉིས་ཙམ་བཞག་རྗེས་རྫ་བཟོ་བཞིན་ཡོད།  རྫ་མཁན་གྱིས་རང་གིས་བཟོས་པའི་སྡེར་གཞོང་དུ་འདམ་བག་བླུག་རྗེས་འདམ་བག་རྡུང་པའམ།  རྫ་སྣོད་མ་ཕྱི་བྱས་ནས་འདམ་བག་དེའི་དབྱིབས་ཏུ་གྲུབ་པར་བྱེད་ཅིང་།   རྫ་གཞོང་དང་རྣ་ཅོག་བཅས་རིམ་བཞིན་བཟོས་ནས་གོ་བ་སྙི་མོས་བརླན་པར་བྱས་ནས་དེའི་སྟེང་གི་གཙང་མར་ཕྱི་བ།  ཤིང་ཐུར་སྟེང་རི་མོ་དཔར་པ།  རྫ་ཆས་ཀྱང་འདམ་བག་གིས་བཟོས་ཏེ་བསྐམས་ནས་ད་གཟོད་མེར་བསྲེགས་ཆོག།
            བོད་ལྗོངས་ཀྱི་རྫ་བཟོ་གྲོང་ཚོ་མང་ཤོས་ན་ཞིང་ལས་གྲོང་ཚོ་ཡིན་ལ་དེ་ནགས་ཁུལ་དང་ཐག་རིང་པས།  ཤིང་ནགས་ཀྱི་འབར་རྫས་དཀོན་པས་རྫ་བསྲེགས་ལག་རྩལ་དེ་ཐབ་ཁུང་ནས་བསྲེགས་པའི་ཆུ་ཚད་དུ་སླེབས་དཀའ།  ལོ་ངོ་དུ་མའི་རིང་གི་རྩ་རུལ་དག་འབར་རྫས་བྱེད་ཀྱིན་ཡོད་ལ་དེར་འདམ་སོལ་ཡང་ཟེར།   རྫ་བཟོ་མཁན་གྱིས་ན་འགྲམ་དང་རྩ་གསེབ་ལས་རྩ་ཤུན་བཏུས་ནས་ཉི་མར་སྐེམ་རྗེས་འབུད་ཤིང་བྱེད་པ་རེད།  ཐོག་མར་ཐང་བདེ་ས་རུ་རྩ་ཤུན་དང་ཨོང་བ་འདིང་རྗེས་དེའི་སྟེང་རྫ་མ་འཇོག་པ།  རྫ་ཆེན་ནང་དུ་རྫ་ཆུང་འོས་འཚམས་སྒོས་འཇོག།  ཆེན་པོའི་ནང་དུ་ཆུང་བ་བླུགས་ནས་བར་གསེབ་དག་ཏུ་བུད་ཤིང་དང་ཨོང་བ་བཞག་ནས་ཁ་གསུབ་པ་དང་། ཕྱོགས་བཞིར་རྡོ་ལེབ་བཞག་ནས་མེ་འགོག་པ།  རྩ་སྐམ་དང་ཨོང་བ་མེར་སྒྲོན་ནས་དུས་ཚོད་བཅུ་ལྷག་ལ་འབར་བ་བརྒྱུད་ཨོང་བ་སོགས་ནི་ཐལ་དུ་འགྱུར་པ་དང་།  འདམ་མེར་བསྲེགས་ནས་རྫ་རུ་གྱུར་པ་རེད།   སྐབས་དེར་སླེབས་དུས་མེར་བསྲེགས་པའི་བརྒྱུད་རིམ་ཡང་མཇུག་རྫོགས་པ་རེད།  དེ་ནས་དུས་ཚོད་ཁ་ཤས་ལ་འཁྱགས་པར་བྱས་རྗེས་ཐལ་སོགས་བྲད་ནས་རྫ་ཆས་ལེན་པ་དང་།  རྫ་ཆས་སེར་པོ་དག་ནི་དམར་པོར་གྱུར་ཡོད་པ་དང་རྫ་གཟུགས་ཀྱང་ཇེ་ཆུང་དུ་གྱུར་ནས་འདམ་བག་རྫ་རུ་བཟོས་ཤིང་།  མེ་དང་ས་ཡི་བཙོ་སྦྱངས་སྒྱུ་རྩལ་ལེགས་འགྲུབ་བྱུང་ནས་བཀོད་སྤྱོད་རང་བཞིན་གྱི་བྱེད་ནུས་ལྡན་པའི་འཚོ་བའི་མཁོ་ཆས་སུ་གྱུར་པ་རེད།
 
            རྫ་བཟོ་པ་རྣམས་ཀྱིས་ནམ་རྒྱུན་ད་དུང་ཞིང་ལས་ལ་བརྟེན་ནས་འཚོ་བ་རོལ་གྱིན་ཡོད་དེ།  དཔྱིད་ཀར་ཞིང་འདེབས་པའི་སྔོན་དང་སྟོན་ཀར་འབྲུ་རིགས་བླངས་ཚར་རྗེས་ཀྱི་བར་གསེང་དུ་རྫ་བཟོ་པ་ལས།  བོད་ལྗོངས་སུ་ཕལ་ཆེར་རྫ་བཟོས་ནས་འཚོ་བ་རོལ་པའི་ཆེད་ལས་རྫ་མཁན་ནི་ཡོད་པ་མ་རེད།  ཡིན་ཙང་ཁོ་ཚོར་ཞིང་པ་རྫ་མཁན་ཞེས་བོས་ནས་ཧ་ཅང་འཚམ་པར་འདོད།
 
            ཞིང་པ་རྫ་མཁན་རྣམས་ཀྱིས་རང་གིས་བཟོས་པའི་བརྩམས་ཆོས་བསྡུ་གསོག་སྟབས་བདེ་རེ་བརྒྱབ་རྗེས་ཤིང་རྟ་དང་ལག་སྐྱོར་འདྲུད་འཁོར་ནང་དུ་འཇོག་པའམ།  ཐག་ཉེ་སར་གཡག་དང་ཁལ་རྟར་བཀལ་ནས་གྲོང་བརྡལ་དང་ཉེ་སའི་ཤང་དུ་བཙོང་པར་ཕྱིན་པ་རེད།  དེ་ནི་དངོས་ཟོག་ཕན་ཚུན་བརྗེ་བ་སྟེ་རྫ་ཆས་ལ་འབྲུ་རིགས་དང་ཤ་སྐམ།  ཚ་ཁུ་སོགས་འཚོ་བའི་མཁོ་ཆས་བརྗེས་ནས་ཚོང་རྒྱག    དེ་ལྟར་བྱས་ཚེ།  ཞིང་པ་རྫ་བཟོ་མཁན་ཁྱིམ་ཚང་གཅིག(མི་གཅིག་གམ་ཕ་བུ་གཉིས།  སྤུན་མཆེད་མི་གཉིས་ནས་གསུམ)གིས་ལོ་གཅིག་རིང་རྫ་སྣོད་ཆེ་ཆུང་ཉིས་བརྒྱ་ནས་སུམ་བརྒྱ་བཟོས་ཏེ་བཙོང་ཐུབ་ཕྱིར་ཞིང་པ་རྫ་བཟོ་མཁན་གྱི་ཡོང་སྒོ་ནི་སྤྱིར་བཏང་གི་ཁྱིམ་ཚང་ཕལ་བ་ལས་ཅུང་ལེགས་པར་སྣང་།
 
            ལས་ཀའི་དབང་གིས།  ངས་བོད་ལྗོངས་མལ་གྲོ་གུང་དཀར་དང་།  ལྷན་འགྲུབ།  གྲ་སྣམ།  རྒྱལ་རྩེ།  བཞད་མཐོང་སྨོན་སོགས་རྫོང་དག་གི་རྫ་བཟོ་གྲོང་ཚོར་ཐེངས་མང་པོར་བརྟག་དཔྱད་བཅར་འདྲི་བྱས་པ་ཡིན་ལ།  ཞིང་པ་རྫ་བཟོ་མཁན་གྱི་འཚོ་བའི་གནས་ཚུལ་དང་དཀའ་ངལ་ལ་འཕྲད་ཚུལ། ཁོ་ཚོའི་རེ་འདུན་ངོ་མར་གཏིང་ཟབ་པའི་རྒྱུས་ལོན་བྱས་པ་ཡིན།  ཞིང་པ་རྫ་བཟོ་མཁན་མང་ཤོས་ཀྱིས་རང་གི་ཁྱིམ་ཚང་གི་ཉིན་རྒྱུན་འཚོ་བའི་མཁོ་ཆས་དང་ཉེ་སའི་ཤང་དང་གྲོང་ཚོའི་གྲོགས་པོ་དང་ཉེ་འབྲེལ་དག་ལ་ཆེད་དུ་བཟོ་པ་དང་།  ལོ་རེའི་ཞིང་ལས་ཁོམ་ལོང་གི་བར་གསེང་དུ་ལས་བྲེལ་མེད་པའི་སྐབས་རྫ་བཟོ་པ་ལས་དེ་ནི་འཚོ་རྟེན་གཙོ་བོ་ཞིག་ཏུ་བརྩི་གི་མི་འདུག།
 
            ལོ་ངོ་བརྒྱ་སྟོང་ལྷག་གི་རིང་དུ།  རྫ་ཆས་ཀྱིས་བོད་རིགས་མང་ཚོགས་ཀྱི་འཚོ་བའི་ཁྲོད་དུ་གོ་གནས་གལ་ཆེན་བཟུང་ཡོད་དེ།  ཉིན་རེའི་བསང་མཆོད་ཀྱི་བསང་གཞོང་དང་།  དུས་ཆེན་སྐབས་མཆོད་མེ་སྒྲོན་པའི་སྣུམ་སྒྲོན།   གཟིམ་སྤོས་སྒྲོན་སའི་སྤོས་ཕོར་དག་ནི་རྫ་ཆས་ཆུང་པའི་རིགས་དང་འབྲལ་ཐབས་མེད་ལ།ཟས་གཡོ་སྐོལ་དང་།  ཆང་བསྙལ་བ།  གསོལ་ཇ་མཆོད་པ་སོགས་དང་ཐ་ན་འབྲུ་རིགས་བླུགས་སྣོད།  ཆུ་སྣོད།  སྣུམ་སྣོད་བཅས་ཀྱང་འབྲལ་ཐབས་མེད་པའི་འཚོ་བའི་ཡོ་བྱེད་གལ་ཆེན་ཞིག་རེད།  རྫ་ཆས་ནི་ཉིན་རྒྱུན་གྱི་འཚོ་བའི་མཁོ་ཆས་ཡིན་པ་མ་ཟད་བོད་རིགས་ཁྱིམ་ཚང་དུ་ཁྱབ་བརྡལ་ཆེ་བ་དང་དོ་སྣང་བྱེད་པའི་སྒྱུ་རྩལ་ཐོན་དངོས་ཤིག་ཀྱང་རེད།  བོད་རིགས་ཁྱིམ་ཚང་གི་འཚོ་བའི་ཁྲོད་དུ།  རྫ་ཆས་ལ་འཚོ་བའི་མཁོ་ཆས་སྤྱོད་པ་དང་བཟོ་རྩལ་ཐོན་དངོས་ཀྱི་དབྱེ་བ་མེད་པ་དང་།  དེ་ནི་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། འཚོ་བའི་ཁྲོད་ཀྱི་གྲོགས་པ་འདང་ཆེན་ཞིག་ཀྱང་ཡིན་པས།  ས་གནས་སྲིད་གཞུང་གིས་ཞིང་པ་རྫ་བཟོ་མཁན་ལ་འོས་མཐུན་སྒོས་སྐྱེ་ཁམས་སྲུང་སྐྱོབ་ལེགས་པོ་བྱེད་པ་མ་ཟད་གནའ་བོའི་བཟོ་རྩལ་འདི་རྒྱུད་འཛིན་དར་སྤེལ་གྱི་བྱེད་ལེགས་པོ་ཐག་གཅོད་བྱེད་པའི་ཐད་རྒྱབ་སྐྱོར་བྱེད་པའི་རེ་སྒུག་བྱས་པའོ།
 
མེ་དང་ས་ཡི་སྒྱུ་རྩལ་གསར་པ་འབྱུང་པར་རེ་སྒུག་བྱེད་པ།
 
            དུས་རབས་སྔོན་མའི་ལོ་རབས་ལྔ་བཅུ་ནས་དྲུག་ཅུའི་རྗེས་སུ།  རྣོ་ལྕགས་དང་སྤོས་འགྱིག་གི་ཐོན་དངོས་མང་པོ་ཚོང་རར་ཐོན་པ་དང་བསྟུན།  སྲ་མཁྲེགས་སྟབས་བདེ་ཡིན་པའི་དེང་རབས་སྣོད་ཆས་ཀྱིས་ལྗིད་ཅིང་ཆགས་སླའི་རྫ་ཆས་ཀྱི་ཚབ་བྱས་པ་ནི་སྨས་མེད་ཡིན་ལ།  རྫ་ཆས་ཀྱང་རིམ་བཞིན་བོད་རིགས་མང་ཚོགས་ཀྱི་འཚོ་བ་ལས་རིང་དུ་ཡལ་པ་རེད།
 
            ཆེས་ཐོག་མར་བོད་ལྗོངས་ཀྱི་རྫ་ཆས་ཀྱི་ཚབ་བྱེད་པའི་ཉིན་རྒྱུན་སྣོད་ཆས་ནི་ཧ་ཡང་གིས་བཟོས་པའི་“ཧན་ཡང་སླ་ང”རེད།  དུས་རབས་སྔོན་མའི་ལོ་རབས་༥༠ནས་༧༠བར་བོད་ལྗོངས་ཀྱི་གྲོང་བརྡལ་དང་གྲོང་ཚོའི་ཁྲོམ་ར་གང་སར་མཐོང་རྒྱུ་ཡོད་ཅིང་།   ཁྱིམ་དུ་ཟས་སྐོལ་བའམ་ཕྱི་རོལ་དུ་ཇ་སྐོལ་བ་གང་ཡིན་ཡང་གཞན་གང་གིས་ཀྱང་ཕལ་ཆེར་ཚབ་བྱེད་མི་རུང་པ་ལྟར་ཆགས་འདུག་པ་མ་ཟད་ད་བར་དུ་ཞིང་འབྲོག་མང་ཚོགས་གང་མང་གིས་བཀོལ་སྤྱོད་བྱེད་བཞིན་ཡོད།“ཧན་ཡང”ནི་སླ་ངའི་མིང་་བོད་སྐད་སྒྲ་སྒྱུར་བྱས་པ་ཡིན་ཞིང་རྗེས་སུ་ཐད་ཀར་བོད་སྐད་ཀྱི་ཐ་སྙད་དུ་ཆགས་པ་རེད།
 
            སྤོས་འགྱིག་གི་སྣོད་ཀྱིས་རྫ་ཆས་ཀྱི་ཚབ་བྱེད་པ་ནི་དེ་ལས་ཀྱང་ཛ་དྲག་རེད།  དུས་རབས་སྔོན་མའི་ལོ་རབས་༧༠པར་སྤོས་འགྱིག་གིས་བཟོས་པའི་འཚོ་བའི་སྣོད་ཆས་བསྟུད་མར་ཚོང་རར་ཐོན་པ་དང་།  ཆེས་ཐོག་མར་སྤོས་འགྱིག་གི་བྱེ་སྡེར་བྱུང་པ་དང་དེ་ནས་སྤོས་འགྱིག་གི་ཆུ་ཕོར་བྱུང་པ་རེད།   ༡༩༧༥ལོའི་སླ༩པར། བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ༡༠འཁོར་པའི་མཛད་སྒོའི་དུས་ཆེན་སྟེང་།  སྐབས་དེར་ཀྲུང་དབྱང་སྐུ་ཚབ་ཚོགས་པའི་ཚོགས་གཙོ་ཧྭ་ཀའོ་ཧྥེང་གིས་སྣེ་ཁྲིད་པའི་རྟེན་འབྲེལ་ཞུ་བའི་ཚོགས་པ་བོད་དུ་རྟེན་འབྲེལ་ཞུ་པར་ཕེབས།   ཀྲུང་དབྱང་གིས་བོད་ལྗོངས་ལ་ཆེད་དུ་བོད་ལུགས་ཀྱི་སྤོས་འགྱིག་གི་ཆང་སྣོད་མང་པོ་བཟོས་ནས་ལྗོངས་ཡོངས་སུ་གནང་པ་དང་མང་ཚོགས་ཀྱང་དེར་ཞེ་དྲགས་དགའ་གི་འདུག    དེའི་རྗེས་སུ།  ཧྭ་ཀའོ་ཧྥེང་རྒྱལ་ཁབ་ཀྱི་འགོ་ཁྲིད་དུ་གྱུར་པ་དང་།  གྲོང་དང་ཤང་གི་མང་ཚོགས་ཀྱིས་ལོ་དེར་ཀྲུང་དབྱང་གིས་གནང་པའི་ཆང་སྣོད་ལ་“ཧྭ་སྣོད”ཅེས་གུས་མིང་འབོད་ཀྱིན་ཡོད་པ་མ་ཟད་སྔར་ལས་གཅེས་སྤྲས་བྱེད་ཅིང་།  ད་བར་དུ་བཀོད་སྤྱོད་གནང་པ་རེད། མཐའ་འཁོབ་ཞིང་གྲོང་དུ་ད་དུང་ཁ་ཤས་ཉར་ཚགས་བྱས་ཡོད་པ་མ་ཟད།  མི་ཁ་ཤས་ཀྱིས་དེ་རིག་དངོས་སུ་བསམ་ནས་་ཉར་ཚགས་བྱེད་བཞིན་ཡོད།
 
            མིག་སྔར་བོད་ལྗོངས་ཀྱི་ཚོང་རར་སྤོས་འགྱིག་གི་ཐོན་དངོས་ཀྱིས་བོད་ལུགས་རྫ་བཟོས་ཆང་སྣོད་དང་།  ཇ་དེམ།  མར་སྣོད་བཅས་སྣོད་རིགས་བཅུ་ལྷག་གི་ཚབ་བྱས་ཡོད།  དེ་དག་རིགས་མང་ཞིང་བཟོ་བཀོད་ཞིབ་ཚགས་ལྡན་ཕྱིར།  ཞིབ་ཚགས་མིན་པའི་རྫ་སྣོད་ནི་རིམ་བཞིན་ཚོང་ར་ལས་བུད་པ་རེད།  སྔོན་ཆད་མང་ཚོགས་ཧ་ཅང་དགའ་པོ་ཡོད་ལ་བཟོ་བཀོད་ཁྱད་མཚར་པ། དབུགས་བྱུང་ཐུབ་པའི་རྫ་བཟོས་མེ་ཏོག་བླུགས་སྣོད་ནི་ ཚོང་རར་ དེ་ལས་ཀྱང་མཐོང་རྒྱུ་མི་འདུག་པར།  དེའི་ཚབ་ཏུ་ཁ་དོག་རྣམ་པར་བཀྲ་བའི་སྤོས་འགྱིག་གི་མེ་ཏོག་བླུགས་སྣོད་བཟོས་ཡོད།
 
            དངོས་པོ་ཐོན་ཚད་མང་དྲགས་ན་བྱེད་ནུས་ལྡོག་པར་གྱུར་འགྲོ་བ་བཞིན།  སྣ་ཁ་མང་པའི་སྤོས་འགྱིག་དང་བཙའ་མི་ཆགས་པའི་རྣོ་ལྕགས་ཀྱིས་བཟོས་པའི་ཉིན་རྒྱུན་འཚོ་བའི་སྤྱོད་ཆས་ཀྱིས་ཚོང་རའི་ཁྲོད་གོ་གནས་གལ་ཆེན་བཟུང་ནས་ལོ་ངོ་བཅུ་ལྷག་འདས་པའི་རྗེས་སུ།  རྫ་ཆས་ནི་རྫས་འགྱུར་དངོས་པོའི་འབག་བཙོག་བྱས་མེད་ལ།  ཆགས་སྐྱོན་ཅི་ཡང་བྱུང་མེད་པར་ཟས་རིགས་ཀྱི་གདོད་མའི་བྲོ་བ་རྒྱུན་འཁྱོངས་བྱས་ཡོད་དེ། ནས་ཆང་གི་རོ་མངར་དང་འོ་ཇའི་དྲི་ཞིམ་འཁྱིལ་ཡོད་པ་མ་ཟད།  ད་དུང་དྲོད་འདོན་པ་དང་།  ཐོན་ཁུངས་གྲོན་ཆུང་།  ཁོར་ཡུག་གི་འབག་བཙོག་ཇེ་ཉུང་དུ་གཏོང་པའི་དགེ་མཚན་ལྡན་ནས་ཁོར་ཡུག་སྲུང་སྐྱོབ་དང་སྐྱེ་ཁམས་ཕན་འབྲས་ལེགས་པོ་ལྡན་ཡོད་ཕྱིར།  མི་རྣམས་ཀྱི་དེ་ལ་ཕྱིར་དྲན་བྱེད་པའི་སེམས་ཁམས་སྒོས་མེས་པོ་རྣམས་ཀྱི་རྫ་ཆས་བཀོད་སྤྱོད་བྱེད་པའི་འཚོ་བར་འཚོལ་སྙེགས་བྱེད་པ་དང་།  སྤོས་འགྱིག་དང་རྣོ་ལྕགས་ཀྱི་སྣོད་ཆས་སྤྱོད་པ་ཇེ་ཉུང་གཏོང་པ་མ་ཟད།  དེ་ལས་ཀྱང་མི་ཁ་ཤས་ཀྱིས་ལག་ཤེས་བཟོ་རྩལ་དུ་བསམ་ནས་རྫ་ཆས་རྙིང་པ་ཉར་ཚགས་བྱས་ཏེ་སྡོད་ཁང་དང་དཔེ་ཁང་དུ་བཤམས་ནས་དེང་རབས་ཁྱིམ་ཚང་ལ་མཛེས་སྡུག་གསར་པ་བསྣན་ཡོད་ཕྱིར།  དེས་སྲོལ་རྒྱུན་སྒྱུ་རྩལ་ལོ་རྒྱུས་རིག་གནས་ལ་གཟི་མདངས་འཕྲོས་འདུག    ཉེ་བའི་ལོ་འགའི་རིང་།  དམངས་ཁྲོད་ནས་རིང་དུ་དོར་པའི་རྫ་ཆས་རྙིང་པ་ནི་རིག་དངོས་གནའ་རྫས་ཀྱི་གྲས་སུ་ཚུད་དེ་སྒོར་སྟོང་ཕྲག་ནས་ཐ་ན་ཁྲི་ཡན་ཆད་ཀྱི་རིན་གོང་དུ་སླེབས་འདུག་པས།  རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་པས་ཉར་ཚགས་བྱེད་པ་དང་སྒྱུ་རྩལ་ཐོན་དངོས་ཀྱི་ཚོང་རར་ཐོན་པ་རེད།  ཤེས་ལྡན་མི་སྣ་འཇོན་ཐང་ཅན་གྱིས་སྲིད་གཞུང་ལ་ཉམས་ཉེན་དུ་གྱུར་འགྲོ་བའི་དམངས་ཁྲོད་ལག་ཤེས་རྫ་ཆས་མྱུར་སྐྱོབ་བྱས་ནས་སྲོལ་རྒྱུན་རྫ་བཟོའི་ལག་རྩལ་བསྐྱར་གསོ་དང་།  མི་རིགས་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་པ།   ཐོན་སྐྱེད་རོགས་སྐྱོར་ལ་ཤུགས་སྣོན་བྱེད་པ།  རྫ་ཆས་ལ་ལྡན་འོས་པའི་ལོ་རྒྱུས་གོ་གནས་དང་སྒྱུ་རྩལ་རིན་ཐང་བསྐྱར་གསོ་བྱེད་པ་རེ་སྐུལ་བྱས་པར་བསྟུན།  རིག་གནས་ཀུང་ཟི་དང་ལག་ཤེས་སྒྱུ་རྩལ་ཚོང་ཁང་ཁག་ཅིག     རྫ་བཟོ་གྲོང་ཚོར་ཕྱིན་ནས་བརྟག་དཔྱད་སྔོག་འདོན་བྱས་ཏེ་ཞིང་པ་རྫ་བཟོ་མཁན་གྱི་ལག་ཤེས་སྒྱུ་རྩལ་བཅོས་སྒྱུར་ལ་རོགས་སྐྱོར་བྱས་ནས་སྲོལ་རྒྱུན་བཀོད་སྤྱོད་སྣོད་ཆས་ཀྱི་ཇུས་འགོད་ལ་སྒྱུར་བཅོས་གནང་ཞིང་།  སྲོལ་རྒྱུན་རྫ་ཆས་དེ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་ལག་ཤེས་སྒྱུ་རྩལ་ཐོན་རྫས་སུ་བཟོས་ནས་ཡུལ་སྐོར་དྲན་རྟེན་དངོས་པོའི་ཚོང་རར་བསྐྱོད་པ་དང་།   ཡུལ་སྐོར་པས་ལྗོངས་ཕྱིའི་ས་ཆར་ཁྱེར་ནས་འཛམ་གླིང་དུ་བསྐྱོད་པ་དང་།  གནའ་བོའི་མེ་དང་སའི་སྒྱུ་རྩལ་ལ་གཟི་འོད་གསར་པ་བསྩལ་ཡོད།