ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཁང་གཞིས།

ཐང་ག་ཇི་ལྟར་བལྟ་དགོས་པའི་སྐོར་བཤད་པ།

སྤེལ་དུས 2018-03-05 ཡོང་ཁུངས། རྩོམ་པ་པོ། ཚངས་དབང་དགེ་འདུན་བསྟན་པ།

          གྲོགས་པོ་མང་པོ་ཞིག་གིས་ཐང་ག་ཇི་ལྟར་བལྟ་དགོས་པའི་སྐོར་ནས་ཁ་བརྡ་ཞིག་བྱ་རོགས་ཟེར། ངོ་མ་བཤད་ན། གློ་བུར་དུ་འདི་ལྟར་དྲིས་ཡོང་ན་ང་ལའང་དམིགས་བསལ་ཞིག་བཤད་རྒྱུ་མི་འདུག ཡིན་ནའང་། དེ་རིང་ངས་རང་གི་སྐད་འཕྲིན་གྱི་སྟེང་ལ། རྗེ་ཙོང་ཁ་པའི་མཛད་ཐང་ལས་ཟུར་ཁོལ་ཞིག་བཀོད་ཡོད། དེའི་ཐོག་ནས་རང་གི་ཉམས་མྱོང་ལས་འཕྲོས་ཏེ་ཐང་ག་ཇི་ལྟར་བལྟ་དགོས་པའི་སྐོར་ནས་སྐད་ཆ་འགའ་བཤད་བསམ། དེ་ལ་གཤམ་དུ་ངས་དོན་ཚན་གསུམ་གྱི་སྒོ་ནས་བཤད་པར་བྱ་སྟེ། གཅིག  ཐང་གའི་ནང་དོན་ལ་བརྟག་པ། གཉིས། ཐང་གའི་རི་མོ་པ་དང་འབྲི་ལུགས་གང་ལ་གཏོགས་ཚུལ། གསུམ། སྦྱིན་བདག་སུ་ཡིན་པ་དང་དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་བརྟག་པ་བཅས་སོ།།
དང་པོ། ཐང་གའི་ནང་དོན་ལ་བརྟག་པ།       
          དེ་རིང་འདིར་བཤད་འདོད་པའི་ཐང་ག་ནི་རྗེ་ཙོང་ཁ་པའི་མཛད་ཐང་ལས། སྐུ་འཁྲུངས་པའི་སྐབས་ཀྱི་མཛད་པ་ཟེར་བ་དེ་ཡིན། དེའི་ཕྱིར། ངས་ཐང་གའི་ཁ་བྱང་ལ། “ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་། ཡུམ་ཤིང་མོ་བཟའ་ཨ་ཆོས་གཉིས་ལ་སྲས་བློ་བཟང་གྲགས་པ་འཁྲུངས་པའི་མཛད་རིས།” ཞེས་བྲིས་པ་ཡིན། དོན་དུ་ཐང་ག་དེ་ནི་རྗེའི་མཛད་ཐང་ལས་ནང་ཚན་ཞིག་ཡིན་པ་སྔོན་དུ་གསལ་བཤད་བྱས་ཟིན་པ་ལྟར་ཡིན།
          སྤྱིར་བཏང་ཡིན་ན། ཐང་གའི་རི་མོ་དང་བོད་ཀྱི་ཆོས་ལུགས་དང་། ལོ་རྒྱུས་སོགས་ལ་རྨང་གཞིའི་ཤེས་བྱ་ཧ་ཅང་ཞན་ཚེ། རི་མོ་འདི་འདྲ་ཞིག་མིག་ལམ་དུ་ཐོག་མར་སྣང་སྐབས་ནང་དོན་ཅི་ཞིག་ཡིན་པ་དང་མཚོན་དོན་ག་རེ་ཡིན་ཚུལ་སོགས་ཅུང་ཤེས་དཀའ་བ་ཞིག་རེད། ལྷག་པར་དུ་ཐང་ག་འདི་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་དང་། ཡུམ་ཤིང་མོ་བཟའ་ཨ་ཆོས་གཉིས་ལ་སྲས་བློ་བཟང་གྲགས་པ་འཁྲུངས་པའི་མཛད་རིས་ཡིན་ཚུལ་ཤེས་རྒྱུ་དེ་བས་ཀྱང་དཀའ་འོ།། དེ་ཅི་ཡིན་ཞེ་ན། དཔེ་རིས་འདི་དང་མཚུངས་པའི་ཐང་གའི་རི་མོ་ནི་གཞན་དུའང་མང་པོ་ཡོད་པས་སོ།།
          ད་ར་ཁ་ཆེ་བྱ་བ་ནི་སོག་སྐད་དེ། བོད་སྐད་དུ་ཁྲི་དཔོན་ཞེས་པའི་ཐོབ་མིང་ཡིན་སྐད། ཡབ་ཀླུ་འབུམ་དགེའི་ཡབ་མེས་ཀྱི་རིང་ལ་ཡོན་རྒྱལ་རབས་ཀྱིས་གནང་བའི་འཇའ་ས་ཡིན་པར་བཤད། རྗེ་ཙོང་ཁ་པའི་རུས་ནི་མི་ཉག་ཡིན་པར་བཤད་དེ། བཤད་རྒྱུན་དུ། མི་ཉག་སྒར་བ་ནི་སྐུ་འབུམ་གྱི་བདག་པོ་ཡིན་ཟེར་སྲོལ་འདུག   ཁྲི་ཆེན་བློ་གྲོས་རྒྱ་མཚོ་ཡང་རྗེ་ཙོང་ཁ་པའི་འཁྲུངས་གནས་མི་ཉག་ཡུལ་དུ་འཁྲུངས་ཞེས་བཤད། «འཇམ་དབྱངས་བཞད་པའི་རྣམ་ཐར་བཙན་པོ་མ»རུ། “ཙོང་ཁ་ཞེས་གྲགས་པ་རྗེ་རིན་པོ་ཆེ་སྐུ་བལྟམས་པའི་སའི་ཆ་མི་ཉག་གི་ཡུལ་ཏུ།” ཞེས་བཤད་པ་སོགས་ལ་བརྟགས་ན་རུས་མི་ཉག་ཡིན་ཟེར་བ་ལ་རྒྱུ་མཚན་ཆེན་པོ་འདུག་སྙམ། ཙོང་ཁའི་མི་ཉག་ཅེས་པ་ནི་རུས་རྒྱ་ཆེ་བ་ཞིག་རེད། སྔོན་ནས་ད་ལྟའི་བར་ཙོང་ཁའི་ཡུལ་དུ་མི་ཉག་ཅེས་པའི་གྲོང་ཚོ་མང་པོ་ཡོད། གྲོང་ཚོ་དེ་དག་ལ་མི་ཉག་བྱ་བ་ནི་ཡུལ་དེར་གནས་པའི་མི་རྣམས་ཀྱི་རིགས་རུས་ནི་མི་ཉག་ཡིན་པའི་ཆ་ནས་ཐོགས་པ་ཞིག་རེད། འདི་གའི་མི་ཉག་དང་མི་ཉག་རྒྱལ་རྒོད་ཀྱི་མི་ཉག་གཉིས་གཅིག་ཏུ་བརྩི་བར་མི་བྱ།
          སྐུ་འབུམ་དགོན་པའི་གསེར་སྡོང་ཡོད་ས་དེའི་ཤུལ་ནི་སྔོན་རྗེ་ཙོང་ཁ་པ་འཁྲུངས་པའི་གཞིས་ཀ་རེད། དེང་སང་གི་སྐད་ཆ་ལྟར་བཤད་ན། རྗེ་རིན་པོ་ཆེའི་ཡབ་མེས་ཀྱི་གཞིས་ཀ་རེད། སྤྱི་ལོ1357་ལོར་ཁོང་དེར་འཁྲུངས་པ་རེད། རྗེ་རིན་པོ་ཆེའི་ཁྱིམ་རྒྱུད་ནི་ཁྲི་དཔོན་གྱི་གོ་ས་ཡོད་པའི་ཁྱིམ་རྒྱུད་ཆེན་པོ་ཡིན་པས། ཡུལ་དེར་ཕེབས་པའི་བླ་ཆེན་ཀརྨ་རོལ་པའི་རྡོ་རྗེ་དང་། ཆོས་རྗེ་དོན་གྲུབ་རིན་ཆེན་སོགས་ལའང་ཐད་ཀར་འབྲེལ་བ་ཡོད་པའི་རྒྱུ་མཚན་ཡང་དེ་རེད།
          ཐང་ག་འདི་གོང་མ་ཆན་ལུང་གི་མཆོད་ཁང་ཕུན་སུམ་ཚོགས་པའི་ཁང་བརྩེགས་བྱ་བ་དེའི་བར་ཐོག་ན་ཡོད་འདུག ཐང་གའི་ངོས་སུ་བསྡོམས་པས་མི་སྣ་བཞི་ཡོད་པ་དང་། ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་ནི་ཡོངས་གྲགས་ཀྱི་ཨ་མདོའི་རྒད་པོ་ཚོས་གྱོན་པའི་ཟ་འོག་གི་ལཱ་ཞིག་མནབས་ཡོད་པ་དང་། རྒྱ་ར་ཅུང་ཟད་ཡོད་པ། ཤ་མདངས་དཀར་ཞིང་ལག་གཉིས་བུ་ཀུན་དགའ་སྙིང་པོའམ་བློ་བཟང་གྲགས་པ་ཚུར་པང་དུ་ལེན་གྲབས་ཀྱི་ངང་བཞུགས་ཡོད། མ་ཡུམ་ཤིང་མོ་བཟའ་ཨ་ཆོས་ཀྱིས་རང་གི་པང་ན་བུ་བློ་བཟང་གྲགས་པ་སྐྱོར་བཞིན་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེར་ལྟ་ཞོར་བཞུགས་ཡོད་དེ། གདོང་གི་རྣམ་འགྱུར་ལ་བལྟས་ན་བུ་བློ་བཟང་གྲགས་པ་འཁྲུངས་པས་སེམས་ལ་སྤྲོ་བ་འབུམ་གྱིས་མྱོས་ཡོད་པ་ཤེས་ཐུབ། ཡབ་ཡུམ་སྲས་གསུམ་པོ་ཁྲི་གདན་ནམ་མལ་ཁྲིའི་སྟེང་ལ་བཞུགས་ཡོད་ཅིང་། ཁ་གདན་གྱི་སྟེང་ལ་འབོལ་གདན་དང་། དེའི་ཐོག་ལ་ད་དུང་ཁ་གང་མ་རེ་ཡོད་པ་དེ་ནི་ཁྱིམ་རྒྱུད་ཆེན་པོ་ཡིན་པའི་མཚོན་རྟགས་རེད། གཞན་ཁང་པའི་སྦུག་ནས་མཆོད་ཁང་ཡོད་པ་དང་། ཀུན་དགའ་ར་བའི་སྟེང་ལ་སྟོན་སྐུ་ཞིག་དང་སྒྲོལ་ལྗང་སོགས་བཞུགས་ཡོད་པའི་གཤམ་ན་མཆོད་པ་བཤམས་ཡོད། ཁྱིམ་གྱི་གཡས་གཡོན་ན་སྒྲོ་བ་དང་། སྒྱེ་ཆེན་པོ་སོགས་ཡོད་པ་དེ་ནི་སྟོབས་འབྱོར་མངའ་ཐང་མཚོན་པ་རེད། མལ་ཁྲིའི་ཟུར་ན་མན་ཇི་རྒྱལ་རབས་ཀྱི་དམག་དཔོན་ཡིན་ནམ་སྙམ་པ་ཞིག་ལངས་ཡོད་པ་དེས་ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་ནི་དཔོན་གནས་མཐོ་བའི་མི་སྣ་ཞིག་ཡིན་པ་མཚོན་པ་རེད།
          ཡབ་ད་ར་ཁ་ཆེ་ཀླུ་འབུམ་དགེ་ནི་ཡོན་རྒྱལ་རབས་ཀྱི་གོ་ས་ཐོབ་པའི་མི་རྒྱུད་ཅིག་ཡིན་པས། དེས་ན་ཅི་ཞིག་ལ་མན་ཇི་རྒྱལ་རབས་ཀྱི་མི་སྣའི་རྣམ་པ་ཞིག་བྲིས་པ་རེད་ཅེ་ན། དེ་ལ་རྒྱུ་མཚན་གཉིས་ཡོད་པར་འདོད་དེ། གཅིག་ནི་ཐང་ག་འདི་འབྲི་སའི་གནས་ནི་མན་ཇི་གོང་མའི་ཕོ་བྲང་ནང་ཡིན་ཕྱིར། ཕོ་བྲང་ནང་དུ་ཡོན་རྒྱལ་རབས་དང་ཏཱ་མིང་རྒྱལ་རབས་ཀྱི་དཔོན་ལུགས་ཀྱི་རྣམ་པ་བྲི་མི་སྲིད་ལ། དེ་ནི་མན་ཇི་རྒྱལ་རབས་ལ་མཚོན་ན་འཛེམ་བྱ་ཞིག་ཡིན། གཉིས་ནི་མན་ཇིའི་དཔོན་གནས་ཀྱི་རྣམ་པ་ལྟར་བྲིས་པ་ནི་སྦྱིན་བདག་གོང་མ་ཆན་ལུང་གིས་རྟེན་འབྲེལ་བརྟག་པ་དང་། སྐབས་དེའི་ཆབ་སྲིད་དང་ཕྱིས་ཀྱི་ལོ་རྒྱུས་བཅས་ལའང་དམིགས་པ་ཞིག་རེད་བསམ།

གཉིས། ལྷ་རིས་པ་དང་འབྲི་ལུགས་སྐོར།    
          མན་ཇི་གོང་མའི་ཕོ་བྲང་ནང་གི་ལྷ་རིས་པ་མང་ཤོས་ནི་བོད་དང་སོག་པོའི་མི་རེད། དེ་ནི་གཙོ་བོ་བོད་ཀྱི་བླ་ཆེན་དང་སོག་པོའི་བླ་ཆེན་ཚོ་ལ་འབྲེལ་བ་ཡོད་འདུག གོང་མ་ཆན་ལུང་གི་སྐབས་སུ་བོད་སོག་གི་བླ་ཆེན་སྐད་གྲགས་ཆེ་ཤོས་མང་པོ་ཞིག་པེ་ཅིང་ལ་ཕེབས་མྱོང་བ་རེད། རྒྱུན་བཞུགས་གནང་མཁན་ཡང་མང་པོ་ཡོད་པ་རེད། དཔེར་ན་ལྕང་སྐྱ་རོལ་པའི་རྡོ་རྗེ་དང་། ཧལ་ཧ་རྗེ་བཙུན་དམ་པ་ལྟ་བུའོ།།
          གོང་མའི་ཡིག་ཚགས་ལས་གསལ་བ་ཡིན་ན། ཕུན་སུམ་ཚོགས་པའི་ཁང་བརྩེགས་ནང་གི་རྟེན་གསུམ་བཞེངས་མཁན་གྱི་ལྷ་བཟོའི་མཚན་ལ་ཏཱ་བླ་མ་གྲགས་པ་རྡོ་རྗེ་དང་། ངག་དབང་རྒྱ་མཚོ་གཉིས་ཡིན་པར་བཤད། ཁོ་གཉིས་ལས་ཀྱང་ཏཱ་བླ་མ་གྲགས་པ་རྡོ་རྗེ་ནི་དབུ་ཆེན་གྱི་འགན་འཁྲི་ཡོད་པ་ཞིག་ཡིན་འདུག   ཏཱ་བླ་མ་གྲགས་པ་རྡོ་རྗེ་ནི་བོད་པ་ཡིན་པ་དང་། ངག་དབང་རྒྱ་མཚོ་ནི་སོག་པོ་ཡིན་ཟེར་བ་ལས། ཕ་ཡུལ་དང་འཁྲུངས་འདས་ཀྱི་ལོ་ཚིགས་སོགས་མི་གསལ།
          སྐུ་རྟེན་བཞུགས་སའི་ལྷ་ཁང་ལ་རྒྱ་སྐད་དུ་梵华楼་ཞེས་འབོད་ཀིན་འདུག དེ་ནི་གོང་མ་ཆན་ལུང་གིས་1772___1776་ལོར་བཞེངས་སྐྲུན་བྱས་ནས་གྲུབ་པ་ཞིག་རེད། མན་ཇིའི་སྐབས་སུ། ལྷ་ཁང་འདིའི་མིང་ལ་ཕུན་སུམ་ཚོགས་པའི་ཁང་བརྩེགས་妙吉祥大宝楼་ཟེར། རིམ་པ་དྲུག་པའི་六品佛楼ལྷ་ཁང་ཡིན། ལྷ་ཁང་འདི་ནང་དུ་རྒྱུད་སྡེ་བཞིའི་ལྷ་ཚོགས་མང་པོ་ཞིག་བྲིས་བཞེངས་བྱས་པའི་གྲས་སུ་རྗེ་ཙོང་ཁ་པའི་ཐང་གའང་ཡོད། ཡོངས་གྲགས་སུ། རྗེ་ཙོང་ཁ་པའི་ཐང་ག་བྲིས་བཞེངས་བགྱི་ན་དེ་ཁུངས་གཏུགས་ས་ནི་རྗེའི་དངོས་སློབ་མཁས་གྲུབ་རྗེས་མཛད་པའི་«རྣམ་ཐར་དད་པའི་འཇུག་ངོགས»་དང་། ཆོས་སྒོ་བ་འཇམ་དབྱངས་ཁ་ཆེས་མཛད་པའི་«ཙོང་ཁ་བརྒྱད་ཅུ»་གཉིས་ཤུགས་ཆེ། ཕྱིས་སུ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་«རྗེ་བཙུན་ཙོང་ཁ་པ་ཆེན་པོའི་རྣམ་ཐར་རས་བྲིས་ཀྱི་ཚུལ་བརྒྱ་ང་གསུམ་པ་ཙིནྟ་མ་ཎིའི་ཕྲེང་བ»་ཞེས་པ་དེའི་ལུགས་ཀྱང་རྒྱ་ཆེར་དར་བར་མངོན། འདིར་བྲིས་པ་ནི་དེ་གསུམ་ག་ལས་ཁྱད་ཆོས་དང་གནད་བསྡུས་བླངས་ཏེ་བྲིས་པ་ཞིག་ཡིན་ནམ་སྙམ་པ་ལས་ཞིབ་ཏུ་མ་ངེས། ཡིག་ཚང་གི་གསལ་བཤད་ལྟར་ན། ཧ་ལམ་གྱན་ཐང་གི་ཚུལ་དུ་བཞེངས་ཡོད་པ་དང་། བསྡོམས་པས་གྱན་ཐང་གསུམ་ཡོད་པར་བཤད་དོ།།
རི་མོ་འདིའི་འབྲི་ལུགས་ནི། སྤྱིའི་ཆ་ནས་སྨན་གསར་ལུགས་རེད། བྱེ་བྲག་པེ་ཅིང་གི་སྨན་གསར་ལུགས་རེད།
          ཅི་ཞིག་ལ་པེ་ཅིང་གི་སྨན་གསར་ལུགས་ཟེར་དོན་ཅི་ཞེ་ན། དེ་ལ་སྤྱིར་སྨན་གསར་ལུགས་ནི་པཎ་ཆེན་བློ་བཟང་ཆོས་རྒྱན(1570___1662)གྱི་དངོས་སློབ་སྤྲུལ་སྐུ་ཆོས་དབྱིངས་རྒྱ་མཚོ་ནས་བྱུང་བ་རེད། དེང་སང་རྒྱལ་སྤྱིའི་སྟེང་ཡིན་ན། སྨན་གསར་ལུགས་ལ་བྱེ་བྲག་གི་བྲིས་རྒྱུན་དྲུག་འདྲ་ཞིག་བྱུང་ཡོད་པར་བཤད། ང་ཡང་དེར་འཐད་པ་ཡིན། བྲིས་རྒྱུན་དྲུག་པོ་དེ་གང་རེད་ཅེ་ན། གཙང་བྲིས། དབུས་བྲིས། ཁམས་བྲིས། ཨམ་བྲིས། པེ་བྲིས། སོག་བྲིས་བཅས་སོ།།
          འདི་ལྟར་བཀར་དོན་ནི་ནང་གསེས་ཀྱི་ཁྱད་ཆོས་ཐོག་ནས་བཤད་པ་རེད། དཔེར་ན། དཀའ་ཆེན་བློ་བཟང་ཕུན་ཚོགས་ལགས་དང་དགེ་རྒན་བསྟན་པ་རབ་བརྟན་གཉིས་ཀྱིས་བྲིས་པའི་སྨན་གསར་ལུགས་ལ་སོ་སོ་ནས་གཙང་བྲིས་དང་དབུས་བྲིས་ཀྱི་ཁྱད་ཆོས་ཅུང་མི་འདྲ་བ་ཡོད་པ་རྐྱེན་གྱིས་སྤྱི་ཚོགས་ཐོག་དཀའ་ཆེན་བློ་བཟང་ཕུན་ཚོགས་དང་དེའི་རྒྱུན་འཛིན་པ་རྣམས་ཀྱིས་བྲིས་པ་ལ་གཙང་བྲིས་དང་། དགེ་རྒན་བསྟན་པ་རབ་བརྟན་དང་དེའི་རྒྱུན་འཛིན་པ་རྣམས་ཀྱིས་བྲིས་པར་དབུས་བྲིས་ཞེས་པ་ལྟ་བུ་རེད། དེ་བཞིན་དུ་ཁམས་བྲིས་ཞེས་པའང་ཁམས་ཀྱི་ལྷ་བཟོ་ཆོས་བཀྲ་ཤིས་དང་། དེའུ་དམར་དགེ་བཤེས། གྲུ་པ་ཕུར་བུ་ཚེ་རིང་། འཛིང་ལྷ་འཇམ་དབྱངས་བཅས་ཀྱི་བྲིས་རྒྱུན་ནི་སྨན་གསར་ལུགས་ཡིན་པ་ལས་ཀརྨ་སྒར་བྲིས་མ་རེད། དེ་ནི་གཙང་དང་དབུས་ཀྱི་བྲིས་རྒྱུན་དང་བསྡུར་ན་ཀརྨ་སྒར་བྲིས་ཀྱི་ཤུགས་རྐྱེན་ཅུང་ཟད་ཐེབས་ཡོད་པས་ཁམས་བྲིས་ཟེར། དེ་བཞིན་དུ་ཡང་རེབ་གོང་གི་བྲིས་རྒྱུན་འདི་ཡང་སྨན་གསར་ལུགས་ཡིན་ཡང་། དེའི་སྟེང་ལ་རྒྱ་བྲིས་ཀྱི་ཤུགས་རྐྱེན་ཅུང་ཐེབས་ཡོད་པས་ཨམ་བྲིས་དང་རེབ་གོང་གི་བྲིས་རྒྱུན་ཟེར།
          པེ་བྲིས་བྱ་བ་ནི་པེ་ཅིང་གི་བྲིས་རྒྱུན་ལ་ཟེར། པེ་ཅིང་གི་བོད་བརྒྱུད་ནང་བསྟན་དགོན་པ་སྟེ་ཤར་གྱི་ལྷ་ཁང་སེར་པོ་དང་། ནུབ་ཀྱི་ལྷ་ཁང་སེར་པོ། དགའ་ལྡན་བྱིན་ཆགས་གླིང་། གོང་མའི་མཆོད་ཁང་སོགས་ཀྱི་རྟེན་གསུམ་བཞེངས་དུས་དབུས་གཙང་ནས་སྨན་གསར་ལྷ་རིས་པ་གདན་དྲངས་ནས་བྲིས་བཞེངས་མཛད་པ་དང་། སྐབས་དེར་སྦྱིན་བདག་གི་དགའ་ཁ་འཁྱེར་སོ་ནི་བོད་ཀྱི་སྨན་གསར་འབྲི་ལུགས་ཁོ་ན་མ་ཡིན་པར་དེའི་ཐོག་ལ་པེ་ཅིང་གི་གཉུག་མའི་རི་མོ་རྒྱ་བྲིས་དང་། ནུབ་ཀྱི་སྣུམ་ཚོན་རི་མོ་པའི་འབྲི་ལུགས་ལའང་མོས་པ་ཆེན་པོ་ཡོད་པས། དེ་དག་གི་ཁྱད་ཆོས་ཟུང་འབྲེལ་བྱས་ཏེ་བྲིས་པ་ནི་པེ་ཅིང་གི་སྦྱིན་བདག་ཚོའི་སེམས་ཁམས་དང་བསྟུན་པ་ཞིག་རེད། དེ་ནས་དེ་ལྟར་བྲིས་འོངས་རྗེས་རིམ་གྱིས་བོད་ཀྱི་སྨན་གསར་ལུགས་དེ་ལ་འགྱུར་ལྡོག་བྱུང་སྟེ་ད་ལྟ་མཐོང་རྒྱུ་ཡོད་པའི་པེ་ཅིང་གི་ཐང་གའི་བྲིས་རྒྱུན་འདི་ཆགས་པ་རེད། དེ་ལ་ཕྱིས་ཀྱི་མིས་པེ་ཅིང་གི་བྲིས་རྒྱུན་ཞེས་འབོད་ཅིང་། ཚིག་བསྡུས་པས་པེ་བྲིས་ཞེས་པ་རེད།
          སོག་བྲིས་ཀྱང་དོན་དུ་པེ་བྲིས་གཞིར་བཞག་ནས་དེའི་སྟེང་ལ་ཨམ་བྲིས་དང་དབུས་གཙང་གི་ཁྱད་ཆོས་བསྣན་པས་རང་ཤུགས་ནས་གང་དང་ཡང་མི་འདྲ་བ་ཞིག་རང་བཞིན་གྱིས་ཆགས་པ་དེ་ལ་སོག་བྲིས་ཟེར་བ་རེད།
          འོ་དེ་རེད། གོང་དུ་ངས་མན་ཇི་གོང་མའི་ཕོ་བྲང་ནང་གི་རྗེ་ཙོང་ཁ་པའི་རི་མོའི་འབྲི་ལུགས་ནི་པེ་ཅིང་གི་བྲིས་རྒྱུན་ནམ་པེ་བྲིས་ཟེར་དོན་དེ་ཡིན། འདི་ལྟར་བཤད་ན་ཧ་ལམ་ཚང་མས་གོ་སྲིད་སྙམ་མོ།།
          ངས་ཤེས་པ་ཡིན་ན། གོང་མའི་ཕོ་བྲང་གི་མཆོད་ཁང་སྟེ་ཕུན་སུམ་ཚོགས་པའི་ཁང་བརྩེགས་ནང་གི་སྐུ་རྟེན་རྣམས་ཧ་ལམ་ལོ་དྲུག་བདུན་ཞིག་ལ་བྲིས་བཞེངས་བྱས་པ་རེད། རྗེ་ཙོང་ཁ་པའི་གྱན་ཐང་འདི་རྣམས་ནི་ཧ་ལམ་སྤྱི་ལོ་1786་ལོ་ཡས་མས་ཤིག་ལ་བོད་ཀྱི་ཏཱ་བླ་མ་གྲགས་པ་རྡོ་རྗེ་དང་སོག་པོའི་གྲྭ་བ་ངག་དབང་རྒྱ་མཚོ་གཉིས་ཀྱིས་འགན་ཁུར་ནས་བྲིས་བཞེངས་བྱས་ནས་གྲུབ་པ་ཞིག་ཡིན་འདུག     ལོ་དེར་ལྕང་སྐྱ་རོལ་པའི་རྡོ་རྗེ་ཡང་སྐུ་གཤེགས་པས། དེའི་རྗེས་སུ་གོང་མའི་ཕོ་བྲང་དུ་རྟེན་གསུམ་བཞེངས་པའི་ལས་གཞི་དེ་མཇུག་རྫོགས་པ་ཡིན་ནམ་སྙམ་མོ།།

གསུམ། སྦྱིན་བདག་དང་འབྲེལ་བའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་སྐོར།
          ཐང་ག་འདི་བཞེངས་སུ་བཅུག་པའི་སྦྱིན་བདག་ནི་གོང་དུ་བཤད་པ་ལྟར་གོང་མ་ཆན་ལུང་རེད། གོང་མ་ཆན་ལུང(1711___1799)གི་ལོ་རྒྱུས་ནི་མང་ཤོས་ཀྱིས་ཤེས་སྲིད་པས་འདིར་རྒྱས་བཤད་ཀྱི་ངོ་སྤྲོད་གང་ཡང་བྱ་རྩིས་མེད།
          གོང་མ་ཆན་ལུང་ནི་ཀྲུང་གོའི་ལོ་རྒྱུས་ཐོག་དམིགས་བསལ་གྱི་རྒྱལ་པོ་ཞིག་རེད། ཀྲུང་གོའི་ལོ་རྒྱུས་ཐོག་གནའ་ནས་ད་ལྟའི་བར་སྲིད་འཛིན་གྱི་ཁྲི་ལོ་ཆེས་རིང་བར་བཞུགས་པའི་རྒྱལ་པོ་ནི་གོང་མ་ཆན་ལུང་རེད། ལོ་དྲུག་ཅུ་རེ་གསུམ་ལྷག་ལ་སྲིད་བསྐྱངས་པ་དང་། དགུང་ལོ་89་བཞུགས། གོང་མ་ཆན་ལུང་ལ་བོད་མིང་ཡོད་ཀྱང་། རྒྱུན་སྤྱོད་ཀྱི་ཐ་སྙད་མིན་པས་མང་ཤོས་ཀྱི་རྟོགས་དཀའ་བས་ངས་འདིར་གོང་མ་ཆན་ལུང་ཞེས་སྒྲ་ཐད་བསྒྱུར་བྱས་པ་ཡིན།
          གོང་མ་ཆན་ལུང་གི་ཡབ་ཀྱི་མཚན་ལ་ཡུང་ཀྲིན་རྒྱལ་པོ་བྱ་བ་དེ་རེད། ཁོའི་བློན་ཆེན་ནི་ཉན་གུང་ཡོ་ཟེར་ཞིང་年羹尧(1679—1726)དེས་བྱང་གི་དགོན་ཆེན་བཞི་པོ་མེར་བསྲེགས་ནས་བླ་ཆེན་བརྒྱད་ཅུ་ལྷག་གི་དབུ་བཅད་དེ་ཁྲག་གི་འཁོར་ལོས་བསྐོར་བའི་ལོ་རྒྱུས་ཡོད་པ་དེ་རེད། དེའི་ཕྱིར། ལོ་རྒྱུས་ཞིབ་འཇུག་པ་དང་ཆབ་སྲིད་པ་ཚོས་མན་ཇིའི་རྒྱལ་པོ་ཁང་ཞིས་དང་། ཡུང་ཀྲིན། ཆན་ལུང་སོགས་ཀྱིས་བོད་བརྒྱུད་ནང་བསྟན་ལ་དངོས་སུ་དད་མོས་ཡོད་མེད་ཐོག་ནས་དོགས་པ་ཟ་གིན་ཡོད་པའི་རྒྱུ་མཚན་གཅིག་ནི་དེ་རེད།
          ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་(1642___1714)ནི་གོང་མ་ཁང་ཞིས་ཀྱིས་སོག་པོའི་མངའ་ཐང་རྒྱ་བསྐྱེད་ལ་ཐད་ཀར་དབང་བསྒྱུར་ཚོད་འཛིན་བྱེད་པའི་ལས་གཞིའི་གཙོ་སྐྱོང་ལས་འཛིན་གྱི་མི་སྣ་གྲགས་ཅན་ཁག་ལས་གཅིག་ཡིན་པ་དང་། གོང་མ་ཡུང་ཀྲིན་གོང་མའི་རྒྱལ་སྲིད་ལ་བསྐོས་ཐུབ་པ་བྱུང་བའི་གནད་འགག་གཅིག་ཀྱང་ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་གྱི་རྒྱབ་སྐྱོར་ལ་ཐུག་པ་རེད། ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་དང་གོང་མ་ཁང་ཞིས་གཉིས་བར་གྱི་འབྲེལ་བ་ནི་ནང་འདྲིས་ཆེ་ཞིང་མཛའ་བཤེས་ཟབ་པ་ཞིག་རེད། ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་ནི་གོང་མ་ཡུང་ཀྲིན་གྱི་བླ་མ་ཡིན་ལ། ཁང་ཞིས་དང་ཡུང་ཀྲིན་གཉིས་བར་གྱི་གསེར་ཟམ་ལྟ་བུའང་ཡིན་པས་མཐར་ཡུང་ཀྲིན་རྒྱལ་སྲིད་ལ་བཞུགས་ཐུབ་པ་དེ་ལྕང་སྐྱ་ངག་དབང་བློ་བཟང་ཆོས་ལྡན་གྱི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད་པ་ཞིག་རེད། ལྕང་སྐྱ་རོལ་པའི་རྡོ་རྗེ་དགུང་ལོ་དྲུག་ཙམ་ནས་པེ་ཅིང་དུ་ཁྲིད་འོངས་པའི་རྒྱུ་མཚན་ཡང་དེར་ཐུག་པ་ཡིན་འདུག།
          གོང་མ་ཡུང་ཀྲིན་གྱིས་རང་གི་སྲས་ཆན་ལུང་དང་ལྕང་སྐྱ་རོལ་པའི་རྡོ་རྗེ་གཉིས་མཉམ་དུ་བཞག་སྟེ་དམིགས་བསལ་གྱིས་གསོ་སྐྱོང་མཛད་པ་དང་། ཕྱིས་སུ་ལྕང་སྐྱ་རོལ་པའི་རྡོ་རྗེ་(1717___1786)ནར་སོན་རྗེས་གོང་མ་ཆན་ལུང་གིས་ཡབ་མེས་ཀྱི་གཞིས་ཀ་ཁོང་ལ་དགོན་གཞིས་སུ་ཕུལ། དེང་སང་དགའ་ལྡན་བྱིན་ཆགས་གླིང་ཟེར་བ་དེ་རེད། དེ་ནས་ལྕང་སྐྱ་རོལ་པའི་རྡོ་རྗེ་ནི་གོང་མ་ཆན་ལུང་གི་གྲོགས་པོ་ཡིན་ལ་བླ་མའང་ཡིན་པས། ཕྱིས་སུ་མན་ཇིའི་སྲིད་གཞུང་གི་ཆོས་ལུགས་ཀྱི་ལས་སྒོ་གང་དང་གང་ཡིན་ཡང་ལྕང་སྐྱ་རོལ་པའི་རྡོ་རྗེས་ཐད་ཀར་བཀོད་འདོམས་ཀྱི་མི་སྣ་གཙོ་བོར་ཆགས་པ་རེད།
          ངས་ཤེས་པ་ཡིན་ན། གོང་མ་ཆན་ལུང་ནི་བོད་བརྒྱུད་ནང་བསྟན་ལ་ལུས་ངག་ཡིད་གསུམ་གྱིས་དད་མོས་དངོས་སུ་བྱེད་མཁན་ཞིག་དང་། ཕྱི་མའི་སྐྱབས་ཡུལ་མཐར་ཐུག་ཀྱང་བོད་བརྒྱུད་ནང་བསྟན་ལ་བཅོལ་བ་ཞིག་ཡིན་ཚུལ་ནི་ཆན་ལུང་ཁོ་རང་གི་བང་སོ་ལ་གཟིགས་དང་ཡོད་ཚད་ཁུངས་སྐྱེལ་ཐུབ་པས། འདིར་ངས་དེའི་སྐོར་ནས་མང་པོ་བཤད་རྩིས་མེད། གལ་ཏེ་ཆན་ལུང་གིས་བོད་བརྒྱུད་ནང་བསྟན་ལ་དད་པ་མེད་ན་རང་གི་བང་སོ་དང་བཞུགས་སའི་ཕོ་བྲང་ནང་ལོགས་ན་བོད་བརྒྱུད་ནང་བསྟན་གྱི་མཆོད་ཁང་དང་ལྷ་ཁང་དེ་འདྲ་མང་པོ་ཞིག་བཞེངས་དགོས་དོན་གང་ཡང་མི་འདུག་སྙམ།།
          མདོར་ན། གོང་མ་ཆན་ལུང་གིས་རང་གི་བཞུགས་སའི་ཕོ་བྲང་གི་ནང་ན། བོད་བརྒྱུད་ནང་བསྟན་གྱི་ལྷ་ཁང་དང་སྐུ་རྟེན་དེ་འདྲ་མང་པོ་ཞིག་བཞེངས་དོན་ནི་གཅིག་ན་རྒྱལ་ཁམས་བདེ་ཞིང་འབངས་རྣམས་སྐྱིད་པའི་ཕྱིར་དང་། གཉིས་ནི་རང་ཉིད་བསོད་ནམས་བསོགས་པ་དང་ཆོས་དེར་དངོས་སུ་ཞུགས་ནས་སྒྲུབ་པ་ཉམས་ལེན་བྱེད་པའི་ཆེད་དུ་ཡིན་པ་སྐུ་རྟེན་འདི་དག་གི་སྤུས་ཀ་དང་གོ་རིམ་སོགས་ལ་བལྟས་ན་ཤེས་ཐུབ་པ་དང། གསུམ་ནི་ལྕང་སྐྱ་རོལ་པའི་རྡོ་རྗེའི་ཤུགས་རྐྱེན་གྱིས་ཡིན་པས་སོ།།
          དེ་ཡང་གོང་འཁོད་ཀྱི་དེ་དག་ནི་ཐང་ག་ཇི་ལྟར་བལྟ་དགོས་པའི་སྐོར་ནས་འཕྲོས་ཏེ་སྐད་ཆ་འགའ་བཤད་པ་ཡིན་ལ། འདི་ནི་ཐང་གའི་རྨང་གཞི་མེད་པའི་མི་དག་ལ་དམིགས་ནས་སྟབས་བདེའི་སྒོ་ནས་བཤད་པ་ཡིན་ཕྱིར། ཞིབ་པར་བཤད་ན་ཉོག་འགྲོ་བར་འཇིགས་ནས་འདི་ཙམ་གྱིས་ཆོག་པར་ཞུ། གཞན་དག་ལ་རིགས་བསྒྲེའི་སྒོ་ནས་འདི་ལྟར་བལྟ་ཆོག་གི་རེད་འདོད་དོ།།