ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཁང་གཞིས།

སི་ཁྲོན་འཛམ་ཐང་གི་སྤང་ཐོག་དགོན་པའི་རྡོ་བརྐོས་དང་མཆོད་རྟེན་སྐོར་གླེང་བ།

སྤེལ་དུས 2018-12-06 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། དཔལ་མགོན།

          རྡོ་བརྐོས་ནི་བོད་ལ་མཚོན་ན་སྔོན་ཆད་ནས་དར་ཆ་ཆེ་བའི་ལག་ཤེས་བཟོ་ལས་དང་རིག་གནས་རྒྱུད་འཛིན་གྱི་ཐབས་ལམ་མཆོག་ཏུ་གྱུར་བ་ཞིག་ཡིན་ལ། བོད་ཀྱི་ས་ཆ་སོ་སོར་རྡོ་བརྐོས་ཀྱིས་བཞེངས་པའི་མ་ཎི་རྡོ་འབུམ་གང་སར་རིག་ཐུབ། སྤྱིར་བཏང་རྡོ་བརྐོས་ཀྱི་ནང་དོན་ནི་གཙོ་བོ་བན་བོན་གྱི་བསྟན་བཅོས་དང་གཟུངས་སྔགས། ལྷ་སྐུ་དང་སྐྱེས་ཆེན་དམ་པའི་འདྲ་སྐུ་སོགས་ཡིན་ལ། སྤྱི་ཚོགས་དང་རིག་གནས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད། རྡོ་བརྐོས་ལག་རྩལ་ལ་བརྟེན་ཏེ་བོད་ཀྱི་ཆོས་དང་རིག་གནས་སྣ་ཚོགས་ཉར་ཚགས་དང་རྒྱུད་འཛིན་གྱི་འཕྲིན་ལས་ལེགས་པར་བསྐྱངས་དང་སྐྱོང་བཞིན་ཡོད།    

          འཛམ་ཐང་གི་སྤང་ཐོག་དགོན་པ་ནི་རྔ་བ་ཁུལ་འཛམ་ཐང་རྫོང་གི་རྫོང་མདའ་ཡུལ་ཚོའི་མངའ་ཁོངས་སུ་གཏོགས་ཤིང་། རྫོང་མཁར་དེ་དང་བར་ཐག་སྤྱི་ལེ་32ཡི་མཚམས་སུ་མཆིས། དགོན་པ་དེ་ནི་ཡོན་རྒྱལ་རབས་སྐབས་སུ་བཏབ་པ་ཡིན་ལ། བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ལས་རྙིང་མ་བའི་གྲུབ་མཐའ་འཛིན་པའི་དགོན་པ་ཞིག་ཡིན། དགོན་པ་དེའི་སྤྱིའི་ས་ཁྱོན་ལ་སྤྱི་ཆིང་1.023ཡོད་ཅིང་། དགོན་པའི་བཟོ་བཀོད་ཀྱི་ས་ཁྱོན་ལ་སྨི་གྲུ་བཞི་མ་1538ཡོད། དེར་སྔོན་ཆད་ནས་རྡོ་བརྐོས་ལག་རྩལ་གྱི་སྲོལ་རྒྱུན་བཟང་བོ་འཛོམས་ཡོད་པར་མ་ཟད། སྲོལ་རྒྱུན་བཟང་བོ་དེ་ལ་བརྟེན་ཏེ། བཀའ་འགྱུར་དང་བསྟན་འགྱུར་གཉིས་ཀྱི་རྡོ་བརྐོས་སྒྱུ་རྩལ་རི་རབ་བཞིན་བརྩེགས་པ་ད་ལྟའི་མཐོང་ཆོས་སུ་གྲུབ་ཡོད། དེར་བརྟེན་རྡོ་བརྐོས་དང་མཆོད་རྟེན་ནི་དགོན་པ་དེའི་ནང་བསྟན་རིག་གནས་ཀྱི་ཁྱད་ཆོས་གཙོ་བོ་གཉིས་སུ་གྱུར།

          དེ་ཡང་ཐོག་མར་སྤང་ཐོག་དགོན་པའི་རྡོ་བརྐོས་སྒྱུ་རྩལ་གྱི་སྐོར་ལ་གཟིགས་ན། ལོ་རྒྱུས་ལྟར་ན་དགོན་པ་དེས་མིང་ཀྲི་ཁྲི་ལོ་ནས་མགོ་བཟུང་སྟེ། རྡོ་བཟོ་བ་60ལྷག་གདན་འདྲེན་བྱས་ཏེ་བགྲང་བྱ9ཡི་རིང་ལ་དཀའ་སྤྱད་འབད་བརྩོན་གནང་བ་བརྒྱུད།  ཕལ་ཆེར་རྡོ་ལེབ་ཁྲི་50ལྷག་གི་ངོས་གཉིས་སུ་ནང་བའི་བཀའ་བསྟན་ཟུང་གི་བསྟན་བཅོས་ལེགས་པར་བརྐོས་ཏེ་རྡོ་འབུམ་གྱི་རི་རབ་བཞེངས་ཤིང་། ད་ལྟ་རྡོ་འབུམ་དེའི་མཐོ་ཚད་ལ་སྨི་9.7དང་རིང་ཚད་ལ་སྨི་46དང་། ཞེང་ཚད་ལ་སྨི་13བཅས་ཡོད་ཅིང་། ས་ཁྱོན་ལ་སྨི་གྲུ་བཞི་མ་598ཡོད་པས། རྒྱལ་ཁབ་ཕྱི་ནང་ཀུན་ལ་མཚོན་ན་འདི་འདྲའི་རྡོ་བརྐོས་རིག་དངོས་དང་བོད་རིག་པའི་བསྟན་བཅོས་ཀྱི་རྒྱུ་ཆ་ཤིན་ཏུ་དཀོན་ཞིང་། འདི་ནི་བོད་ཁུལ་གྱི་ཆེས་འཐུས་སྒོ་ཚང་བའི་བཀའ་བསྟན་གྱི་རྡོ་བརྐོས་ཤིག་ཡིན་པར་མ་ཟད། རྒྱལ་ཡོངས་ནས་རྡོ་ལེབ་ཀྱི་གྲངས་འབོར་མང་ཤོས་ཟིན་པའི་བཀའ་བསྟན་གྱི་རྡོ་འབུམ་ཡང་ཡིན་པས། དགོན་པ་དེས་དུས་ད་ལྟའང་རྡོ་བརྐོས་ལག་རྩལ་གྱི་སྲོལ་རྒྱུན་བཟང་བོ་རྒྱུད་འཛིན་གྱིས་དར་སྤེལ་བཏང་དང་གཏོང་བཞིན་ཡོད།

          གཞན་ཡང་སྤང་ཐོག་དགོན་པའི་ཁྱད་ཆོས་གཞན་ཞིག་སྟེ། དགོན་པ་དེར་བསྡོམས་པའི་མཆོད་རྟེན་32ཡོད་ཅིང་། ལོ་རྒྱུས་ལས་དེ་དག་བྱེ་བྲག་ཏུ་མིང་རྒྱལ་རབས་དང་ཆིང་རྒྱལ་རབས། མིན་གོའི་དུས་སྐབས་བཅས་སུ་བསྟུད་མར་བཞེངས་པ་ཡིན་ཟེར། མཆོད་རྟེན་དག་དགོན་པའི་དཀྱིལ་དབུས་ནས་རིང་ཚད་སྨི་465དང་ཞེང་ཚད་སྨི་25ཡི་ཁྱབ་ཁོངས་སུ་འགྱིང་ངེར་འགྲེང་ཞིང་། ལོ་རྒྱུས་ཐོག་དགོན་པ་འདི་ཉིད་བོད་ཁུལ་གྱི་མཆོད་རྟེན་གླིང་ཆེན་པོ་གསུམ་གྱི་གྲས་སུ་གཏོགས། དགོན་པ་འདིའི་མཆོད་རྟེན་ཚང་མ་རྒྱ་གར་གྱི་ལུགས་ལྟར་བཞེངས་ཤིང་། མཆོད་རྟེན་གྱི་ཁོག་སྟོང་བར་བཞེངས་ཏེ་དེར་ཕྱག་སྟོང་སྤྱན་སྟོང་དང་སྟོན་པ། ཚེ་དཔག་མེད། ཨོ་རྒྱན་རིན་པོ་ཆེ། སྒྲོལ་ལྗང་སོགས་སྐུ་འདྲ་དང་ལྡེབས་རིས་སྣ་ཚོགས་ལེགས་པར་བཞེངས་ཡོད་པར་ཟད། མཆོད་རྟེན་ཆེ་ཆུང་སྣ་ཚོགས་སུ་མཆིས། དེ་ལས་བདུད་འདུལ་མཆོད་རྟེན་ནི་སྤྱི་ལོ་1427ལོར་བཞེངས་ཤིང་། མཆོད་རྟེན་དེའི་མཐའི་རིང་ཚད་ལ་སྨི་9.25དང་མཐོ་ཚད་ལ་སྨི་32ཡོད་ཅིང་། དེར་མིང་རྒྱབ་རབས་ཀྱི་སྐུ་འདྲ་དང་ལྡེབས་རིས་ཁག་གཅིག་རྟེན་ཏུ་བཞེངས་ཤིང་། འདི་ནི་སྤང་ཐོག་དགོན་པའི་མཆོད་རྟེན་ཀུན་ལས་ལོ་རྒྱུས་རིང་ཤོས་དེ་ཡིན། དེ་ཡང་མཆོད་རྟེན་འགའ་ཞིག་ལའང་བགྲང་བྱ་ཉིས་བརྒྱ་ལྷག་གི་ལོ་རྒྱུས་ལྡན། དུས་ཀྱི་འགྱུར་བག་ཇི་འདྲའི་རྒོད་ཅིང་མཆོད་རྟེན་དེ་དག་དུས་ད་ལྟའང་དགོན་པའི་དཀྱིལ་ནས་རི་རབ་བཞིན་འགྲེང་ཡོད་པས།

          གོང་གསལ་ལས་སྤང་ཐོག་དགོན་པའི་རྡོ་བརྐོས་དང་མཆོད་རྟེན་གང་ཡིན་རུང་། ལོ་རྒྱུས་ཀྱི་ཡུན་རིང་ཞིང་གཞི་ཁྱོན་རྒྱ་ཆེ་ལ་རྣམ་གྲངས་ཕུན་སུམ་ཚོགས་ཤིང་། མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་ཞིང་སྒྱུ་རྩལ་དང་བཟོ་བཀོད་ཀྱི་རིན་ཐང་བླ་ན་མེད་པས། དེས་བོད་ཀྱི་ནང་བསྟན་རིག་གནས་སྤྱི་དང་ལྷག་པར་རྙིང་མ་བའི་གྲུབ་མཐའ་འཕེལ་ཞིང་རྒྱུད་འཛིན་དར་སྤེལ་ཡོང་བར་མཛད་རྗེས་རླབས་ཆེན་བཞག་པར་མ་ཟད། དུས་ད་ལྟའང་བོད་ཀྱི་རིག་དངོས་དང་བཟོ་བཀོད་སྒྱུ་རྩལ་ཞིབ་འཇུག་གི་རིན་ཐང་བླ་ན་མེད་པར་ལྡན་ནོ། །