ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཁང་གཞིས།

བོད་ཀྱི་རྫ་ཆས་རིག་གནས་ཀྱི་བྱུང་བ་དང་རིན་ཐང་།

སྤེལ་དུས 2018-02-06 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། རྡོ་རྗེ།

གཅིག བྱུང་བ། 
          དེ་ཡང་ཆེས་ཤིན་ཏུ་སྔ་བའི་གདོད་མའི་དུས་ཀྱི་འགྲོ་བ་མིའི་རིགས་ཀྱིས་རང་རང་གི་ཤེས་རབ་འབའ་ཞིག་ལ་བརྟེན་ནས་འབད་རྩོལ་ཆེན་པོས་འཚོ་གནས་ཀྱི་ཡོ་བྱད་ལ་བློ་ཕྱོགས་ཏེ་སྒྲུབ་པར་བརྩོན་པའི་སྐབས། ལག་ཆའི་ཐོག་མ་ལ་རྡོ་ཆས་དང་། སྣོད་སྤྱད་ཐོག་མ་ལ་རྫ་ཆས་ལག་རྩལ་བཟོ་ཐུབ་པ་བྱུང་སྟེ་དེའི་དབང་གིས་མིའི་རིགས་འདི་ཉིད་ཐོག་མར་ཤེས་རིག་གི་ལམ་བུར་བསྐྱོད་མགོ་བརྩམས་པར་ཚན་རིག་པ་དག་གིས་བཤད་པས་རྫ་རིག་ལག་རྩལ་ནི་རྡོ་ཆས་དུས་རབས་ནས་ཡོད་པར་གསལ་ལ། ལྷག་པར་དུ་རྫ་ཆས་ནི་བཟོ་བསྐྲུན་ལག་རྩལ་དང་ཤེས་རབ་ཀུན་གྱི་ཆེས་ཐོག་མ་ཡིན་པར་གྲགས་ལ། དེས་མི་རྣམས་ཀྱི་བསམ་གཞིག་དང་ཤེས་རབ་ཀྱི་ཐོག་མའི་སྒོ་ཆེན་ཕྱེས་པ་མ་ཟད་ལམ་སྟོན་དང་སྣེ་ཁྲིད་བྱས་ཏེ། རིམ་གྱིས་ད་ལྟའི་བར་གྱི་ཤེས་རིག་གི་རྣམ་གྲངས་མཐའ་ཡས་པ་ཞིག་འཕེལ་རྒྱས་བྱུང་ཡོད། ཁྱད་པར་བོད་རང་གི་རྫ་ཆས་ལག་རྩལ་གྱི་ལོ་རྒྱུས་ལ་མཚོན་ན་འབྲེལ་ཡོད་ཡིག་ཆར་གསལ་བ་ལྟར་ཆབ་མདོའི་མཁར་རོ་དང་། ལྷ་སའི་ཆོས་གོང་། མཚོ་སྔོན་སོགས་བོད་ཀྱི་ས་ཁུལ་ཁག་ནས་ཐོན་པ་ལ་མ་མཐར་ལོ་ངོ་ལྔ་སྟོང་ཙམ་གྱི་ལོ་རྒྱུས་ལྡན་པ་མ་ཟད། གནའ་རྫས་རྟོག་ཞིབ་པས་གསལ་བཤད་བྱས་པ་ལྟར་ན་སྐབས་དེ་དུས་ཀྱི་རྫ་བཟོའི་ལག་རྩལ་གྱི་ཆུ་ཚད་ཧ་ཅང་ཚད་མཐོན་པོར་སླེབས་ཡོད་པར་བཤད་འདུག་པས་འདིས་ནི་བོད་ཀྱི་རྫ་རྩལ་རིག་པ་དང་ཡང་ན་བོད་ཀྱི་འདས་པའི་ལོ་རྒྱུས་ལ་ལོ་རྒྱུས་ཡུན་རིང་ཡོད་པར་ར་སྤྲོད་བྱས་ཡོད་དོ།། 

གཉིས། རྫ་ཆས་ཉར་ཚགས་ཀྱི་རིན་ཐང་།
          ༡.རྫ་ཆས་ནི་ལོ་རྒྱུས་ཤིག་གི་མེ་ལོང་ཡིན་ལ་རིག་གནས་ཤིག་གི་མཚོན་དོན་ཡང་ཡིན་ཏེ། འདས་པའི་ལོ་རྒྱུས་ངོ་མ་ལ་ཞིབ་འཇུག་བྱེད་འདོད་པའི་ལོ་རྒྱུས་རིག་པ་བ་དག་ལ་མཚོན་ན་རྫ་ཆས་ནི་མེད་དུ་མི་རུང་བའི་དཔང་རྟགས་ཆེན་པོ་ཞིག་ཡིན་པས་འདས་པའི་ལོ་རྒྱུས་ལ་བལྟ་བའི་མེ་ལོང་དུ་གྱུར་བ་དང་ལྷག་པར་སྨན་རིག་པ་རི་མོའི་རིག་པ་ཟས་གཡོའི་རིག་པ་རྫས་འགྱུར་རིག་པ་ལོ་རྒྱུས་རིག་པ་འཕྲོད་བསྟེན་རིག་པ་བཟོ་རིག་པ་སོགས་ཆེས་ཤིན་ཏུ་མང་བའི་རིག་གནས་ཀྱི་ཁྱབ་ཁུངས་སུ་རྫ་ཆས་རིག་པ་མེད་དུ་མི་རུང་ལ་འཚོ་བའི་ཁྲོད་དུ་འབུར་དུ་ཐོན་པའི་བེད་སྤྱོད་དང་གཟིགས་མོའི་རིན་ཐང་སྟེ་རིན་ཐང་གཉིས་ལྷན་འཛོམ་གྱི་རིག་གནས་ཏེ་འཛམ་གླིང་རིག་པའི་མངའ་ཁུངས་སུ་གོ་གནས་གལ་ཆེན་བཟུང་ཡོད་པའི་སྤྱི་ཚོགས་ཚན་རིག་གི་ཁུངས་གཏོགས་ཀྱི་རིག་གནས་ཆེན་པོ་ཞིག་ཡིན་པར་བཤད་ཀྱིན་ཡོད་ལ།
          ༢.བོད་ཀྱི་རྫ་རྩལ་ལ་མཚོན་ན་རི་བོ་གངས་ཅན་པ་རང་གི་ཐུན་མོང་མ་ཡིན་པའི་རིག་གནས་དང་འཚོ་བ། ཤེས་རབ། སྙིང་སྟོབས། ཡུལ་སྲོལ་དང་གོམས་གཤིས་སོགས་ཕྱིའི་དངོས་པོའི་རྣམ་པར་ཤར་བའི་མི་རིགས་ཀྱི་རང་བཞིན་མཚོན་ནུས་པའི་རིག་དངོས་གལ་ཆེན་ཡིན་པར་གྱུར་བ་དང་།
          ༣.ད་ལྟ་དཔལ་འབྱོར་རབ་ཏུ་དར་ཞིང་འཚོ་བ་ཕུན་སུམ་ཚོགས་པའི་དུས་རབས་འདི་ལྟ་བུ་ལ་མི་རྣམས་བདེ་ཐང་དང་འཕྲོད་བསྟེན་ལ་ཧ་ཅང་གཙིགས་སུ་འཛིན་ཀྱིན་ཡོད་པས་བོད་རྫ་ནི་བོད་འཛམ་གླིང་སྒལ་སྟེང་གི་ཆེས་མཐོ་སར་ཆགས་པའི་བོད་ཀྱི་དྭངས་ཤིང་གཙང་བའི་རྫ་སས་བཟོས་པ་ཡིན་པའི་ཕྱིར་ལུས་ཕུང་ལ་གནོད་པའི་དུག་གི་རྫས་གང་ཡང་མེད་པ་མ་ཟད་ལུས་ལ་ཧ་ཅང་ཕན་པའི་རང་བྱུང་གཏེར་རྫས་སྣ་ཚོགས་ཤིག་རང་བཞིན་གྱིས་ཡོད་པས་གཞན་ལས་ཁྱད་དུ་འཕགས་པའི་འཕྲོད་བསྟེན་དང་བདེ་ཐང་ལ་ཕན་པའི་རིན་ཐང་ཡོད་པ་དང་།
          ༤.རྫ་ཆས་རིག་གནས་ལ་སློབ་སྦྱོང་བྱས་ན་རང་གི་ཀླད་པའི་སྦྱོང་བརྡར་ཆེས་ཆེར་འཕེལ་ཏེ་སྦྱོང་བ་པོ་དག་བློ་རིག་བྲ་ཞིང་ལས་ཀ་ལ་སྤྲོ་བ། ཧུར་བརྩོན་ཆེ་ཞིང་ངང་ཐག་རིང་བ། འབྱུང་བ་ས་ནི་ལུས་ལ་འཕྲད་པས་ནད་ལ་ཕན་ཞིང་སེམས་སྐྱིད་པ་སོགས་ཀྱི་རིན་ཐང་ཆེན་པོ་ལྡན་པར་འབྲེལ་ཡོད་ཆེད་མཁས་པ་དག་གིས་བཤད་དོ།།

གསུམ། རིག་གནས་ཀྱི་ཕོ་ཉ།
          རྫ་རིག་རིག་གནས་ནི་ད་ལྟ་དུས་རབས་ཉེར་གཅིག་པའི་ཚན་རིག་རབ་ཏུ་དར་བའི་གནས་སྐབས་འདི་ལ་ཡང་ད་དུང་སྔར་ལས་ལྷག་པའི་རིག་གནས་ཀྱི་འོད་མདངས་སྤྲོ་བཞིན་པ་ཡོད་པ་མ་ཟད་ཆེས་རྒན་པ་དང་ཆེས་གསར་བའི་རིག་གནས་གཉིས་ཟུང་འཇུག་གི་བདག་ཉིད་ཅན་དུ་འཇོག་གྱིན་ཡོད་ལ། ཆེས་སྔ་བའི་དོན་ནི་རྡོ་ཆས་དུས་རབས་སུ་མི་རྣམས་ད་གཟོད་དུད་འགྲོ་ལས་ཚུར་ཤེས་རིག་གི་རང་བཞིན་ཅན་དུ་འགྱུར་སྐབས་ཀྱི་ཤེས་རིག་གི་དངོས་རྫས་ཐོག་མ་དེ་ཡིན་ལ་ཆེས་གསར་བའི་དོན་ནི་ད་ལྟ་ཚན་རིག་འདི་ལྟར་དར་དུས་སུ་ཡང་རང་བྱུང་དང་མཐུན་ཞིང་ལུས་ཁམས་ལ་སྨན་པའི་དངོས་རྫས་ཤིག་ནི་འདི་ལས་ལྷག་པ་ཡོད་མ་ཐུབ་པའི་རྐྱེན་གྱིས་ཞེས་ཚན་རིག་པ་དག་དེ་ལྟར་བརྗོད་ལ། ད་དུང་མཛེས་སྡུག་དང་གཟུགས་མོའི་རིན་ཐང་ཡོད་པ་མ་ཟད་དངོས་ཡོད་འཚོ་བའི་ཁྲོད་དུ་བེད་སྤྱོད་ཀྱི་ནུས་པ་དང་ཡང་ལྡན་པའི་རིག་གནས་ངོ་མཚར་ཅན་ཞིག་ཏུ་བརྩི་བཞིན་ཡོད་དོ།།