ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཁང་གཞིས།

གེ་སར་རི་མོའི་སྒྱུ་རྩལ།

སྤེལ་དུས 2018-04-28 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། རིག་ལྡན་རྒྱ་མཚོ།

          གླིང་གེ་སར་རྒྱལ་པོའི་སྒྲུང་ནི་བོད་བཙན་པོའི་དུས་སྐབས་ཀྱི་ཡུལ་སྲོལ་དང་གོམས་འདྲིས།  རིག་གནས།  དཔལ་འབྱོར།  སྒྱུ་རྩལ།  དམག་དོན།  ཆབ་སྲིད་སོགས་གཅིག་ཏུ་བསྡུས་པའི་བང་མཛོད་ལྟ་བུ་ཡིན་ལ།  འཛམ་གླིང་གི་དཔའ་བོའི་སྙན་རྩོམ་ཁྲོད་ཀྱི་ཆེས་རིང་ཤོས་ཀྱང་རེད།  དེ་ལ་ཁྱོན་བསྡོམས་སྒྲུང་དེབ་པོད་༡༢༠ལྷག་ཡོད་པ་དང་ཡིག་གྲངས་ཁྲི་༣༠༠༠ལས་བརྒལ་འདུག  ངོ་མཚར་བའི་དཔའ་བོའི་སྙན་རྩོམ་རིང་མོ་འདི་ནི་ཕུན་སུམ་ཚོགསས་པའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་གཞིར་བྱས་པ་དང་བོད་མིའི་བློ་གྲོས་ཀྱི་རྩལ་ལ་བརྟེན་ནས་བྱུང་བ་སྨོས་མ་དགོས་ཤིང་།  དུས་ཡུན་གྱི་འཕེལ་འགྲོས་དང་བསྟུན་ནས་ཉེ་ཁོར་གྱི་སོག་པོ་དང་ཧོར།  ནཱ་ཞིས།  ཡུས་ཀུའུ་སོགས་ཀྱི་ཁྲོད་དུའང་ཁྱབ་བརྡལ་བྱུང་ཡོད་ལ།  དབྱིན་ཇི་དང་ཧྥ་རན་སི།  འཇར་མན།  ཨུ་རུ་སུ།  འཇར་པན།  རྒྱ་གར་སོགས་ཀྱི་ཡིག་རིགས་སུ་བསྒྱུར་ཡོད་པར་བཤད།  དེང་གི་དུས་སུ་དཔའ་བོའི་སྙན་རྩོམ་རིང་མོ་འདི་རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི་རིག་གནས་རྣམ་བཞག་གི་ཁོངས་སུ་བསྡུས་ཏེ་སྲུང་སྐྱོབ་བྱེད་ཀྱིན་མཆིས་ལ།  འཛམ་གླིང་གི་སྣ་མང་རིག་གནས་ཀྱི་སྐྱེད་མོས་ཚལ་དུ་མཛེས་སྡུག་དཔལ་གྱིས་སྙེམས་པའི་མེ་ཏོག་ཅིག་དང་མཚུངས་པར་ཀུན་གྱིས་བསྔགས་བརྗོད་བྱེད་ཡུལ་དུ་གྱུར་འདུག
          བོད་མི་དམངས་ལ་མཚོན་ན།  སྒྲུང་བཤད་པ་དང་ཟློས་གར་འཁྲབ་པ།  སྐུ་འདྲ་དང་ཐང་ག་བཞེངས་པ་སོགས་ཀྱི་ཐབས་ལམ་ལ་བརྟེན་ནས་དཔའ་བོའི་སྙན་རྩོམ་རིང་མོ་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་ཀྱིན་མཆིས།  དེ་ལས་ཐང་ག་བཞེངས་པའི་སྐོར་ནས་བརྗོད་ན།  སྲོལ་རྒྱུན་གྱི་ཐང་གའི་ཐད་འབྲི་ལུགས་མང་པོ་བགྲང་རྒྱུ་མེད་པར་གེ་སར་རྒྱལ་པོ་ཉིད་རྟ་རྐྱང་ངེར་བཅིབས་ཤིང་ཕྱག་གཡས་པས་ལྕག་ཚན་དཔྱར་བ་དང་ཕྱག་གཡོན་པས་མདུང་དར་འཛིན་པའི་སྟངས་སྟབས་འདི་ཁོ་ནར་ངེས།  ཡིན་ཡང་དུས་རབས་གསར་པའི་ནང་ནུབ་ལུགས་ཀྱི་རི་མོ་འབྲི་སྟངས་བོད་དུ་དར་བ་ནས་བཟུང་གེ་སར་རྒྱལ་པོའི་རི་མོ་བརྩམས་ཆོས་ཀྱང་མང་དུ་བྱུང་ཡོད།  ཕལ་ཆེར་སྤྱི་ལོ་༡༩༧༥ལོར་ནང་ལོགས་ཀྱི་རི་མོ་བ་གྲགས་ཅན་ཀྲུའུ་ནེ་ཀྲིན་ལགས་ཀྱིས་《ཧོར་གླིང་གཡུལ་འགྱེད》དཔེ་དེབ་ལ་གསོན་ཉམས་ལྡན་པའི་བར་བཅུག་རི་མོ་བྲིས་པ་དང་།  རི་མོ་བ་ཉི་མ་ཚེ་རིང་ལགས་ཀྱིས་གེ་སར་མི་ཡུལ་དུ་བྱོན་པའི་བརྩམས་ཆོས་ཁྱད་མཚར་ཅན་ཞིག་བྲིས་པ།   ཉི་མ་ཚེ་རིང་ལགས་ཀྱིས་འབྲུག་མོས་ཁྲུང་ཁྲུང་ལ་འཕྲིན་ཡིག་བསྐུར་བའི་བརྩམས་ཆོས་ཁྱད་མཚར་ཅན་ཞིག་བྲིས་པ་སོགས་ཕུལ་ཏུ་བྱུང་བའི་བརྩམས་ཆོས་མང་དུ་བྱུང་།  འདི་དག་གིས་གེ་སར་རྒྱལ་པོའི་སྒྲུང་དེ་ཉིད་དུས་རབས་གསར་པའི་རིག་གནས་སྒྱུ་རྩལ་གྱི་སྟེགས་བུར་ལྷགས་པ་མཚོན་ཞིང་།  རི་མོའི་སྒྱུ་རྩལ་ནི་གེ་སར་སྒྲུང་གི་མཚོན་སྟངས་གལ་ཆེན་ཞིག་ཡིན་པའང་ངང་ངམ་ཤུགས་ཀྱིས་བསྟན་འདུག

          སྤྱི་ལོ་༡༩༨༠ལོར་《གླིང་རྗེ་གེ་སར་རྒྱལ་པོ་དང་དཔའ་རྟུལ་སུམ་ཅུ་ཐམ་པ》ཞེས་པའི་རི་མོའི་བརྩམས་ཆོས་ཤིག་གསར་དུ་བྱུང་།  བརྩམས་ཆོས་དེའི་ཆེ་ཆུང་ལ་(105cm×75cm)ཡོད།  བརྩམས་ཆོས་དེ་ནི་རི་མོ་པ་རིན་ཆེན་རྒྱ་མཚོས་གསར་དུ་བཞེངས་པ་ཞིག་རེད།  རི་མོ་པ་རིན་ཆེན་རྒྱ་མཚོ་ནི་སྤྱི་ལོ་༡༩༤༡ལོར་མདོ་སྨད་གཅན་ཚ་རུ་སྐྱེས་ཤིང་ལོ་དགུའི་སྟེང་ནས་ཐང་ག་སྦྱངས་ཏེ་ནར་སོན།  སྤྱི་ལོ་༡༩༦༤ལོར་མཚོ་སྔོན་ཞིང་ཆེན་དུ་ནུབ་ལུགས་རི་མོའི་འཛིན་གྲྭ་ཐོག་མ་ཚུགས་པར་དངོས་སུ་ཞུགས་ཤིང་ཀྲུང་གོའི་རི་མོ་བ་གྲགས་ཅན་ཀྲུའུ་ནའེ་ཀྲིན(朱乃正)དང་།  ཙིན་ཏོ་ཙོང(曾多宗)།  ལིས་ཀོ(李果)  ཀྲུའུ་ཁྲིན་ལིན(朱成林)།  ཀྲའོ་ཅིས་ཀོང་(赵继功)སོགས་དགེ་རྒན་ལ་ལེགས་པར་བསྟེན།  རིན་ཆེན་རྒྱ་མཚོས་ཆུང་བའི་དུས་སུ་ཐང་ག་སྦྱངས་མྱོང་ཡང་ནུབ་ལུགས་རི་མོར་ཐོག་མར་འཇུག་པ་ཡིན་པས་རི་མོའི་ཐབས་རྩལ་དང་འདུ་ཤེས་འཛིན་སྟངས་ཐད་ནས་ཐོད་བརྒལ་ཆེན་པོ་ཞིག་བགྱིད་དགོས་པ་སྨོས་མ་དགོས།  གནའ་སྲོལ་དང་དེང་རབས་ཀྱི་འགལ་འདུའི་བར་ནས་ཁོས་རི་མོ་ལ་རང་ངོས་ཀྱི་ལྟ་ཚུལ་གསར་པ་ཞིག་སྐྱེས།  དེར་བརྟེན་རིན་ཆེན་རྒྱ་མཚོས་བོད་མི་རིགས་ཀྱི་ཐང་གའི་འབྲི་ལུགས་ཀྱི་རྨང་གཞིའི་སྟེང་ལ་ཐབས་རྩལ་དང་བསམ་བློ་གསར་བ་ནང་འདྲེན་བྱས་རྗེས་《གླིང་རྗེ་གེ་སར་རྒྱལ་པོ་དང་དཔའ་རྟུལ་སུམ་ཅུ་ཐམ་པ》ཞེས་པའི་བརྩམས་ཆོས་དེ་ཉིད་གསར་དུ་བཞེངས་པ་རེད།  རི་མོ་དེ་མཚོ་སྔོན་གྱི་དམངས་སྲོལ་བོད་ཡིག་དུས་དེབ《མཚོ་སྔོན་མང་ཚོགས་སྒྱུ་རྩལ》(1988ལོ)གྱི་རྒྱབ་ཤའི་ངོས་སུ་བཀོད་ཅིང་།  དེ་དང་ཆབས་ཅིག་མཚོ་སྔོན་གྱི་བོད་ཡིག་རྩོམ་རིག་དུས་དེབ《སྦྲང་ཆར》གྱི་བར་བཅུག་ཏུ་ལི་ཐོ་དང་བསྡེབས་ནས་བཀྲམས་པར་ཀུན་གྱིས་གདེངས་འཇོག་ཐོབ།
          རིན་ཆེན་རྒྱ་མཚོས་ཕྱིར་དྲན་བྱེད་རྒྱུར།  སྟོན་ཁ་ཞིག་ལ་ཁོ་མགོ་ལོག་རྨ་སྟོད་རྫོང་གི་མཛོ་རྒན་རྭ་བར་གྱི་དགོན་པ་ཞིག་ཏུ་བླ་མ་ཐང་རེ་ཞེས་པར་མཇལ།  བླ་མའི་མཆོད་ཁང་གི་དབུས་སུ་ཁོའི་བརྩམས་ཆོས《གླིང་གེ་སར་དང་དཔའ་རྟུལ་སུམ་ཅུ》བཞག་སྟེ་མཆོད་པ་བཤམས་འདུག  ཁོས་དེ་མཐོང་ནས།  "རི་མོ་འདི་བདག་གིས་བཞེངས་པ་ཡིན"ཞེས་སྨྲས་པར། བླ་མས་ཡིད་མ་ཆེས་པར་ཧ་དགོད་ཅིག་བྱས་ཏེ།  "འདི་ནི་ཁྱོད་འདྲ་བ་ཞིག་གིས་བཞེངས་ཐུབ་ཀི་མ་རེད"ཟེར།  རིན་ཆེན་རྒྱ་མཚོས།  "འོ་ན་སུ་འདྲ་བ་ཞིག་གིས་བཞེངས་ཐུབ་ཀི་རེད"ཅེས་པར།  བླ་མས།  "ཁམས་རྫོགས་ཆེན་གྱི་ལྷ་རིས་པ་བཟང་པོ་ཞིག་གིས་བཞེངས་པ་རེད"ཅེས་ལན་བཏབ།  སྐད་ཆ་དེས་རེ་ཞིག་ལ་རིན་ཆེན་རྒྱ་མཚོ་ཧ་ལས་སུ་བཅུག་མོད།  འོན་ཀྱང་ཁོའི་སེམས་སུ།  "ང་མི་སྐྱ་ཞིག་ཡིན་པས་བླ་མས་ཡིད་ཆེས་བྱེད་ཀྱི་མི་འདུག  ཡིན་ཡང་།  ཁོང་གིས་ངའི་བརྩམས་ཆོས་མཆོད་ཁང་གི་དབུས་སུ་བཤམས་པར་མ་ཟད།  ད་དུང་ཁམས་རྫོགས་ཆེན་གྱི་ལྷ་རིས་པ་བཟང་པོ་ཞིག་གིས་བཞེངས་ཞེས་བརྗོད་པར་བལྟས་ན།  རྙིང་མའི་ཁུངས་གཏུག་ས་ཁམས་རྫོགས་ཆེན་ཡིན་ལ།  ཁམས་ཕྱོགས་སུ་ལྷ་བཟོ་མཁས་ཅན་མང་པོའང་ཡོད་པས།  ཐང་ཀ་ལེགས་པོ་ཞིག་ཡོད་པ་མཐོང་ཚེ།  ཁམས་རྫོགས་ཆེན་གྱི་རེད་ཟེར་ནས་གདེངས་འཇོག་ཐོབ་ཀྱིན་འདུག  འདི་ནི་བདག་གི་སྒྱུ་རྩལ་གསར་རྩོམ་གྱི་ལུགས་འདིར་བོད་མིས་ཁས་ལེན་དང་གདེངས་འཇོག་ཐོབ་པ་མིན་ནམ།  བོད་མིས་ཁས་ལེན་ཐོབ་ཚེ་བོད་རང་གི་རིག་གནས་སུ་གྱུར་པ་ཡིན།"སྙམ་ནས་སེམས་པ་ཧ་ཅང་དགའ་བོ་བྱུང་།

          རི་མོའི་བརྩམས་ཆོས་འདིས་དཔའ་བོའི་སྙན་རྩོམ་རིང་མོ་འདི་ཉིད་དེང་རབས་རི་མོ་སྒྱུ་རྩལ་གྱི་ལམ་ནས་བོད་མི་རིགས་ཀྱིས་འཛིན་སྐྱོང་བྱེད་རྒྱུར་ཁས་ལེན་ཐོབ་པ་མཚོན་ཡོད།  གེ་སར་གྱི་རི་མོའི་བརྩམས་ཆོས་འདིའི་ཁྱད་ཆོས་ནི་གསར་རྩོམ་པ་རིན་ཆེན་རྒྱ་མཚོས་ཆུང་བའི་དུས་ནས་འབད་བརྩོན་བསྐྱེད་པའི་བོད་ཀྱི་སྨན་གསར་ཐང་ག་བཞེངས་ལུགས་ཀྱི་རྨང་གཞིའི་སྒང་ལ་དེང་རབས་རི་མོའི་སྒྱུ་རྩལ་གསར་དུ་བསྣན་པ་ཞིག་ཡིན་ལ།  དེས་བོད་ཀྱི་རི་མོའི་སྲོལ་ལུགས་གོམ་གང་མདུན་སྤོས་སྒོས་འཕེལ་རྒྱས་བྱུང་བའང་མཚོན་ཡོད།  དུས་སྐབས་དེར་དཔའ་བོའི་སྙན་རྩོམ་རིང་མོ་རི་མོ་སྒྱུ་རྩལ་གྱི་ལམ་ནས་རྒྱུན་འཛིན་བྱེད་མགོ་བརྩམས་པ་དང་ཆབས་ཅིག་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་གེ་སར་སྒྱུ་རྩལ་མྱུར་སྐྱོབ་ལས་ཁུངས་ཟེར་བ་ཞིག་བཙུགས་ཤིང་རིན་ཆེན་རྒྱ་མཚོ་ལས་ཁུངས་དེའི་འགན་འཛིན་ལ་བསྐོས།  རིན་ཆེན་རྒྱ་མཚོས་གནའ་བོའི་དུས་ནས་བཟུང་ཐང་ཀའི་ལག་རྩལ་དར་རྒྱས་ཆེན་པོ་བྱུང་བའི་རེབ་གོང་གི་སྡེ་བ་སོ་སོར་ཕྱིན་ནས།  སེང་གེ་གཞོང་ཡ་མགོའི་ཤ་བོ་ཚེ་རིང་དང་།  སེང་གེ་གཞོང་མ་མགོའི་རྒྱ་མཚོ་སོགས་གེ་སར་སྒྱུ་རྩལ་མྱུར་སྐྱོབ་ལས་ཁུངས་སུ་དམངས་ཁྲོད་ཀྱི་ལྷ་བཟོ་མི་སྣ་དགུ་བསྡུས་ནས་གེ་སར་སྒྱུ་རྩལ་དེ་ཉིད་དར་སྤེལ་བྱེད་མགོ་བརྩམས།  ཡིན་ཡང་།  བོད་ཀྱི་སྲོལ་རྒྱུན་ལྷ་བྲིས་ལ་གླིང་གེ་སར་རྒྱལ་པོའི་ཐང་ག་སྣ་གཅིག་མ་གཏོགས་མེད་པ་བཞིན་ལྷ་བཟོ་ཚང་མས་ཐང་ག་སྣ་གཅིག་པུ་དེ་བཞེངས་ཤིང་"དགེ་རྒན་གྱིས་འབྲི་སྟངས་འདི་མ་གཏོགས་གཞན་མ་བསླབ"ཟེར།  ལྷ་བཟོ་ཚོར་ཁ་དཔེ་ཞིག་ཡོད་པ་ནི།  "སྲོག་ལྡན་ནང་ནས་རྟ་དང་གླང་བོ་དཀའ།  སྲོག་མེད་ནང་ནས་མེ་རི་པ་ཏྲ་དཀའ"ཟེར་ཞིང་།  རྟ་དང་གླང་བོ་ཆེར་བསྐྱར་འབྲིའི་ཐིག་རྩ་མེད་པས་འབྲི་དཀའ་བ་དང་།  གེ་སར་སྒྱུ་རྩལ་ནི་རྟ་ཡི་གཟུགས་རིས་དང་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་པས་ལྷ་བཟོ་པར་མཚོན་ན་དཀའ་གནད་ངེས་ཅན་མཆིས་པ་སྨོས་ཅི།  དེར་རིན་ཆེན་རྒྱ་མཚོས།  "གེ་སར་ལྷ་བྲིས་སྒྱུ་རྩལ་ལ་ཐང་ག་འདི་གཅིག་པུ་ལས་མེད་ན་ག་ལ་འགྲིག  གེ་སར་ལ་མཛད་པ་རྒྱ་ཆེན་པོ་ཡོད་པས།  ཁོང་གི་བཟོ་ལྟ་དང་རྣམ་འགྱུར་སྣ་མ་སྣ་ཚོགས་སུ་འབྲི་རིགས་ཤིང་།  རྟ་ཡི་སྟངས་སྟབས་ཀྱང་བགྲང་ལས་འདས།  བོད་ཀྱི་ལྷ་བྲིས་སྒྱུ་རྩལ་གྱིས་དེ་དག་གི་ཉམས་འགྱུར་སྟོན་མ་ཐུབ་ཚེ།  ལོ་ངོ་སྟོང་ཕྲག་རིང་ལ་ཤུལ་གཅིག་ཏུ་རྐང་པ་རྡུང་ནས་བསྡད་པ་ལས་མདུན་བསྐྱོད་ཕྲན་ཙམ་ཡང་མ་བྱས་པ་མིན་ནམ"ཞེས་སྨྲས།

          སྲོལ་རྒྱུན་གྱི་གླིང་རྗེ་གེ་སར་རྒྱལ་པོའི་ཐང་ག་བཞེངས་ལུགས་དེ་ནི་བོད་མི་རིགས་ཀྱི་དད་རྟེན་ཡིན་ལ།  དད་རྟེན་དུ་ཐང་ག་དེ་ཉིད་ཁོ་ནས་འཐུས་ཀྱང་།  རི་མོ་སྒྱུ་རྩལ་གྱི་ཆ་ནས་བལྟས་ན་མཛད་པ་དང་འཕྲིན་ལས་ཧ་ཅང་རྒྱ་ཆེ་བའི་གེ་སར་ལ་འབྲི་ལུགས་སྣ་ཚོགས་ཡོད་ཆོག་པ་ཞིག་ཡིན་པར་མ་ཟད།  གེ་སར་སྒྲུང་གིས་བོད་གནའ་རབས་སྤྱི་ཚོགས་ཀྱི་སྒྲིག་གཞི་དང་མིའི་འཚོ་བ།  བསམ་བློའི་འདུ་ཤེས་ཡོངས་སུ་མཚོན་པས།  རིན་ཆེན་རྒྱ་མཚོའི་སེམས་སུ་གེ་སར་རི་མོའི་སྒྱུ་རྩལ་ལ་སྟོང་ཆ་ཆེན་པོ་ཞིག་ཡོད་པར་འདོད་ཅིང་།  ཁོའི་ཡིད་ངོར་གེ་སར་སྒྱུ་རྩལ་ཕུན་སུམ་ཚོགས་པར་གཏོང་བའི་འདུ་ཤེས་བརྟན་པོ་ཞིག་ངང་ངམ་ཤུགས་ཀྱིས་བཀོད།  དེ་ནས་བཟུང་རིན་ཆེན་རྒྱ་མཚོས་གེ་སར་རི་མོ་སྒྱུ་རྩལ་ཁོ་ནར་ཞིབ་འཇུག་དང་གསར་གཏོད་བྱེད་པའི་བྱ་བཞག་གི་མགོ་བརྩམས།
          རིན་ཆེན་རྒྱ་མཚོས་གེ་སར་གྱི་རི་མོའི་བརྩམས་ཆོས་སྣ་གཅིག་འབྲི་དུས་ཀྱང་སྒྲུང་དཔེ་ལ་ཡང་དང་བསྐྱར་དུ་བལྟས་ནས།  དཔའ་རྟུལ་སོ་སོའི་རང་གཤིས་དང་།  འཆིབ་རྟ།  ཆ་ལུགས།  འཁོར་གསུམ་སོགས་རྒྱུས་ལོན་བྱས་པར་མ་ཟད།  དཔའ་རྟུལ་སོ་སོའི་འཐབ་ཡ་སུ་དང་གང་ཡིན་པའང་ངོས་འཛིན་གསལ་བོར་བྱས་ལ།  སྐྱ་རིས་མང་པོ་བཏབ་སྟེ་རི་མོའི་སྒྲོམ་གཞིའམ་ཇུས་འགོད་གཏན་ལ་འབེབ།  སྤྱི་ལོ1998ལོར་རིན་ཆེན་རྒྱ་མཚོས་གཞི་ནས་གེ་སར་སྒྱུ་རྩལ་གྱི་བརྩམས་ཆོས་ཁག་ཅིག་གསར་གཏོད་བྱས་པ་སྟེ།  《ཧོར་གླིང་གཡུལ་འགྱེད》  《རྟ་རྒྱུགས་དཔྱིད་ཀྱི་ཉི་མ》  《ཤན་འདན་སྟག་སེང་ཁ་སྤྲོད》  《གེ་སར་གཡང་འབོད》  《བདུད་འདུལ》  《དམྱལ་གླིང་མུན་པ་རང་གསལ》  《འཁྲུངས་གླིང་མེ་ཏོག་ར་བ》  《འཛམ་གླིང་སྤྱི་བསང》 (ཚང་མའི་ཆེ་ཆུང་གི་ཚད95cm×75cm) 《霍岭大战》、《赛马成王》、《辛丹虎狮对峙》、《格萨尔祈福颂》、《降魔篇》、《阴界霞光》、《岭域诞辰》、《世界公嗓》བཅས་རི་མོ་བརྒྱད་གསར་དུ་བྲིས་ཤིང་།   ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་གེ་སར་ཞིབ་འཇུག་གཞུང་ལས་ཁང་གིས་ཉར་ཚགས་གནང་ལ།  གེ་སར་སྒྲུང་དེབ་ཀྱི་བར་བཅུག་རི་མོར་བཀོད།  བརྩམས་ཆོས་དེ་དག་ལ་བོད་ཀྱི་ལྷ་བྲིས་སྒྱུ་རྩལ་གྱི་ཁྱད་ཆོས་གཙོ་བོར་ཐོན་ཡོད་པ་ནི།  སྨན་གསར་ལྟར་ཚོན་ཁ་ཞིང་བཀྲག་མདངས་ཆེ་བ།  གེ་སར་རྒྱལ་པོ་གཙོ་སྐུར་བཞེངས་པ་དང་ཁོ་ར་ཁོར་ཡུག་ཏུ་སྒྲུང་གི་བརྗོད་དོན་བཀོད་པ།  ནམ་མཁར་ཆོས་སྐྱོང་སྲུང་མ་དང་ཡི་དམ་ལྷ་ཚོགས་ཀྱིས་བསྐོར་བ་བཅས་བོད་ཀྱི་ཐང་གའི་ལུགས་ལས་མ་འདའ་བ་ཞིག་བྱུང་།  རི་མོ་འདིར་ཀུན་གྱིས་གདེངས་འཇོག་ཆེན་པོ་ཐོབ་ནའང་།  འབྲི་ལུགས་འདིས་རིན་ཆེན་རྒྱ་མཚོའི་བློ་ཁ་ཡེ་ནས་མ་ཚིམས་པར་མུ་མཐུད་དུ་ལོ་ངོ་མང་པོར་བསམ་བློ་བཏང་མཐར།  ཁོའི་སེམས་སུ།  "གེ་སར་སྒྱུ་རྩལ་ནི་ཐང་ག་འབྲི་ལུགས་ལས་བརྒལ་བའི་རི་མོ་རང་སྐྱ་ཐུབ་པ་ཞིག་ཡིན་དགོས་མོད།  འོན་ཀྱང་ནུབ་གླིང་གི་རི་མོའི་འབྲི་ལུགས་ལྟར་བྲིས་ཚེ་རི་མོའི་གཞུང་ལུགས་དང་མཐུན་ཡང་།  གེ་སར་སྒྱུ་རྩལ་ལ་བོད་རང་གི་ཁྱད་ཆོས་མེད་པ་ཆགས་འགྲོ"སྙམ།
          ཉིན་ཞིག་རིན་ཆེན་རྒྱ་མཚོའི་བློ་ངོར་ངེས་ཤེས་གསར་པ་ཞིག་རྙེད་བྱུང་།  ཁོས་ཚོད་ལྟའི་ཚུལ་དུ་གླིང་གི་དཔའ་རྟུལ་ལས་སྒ་སྡེ་ཆོས་སྐྱོང་བེར་ནག་དེ་ཉིད་ཞྭ་སྨྱུག་རི་མོ་ལྟར་ནག་རིས་སུ་བྲིས།  དེ་ལས་ཁོར་དམིགས་བསལ་གྱི་ཚོར་བ་ཞིག་ཐོལ་གྱིས་སྐྱེས་པ་ནི།  "གེ་སར་སྒྱུ་རྩལ་ནི་ཐང་གའི་ལུགས་ལྟར་ཚོན་གྱི་བཀྲག་མདངས་གཙོ་བོར་འཛིན་དགོས་པ་ཞིག་ཡེ་ནས་མིན་པར།  གེ་སར་གྱི་རྔམ་བརྗིད་ལྡན་པའི་དཔའ་ཉམས་ལས་བསྐྱེད་པའི་ཚོར་བ་བརྒྱུད་ནས་ད་གཟོད་བཙན་པོའི་དུས་སྐབས་ཀྱི་བོད་མིའི་འཇིག་རྟེན་ལྟ་ཚུལ་འབུར་དུ་ཐོན་པ་བྱེད་ཐུབ་ཚེ།  དེ་ནི་གེ་སར་སྒྱུ་རྩལ་གྱི་གསོན་ཤུགས་འབྱུང་བའི་ཆུ་མགོ་ལྟ་བུ་རེད"སྙམ་བྱུང་།

          བསམ་ཚུལ་དེས་རིན་ཆེན་རྒྱ་མཚོའི་བློ་སྒོ་ཐོལ་གྱིས་ཕྱེས་ཤིང་།  འཕྲལ་མ་མྱུར་དུ་《གླིང་རྗེ་གེ་སར་རྒྱལ་པོ་དང་ཡང་རྟུལ་དམ་པའི་མི་བདུན》ཞེས་པའི་བརྩམས་ཆོས་གསར་པ་ཞིག་བྲིས་ཤིང་།  དེ་ནི་ཁྱོན་བསྡོམས་རི་མོ་བརྒྱད་ཀྱིས་གྲུབ་པ་སྟེ།  《གླིང་རྗེ་གེ་སར་རྒྱལ་པོ》   《རྒྱ་ཚ་ཞལ་དཀར》  《འདན་མ་བྱང་ཁྲ》  《སྒ་སྡེ་ཆོས་སྐྱོང་བེར་ནག》  《སེང་སྟག་ཨ་དོམ》  《དར་འཕེན་དུག་གི་སྡོང་བོ》  《ཉ་ཚ་ཨ་བརྟན》  《ཨ་ནུ་གཟིག་འཕེན》《岭•格萨尔王》、《嘉察•夏嘎尔》、《丹玛香查》、《嘎德•确琼巴纳》、《桑德阿东》、《达尔潘》、《纳查•阿旦》、《阿努•色潘》 (ཚང་མའི་ཆེ་ཆུང་གི་ཚད95cm×75cm) བཅས་ཡིན་ལ།  བརྩམས་ཆོས་འདི་དག་གིས་རིན་ཆེན་རྒྱ་མཚོའི་གེ་སར་སྒྱུ་རྩལ་ལ་བགྲོད་ལམ་གསར་པ་ཞིག་ཕྱེས།  བརྩམས་ཆོས་ཀྱི་ཁྱད་ཆོས་ནི།  ཚོན་སྣ་མང་པོའི་བཀྲག་མདངས་ལ་མ་བརྟེན་པར་ཁ་དོག་དམར་ནག་ཁོ་ན་བེད་སྤྱད།  ཁ་དོག་དམར་ནག་ནི་དྲག་པོའི་ཁ་དོག་ཡིན།  ཁ་དོག་འདི་མཐོང་མ་ཐག་མི་ཀུན་ལ་གནའ་བོའི་ལོ་རྒྱུས་ཀྱི་དྲན་པ་གསོ་ཞིང་།  བོད་བཙན་པོའི་དུས་རབས་ཀྱི་གཡུལ་འཁྲུག་གི་ཡ་ངའི་གནས་ཚུལ་མངོན་སུམ་དུ་མཐོང་བ་ལྟར་འགྱུར་ལ།  གླིང་རྗེ་གེ་སར་རྒྱལ་པོ་དང་དཔའ་རྟུལ་རེ་རེའི་ལུས་སྟེང་གི་རྔམ་བརྗིད་ལས་གཡུལ་ངོའི་རྒྱལ་ཁ་དང་གཟི་བརྗིད་ལ་རབ་ཏུ་དད་པའི་འདུ་ཤེས་ཤིག་ཀྱང་རྒྱུས་ལོན་བྱེད་ཐུབ་པར་མ་ཟད།  ཚོས་མདོག་དང་མི་སྣའི་ཉམས་འགྱུར་སྦྲག་ཚེ་དམག་འཁྲུག་གི་ཁྲོད་ནས་བདེན་པ་གང་ཞིག་འཚོལ་བཞིན་པའི་གནའ་མིའི་བསམ་བློ་ཞིག་ཀྱང་ངང་ངམ་ཤུགས་ཀྱིས་མཐོང་བར་འགྱུར།  བརྩམས་ཆོས་འདིས་རིན་ཆེན་རྒྱ་མཚོའི་གེ་སར་སྒྱུ་རྩལ་ལ་ཐུན་མོང་མ་ཡིན་པའི་རིན་ཐང་བསྐྲུན་ཞིང་།  བོད་ཀྱི་ལྷ་རིས་པ་གྲགས་ཅན་རྒན་བརྟན་པ་རབ་བརྟན་གཅན་ཚྭ་རྫོང་དུ་ཕེབས་སྐབས་ཤིག་ལ་རིན་ཆེན་རྒྱ་མཚོར་འཕྲད་ཅིང་བརྩམས་ཆོས་འདི་དག་ལ་བལྟས་ནས།  "བོད་ཀྱི་མཁས་པ་ལུང་པའི་ཕུགས་སུ་ཡོད་ཟེར་བ་ཅིས་མ་བདེན།  རིན་ཆེན་རྒྱ་མཚོ་ནི་ལུང་པའི་ཕུགས་ཀྱི་རི་མོ་མཁས་ཅན་ཞིག་རེད"ཅེས་གདེངས་འཇོག་ཆེན་པོ་དང་བཅས་བསྔགས་བརྗོད་གནང་།
          སྤྱི་ལོ2013ལོར་རིན་ཆེན་རྒྱ་མཚོས་མུ་མཐུད་དུ་《གླིང་རྗེ་གེ་སར་རྒྱལ་པོ་དང་དཔའ་རྟུལ་སུམ་ཅུ་གཡུལ་དུ་ཆས་པ》《格萨尔王与三十大将》( 120cm×600cm)ཞེས་པའི་བརྩམས་ཆོས་ཤིག་གསར་བཞེངས་བྱས།  རི་མོའི་བརྩམས་ཆོས་འདི་རིན་ཆེན་རྒྱ་མཚོས་ལོ་མང་པོར་གེ་སར་གྱི་སྒྲུང་ལ་ཞིབ་འཇུག་དང་དེའི་རི་མོ་སྒྱུ་རྩལ་ལ་བསམ་གཞིགས་ཡང་ཡང་བཏང་ནས་བྱུང་བའི་ཇུས་འགོད་ཅིག་ཡིན་ལ།  དེ་ཡང་བོད་ལུགས་ཀྱི་ཐང་གའི་ཁྱད་ཆོས་གཞིར་བཟུང་ནས་རྡོ་ཚོན་དང་སྐྱེ་དངོས་ཀྱི་ཚོན་(矿物与植物原料 )།  གསེར་བྲིས་དང་དངུལ་བྲིས་སོགས་བེད་སྤྱད་མཐར་དེང་རབས་སྒྱུ་རྩལ་གྱི་མཚོན་ཐབས་བསྡུ་ལེན་བྱས།  བརྩམས་ཆོས་འདི་རུ་གླིང་རྗེ་གེ་སར་རྒྱལ་པོ་དང་ཁོང་གི་དམག་དཔོན་ཆེན་མོ་ཡོངས།  འབྲུག་མོ་དང་མེ་བཟའ་འབུམ་སྐྱིད།  ཨ་སྟག་ལྷ་མོ་སོགས་མི་སྣ་གཙོ་བོ་དག་ལས་གཞན་ད་དུང་མི་སྣ་ཕལ་བ་དང་འཆིབ་རྟ་ཁྱོན་བསྡོམས་༡༠༨ལྷག་གསར་བཞེངས་བྱས་ཡོད་ཅིང་།  དཔལ་རྟུལ་རྣམས་ཀྱིས་ཞི་བདེའི་དོན་དུ་དམག་འཁྲུག་བརྒྱབ་པས་བཞིན་རས་སུ་བྱམས་བརྩེའི་མདངས་མངོན་ལ།  རུ་དམག་གི་ཁྲབ་དང་མཚོན་ཆ་རྣམས་བཙན་པོའི་དུས་སྐབས་ཀྱི་ལོ་རྒྱུས་ཡིག་ཆ་དང་མཐུན་པ་དང་།  བོད་ཀྱི་ས་མཐོའི་ཁོ་ར་ཁོར་ཡུག་དང་སྐྱེས་དངོས་ཞིབ་འབྲི་བྱས་ཡོད།  རི་མོའི་བརྩམས་ཆོས་འདི་ལས་བོད་ཀྱི་རིག་གནས་དང་།  སྲོལ་རྒྱུན།  དམག་དོན།  གནའ་དཔྱོད།  ལོ་རྒྱུས།  ས་བབ་སོགས་མངོན་གསལ་དོད་པོས་མཚོན་ཞིང་།  གེ་སར་རི་མོའི་སྒྱུ་རྩལ་ལ་སྔ་ན་མེད་པའི་དཀྱོགས་མཚམས་གསར་པ་ཞིག་བསྐྲུན་པ་དང་བོད་ཀྱི་རི་མོའི་ལོ་རྒྱུས་སྟེང་གནའ་སྲོལ་རིང་ལུགས་(古典主义)ཀྱི་ཁྱད་ཆོས་ཀུན་ནས་སྤུད་པའི་བརྩམས་ཆོས་ཤིག་ཀྱང་གསར་དུ་བྱུང་།
          གེ་སར་རྒྱལ་པོའི་སྒྲུང་ནི་བོད་མི་རིགས་ཀྱི་རླབས་ཆེ་བའི་དཔའ་བོའི་སྙན་རྩོམ་རིང་མོ་ཞིག་ཡིན་ལ།  རང་རེའི་རྒྱལ་ཁབ་ཀྱི་རིག་གནས་བང་མཛོད་ཁྲོད་འོད་དུ་འཚེར་བའི་རིན་པོ་ཆེ་ཞིག་ཀྱང་ཡིན་པར་མ་ཟད།  འཛམ་གླིང་གི་ལྷ་སྒྲུང་གྲགས་ཅན་གླེང་དུས་གེ་སར་སྒྲུང་ནི་ངེས་པར་གླེང་དགོས་པ་ཞིག་རེད།  བོད་མི་རིགས་ཀྱིས་གེ་སར་སྒྲུང་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ཐབས་ལམ་ལས་རི་མོའི་སྒྱུ་རྩལ་གྱི་མཛེས་པ་དང་རིན་ཐང་ལ་ཧ་ཅང་དོ་སྣང་དང་མཐོང་ཆེན་བྱེད་ཅིང་།  དེས་མིའི་རིགས་ཀྱི་བློ་གྲོས་ལ་སྐུལ་འདེད་ཀྱི་ནུས་པ་ཡང་ཡང་ཐོན་པར་བྱེད་པའང་མངོན་སུམ་གྱི་གནས་ཤིག་གོ །