ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཁང་གཞིས།

སྨན་ལུགས་དང་། སྒར་ལུགས་ཞེས་པའི་ལྷ་བཟོའི་ལག་རྩལ་གྱི་སྲོལ་རྒྱུན་རིགས་མི་འདྲ་བ་གཉིས་བྱུང་ཚུལ་ངོ་སྤྲོད་མདོར་བསྡུས།

སྤེལ་དུས 2019-04-19 ཡོང་ཁུངས། བོད་ལྗོངས་ཞིབ་འཇུག རྩོམ་པ་པོ། ཐུབ་བསྟན་ཕུན་ཚོགས།
          སྤྱིར་བོད་ཀྱི་བཅའ་བཟོའི་སྐོར་གྱི་ལག་རྩལ་དེ་ལོ་ངོ་སྟོང་ཕྲག་མང་པོའི་གོང་ནས་འཕེལ་རྒྱས་གང་འཚམ་ཞིག་བྱུང་ཡོད་པ་ལྷ་སའི་ཆུ་གོང་གནའ་ཤུལ་དུ་སྤྲེལ་གཟུགས་ལྟ་བུའི་འབག་མགོ་དོན་ཡོད་པ་འདི་ཡིས་ཤེས་ཐུབ། དེ་ནས་དུས་རབས་རིམ་བྱུང་གི་ནང་དུ་དངོས་རྫས་སྣ་ཚོགས་པའི་འདྲ་གཟུགས་དང་། སྲོག་ཆགས་ཀྱི་རི་མོ། བརྐོས་རིས། བཅའ་བཟོ་བཅས་ཀྱི་ལག་རྩལ་འཕེལ་རྒྱས་བྱུང་ཡོད་པ་ནི་བོན་ལུགས་ཀྱི་མོ་རྩིས་དང་། གཏོ་མདོས་སོགས་ཀྱི་ནང་དུ་བེད་སྤྱོད་བྱེད་སྲོལ་བྱུང་བའི་དཔེ་རིས་དང་། བཅའ་བཟོ་སྣ་ཚོགས་ཡོད་པ་དེ་ཡིས་ཤེས་ཐུབ། གཞན་ཡང་རྒྱལ་པོ་གཉའ་ཁྲི་བཙན་པོའི་སྐབས་སུ་བོན་གྱི་འདུ་གནས་སོ་བདུན་བཙུགས་ཡོད་པ་གསལ་བ་དེ་དག་གི་ནང་དུའང་ལོགས་རིས་དང་། ཐང་ཀ་བཅའ་བཟོ་སོགས་ཀྱི་ལྷ་སྐུ་ཇི་སྙེད་ཅིག་བྱུང་ཡོད་པ་ཟུར་བལྟས་ལེབ་མཐོང་རེད། དེ་རྗེས་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐུ་རིང་ལ་རྒྱ་དཀར་ནག་དང་། བལ་པོ་སོགས་ཀྱི་ཡུལ་ནས་ཆོས་དང་རིག་གནས་མང་པོའི་སྙིང་བཅུད་བླངས་ནས་བོད་ཀྱི་རིག་གནས་ལ་ཁ་གསོས་དང་དར་སྤེལ་བྱས་པའི་དུས་དེར་ལྷ་བཟོའི་ལག་རྩལ་ལའང་དེ་མཚུངས་ཀྱི་དར་རྒྱས་བྱུང་ཡོད་པ་སྟེ། དུས་དེར་ལྷ་ས་དང་། བསམ་ཡས། ཁྲ་འབྲུག་ལ་སོགས་པ་མཐའ་འདུལ། ཡང་འདུལ། རུ་གནོན་གྱི་ལྷ་ཁང་སོགས་བཞེངས། རྒྱ་དཀར་ནག་དང་བལ་ཡུལ་སོགས་ཀྱི་ས་ཁུལ་ཁག་ནས་ལྷ་བཟོ་བ་གདན་དྲངས་ཏེ་བོད་ཀྱི་ལྷ་བཟོ་བ་རྣམས་དང་ལྷན་དུ་རྟེན་བཞེངས་བྱས་ཚུལ་སྦ་བཞེད་དུ་གསལ་བ་ལྟར་རོ། དེ་ནས་བོད་སིལ་བུར་འཐོར་བའི་སྐབས་སུ་བོད་ཡུལ་སྟོད་སྨད་བར་གསུམ་དུ་སངས་རྒྱས་ཆོས་ལུགས་འཆད་ཉན་སྤེལ་བསྒྱུར་བཅས་ཀྱི་ལས་ཀ་བྱེད་འགོ་ཚུགས་ཤིང་དར་བཞིན་ཡོད་སྟབས། དགོན་པ་གསར་བཞེངས་དང་། རྟེན་གསུམ་གསར་བཞེངས་སོགས་ཀྱི་ལས་ཀའི་ཚ་རླབས་གསར་པ་ཞིག་འཕྱུར་བ་དང་། དུས་མཚུངས་སུ་བོད་ཀྱི་ལྷ་བཟོའི་ལག་རྩལ་ཐད་གོང་འཕེལ་བྱུང་ཡོད་པ་ནི་དཔྱད་གཞི་གཞན་དང་གཞན་ལས་ཤེས་པར་བྱའོ། །
          ཕག་གྲུའི་སྲིད་འཛིན་རིམ་བྱོན་རྣམས་ཀྱི་དུས་སུ་བོད་ཀྱི་རིག་གནས་མཐའ་དག་གོམ་གང་མདུན་སྤོས་ཀྱིས་འཕེལ་རྒྱས་སོང་ཡོད་པ་སྟེ། གསོ་རིག་ལ་བྱང་ལུགས་དང་ཟུར་ལུགས། རྩིས་རིག་ལ་མཚུར་ལུགས་དང་ཕུག་ལུགས་སོགས་ཀྱི་སྲོལ་རྒྱུན་མི་འདྲ་བ་བྱུང་བའི་དུས་དེར། བཟོ་རིག་ལའང་སྨན་ལུགས་དང་སྒར་ལུགས་ཞེས་པའི་སྲོལ་རྒྱུན་མི་འདྲ་བ་གཉིས་བྱུང་ཡོད།
          1 སྨན་ལུགས་བྱུང་ཚུལ། སྨན་ལུགས་ལ་སྨན་རྙིང་དང་སྨན་གསར་གཉིས་ཡོད་ཅིང་དེ་ཡང་སྨན་རྙིང་ནི། དུས་རབས་བཅོ་ལྔ་པའི་འགོ་ཙམ་དུ་ལྷོ་བྲག་སྨན་ཐང་ཞེས་པའི་ཡུལ་དེར་སྨན་བླ་དོན་གྲུབ་ཅེས་པ་ཞིག་སྐུ་འཁྲུངས། ལོ་དེར་ཡུལ་དེའི་མཚལ་ཁ་ཡང་བྱེ་བར་བཤད། ཁོང་སྐུ་ན་སོན་པ་དང་ཁྱིམ་ཐབ་འཛིན། རེ་ཞིག་རང་གི་ཆུང་མ་དང་མ་མཐུན་པར་ཡུལ་འཁྱར་ནས་ཡར་འབྲོག་སྟག་ལུང་དུ་སླེབས་པ་དང་། པིར་སྣོད་དང་རི་མོའི་བྲིས་དཔེ་ཞིག་རྙེད་པས་རི་མོ་འབྲི་རྒྱུ་ལ་བློ་ཕྱོགས། གཙང་དུ་ཕྱིན་པ་དང་གཙང་གི་ལྷ་བཟོ་བ་མཁས་པ་ཆེན་པོ་རྡོ་པ་བཀྲ་ཤིས་རྒྱལ་པོ་དང་མཇལ་བ་དང་གང་དེའི་མདུན་ནས་རི་མོ་འབྲི་ཚུལ་དང་། བཅའ་བཟོའི་ལག་རྩལ་བསླབས་པས་ཡུན་རིང་མ་འགོར་བར་མཁས་པར་གྱུར། མདོ་རྒྱུད་གཉིས་དང་བསྟུན་ནས་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་ཀྱི་ཆ་ཚད་དང་། ཐིག་རྩའི་སྐོར་ཚུགས་ཆེན་བརྒྱད་གཏན་ལ་ཕབ། དེ་རེ་རེ་ལའང་ཤ་ཚུགས་རེ་དང་། ན་བཟའ་རྒྱན་སྤྲོད་རེ་བཅས་ཐིག་ཚད་བཅུ་དྲུག་བཤད་པའི་(ཐིག་ཡིག་ཆ་ཚད་ཡིད་བཞིན་ནོར་བུ་)ཞེས་པ་དེ་བརྩམས། སྔར་གྱི་བྲིས་རྒྱུན་རྙིང་པ་གཞིར་བཞག་གིས་རང་གི་རིག་རྩལ་ལས་ཐོན་པའི་སྒྱུ་རྩལ་གྱི་ཉམས་སྣ་ཚོགས་གསར་སྣོན་བྱས་པའི་ལུགས་ལ་སྨན་ལུགས་རི་མོ་ཞེས་ཟེར། ལུགས་འདིའི་ཐུན་མིན་གྱི་ཁྱད་ཆོས་གཙོ་བོ་ནི། དྲག་པོའི་རིགས་རྣམས་ཁྲོ་འཛུམ་ལྡན་པ། ཞི་བའི་རིགས་རྣམས་སྐུ་འཕང་འཚམས་ཤིང་མཛེས་པ། ཤ་རིས་ཕྲ་ལ་དྭངས་པ། གོས་རིས་བཀྱག་མནན་ལྡན་པ། ཚོན་མདངས་དྭངས་ལ་ཆ་ཚད་འཚམས་པ་སོགས་འཛུམ་པའི་མདངས་དང་ལྡན་པ་ཞིག་རེད། ལུགས་དེ་སྲས་བརྒྱུད་དང་སློབ་བརྒྱུད་གཉིས་ལས་བརྒྱུད་དེ་ད་བར་མི་ཉམས་གོང་འཕེལ་འགྲོ་བཞིན་ཡོད། ཁོང་གི་ཕྱག་བྲིས་ད་ལྟ་དངོས་སུ་བཞུགས་པ་ནི། རབ་བྱུང་བརྒྱད་པའི་མེ་ཡོས་སྤྱི་ལོ་1447ལོར་གཙང་བཀྲ་ཤིས་ལྷུན་པོའི་གདན་ས་གསར་བཞེངས་སྐབས་སུ་གཙུག་ལག་ཁང་གི་བྱང་གི་ལྡེབས་ཆེན་གཉིས་ལ་རྒྱལ་བ་རྡོ་རྗེ་འཆང་ཐུགས་ཀར་ཆོས་འཆད་དུ་མཛད་པ་ལ་གྲུབ་ཆེན་བརྒྱད་ཅུས་བསྐོར་བ། ཐུབ་པ་ཆེན་པོ་ལ་གནས་བརྟན་བཅུ་དྲུག་གིས་བསྐོར་བ། རྗེ་ཙོང་ཁ་པ་ཡབ་སྲས། ནུབ་ངོས་སུ་ཐུབ་པའི་མཛད་བཅུ། བྱང་ངོས་སུ་གཡུ་ལོ་བཀོད་པའི་ཞིང་ཁམས་དང་འདོད་ལྷ་སྣ་ཚོགས། གཞུང་སྒོའི་ཐད་ཀྱི་ཀ་བ་གཉིས་ལ་ཁྲོ་བོ་མི་གཡོ་བ་དང་། རྟ་མགྲིན་གྱི་རི་མོ་རྣམས་སྨན་ཐང་པས་བྲིས། ཞེས་དང་། ཡང་བཀྲ་ཤིས་ལྷུན་པོའི་ལྡེབས་རིས་བརྗེས་པའི་སྐབས་སུ་སྨན་ཐང་པ་གདན་དྲངས་ཀྱང་ཐང་སྟོང་རྒྱལ་པོས་མདོ་ཁམས་སུ་གདན་དྲངས་སྟབས་བཀོད་པ་ཇི་བཞིན་མ་འགྲུབ། ཅེས་གསལ། དུས་དེར་ཁོང་ཕལ་ཆེར་སྡེ་དགེར་ཕེབས་ནས་ལོགས་རིས་གནང་གི་ཡོད་པར་ངེས་ཏེ། ད་ལྟ་སྡེ་དགེ་རྫོང་ནང་དུ་ཡོད་པའི་ཐང་རྒྱལ་ལྷ་ཁང་ཞེས་པའི་ལྷ་ཁང་ཆུང་ངུ་དེའི་ནང་གི་ལོགས་རིས་རྣམས་སྨན་བླ་དོན་གྲུབ་མཆོག་གི་ཕྱག་བྲིས་དངོས་ཡིན་ཞེས་མཁས་དབང་ཐང་བླ་ཚེ་དབང་གི་ཞལ་དངོས་ལས་ཐོས།
          མཁྱེན་བརྩེ་ཆེན་མོ་ཞེས་གོང་དཀར་སྒང་སྟོད་དུ་འཁྲུངས་པ་དེས་ཀྱང་སྔ་མའི་ལུགས་དང་ཅུང་ཟད་མི་མཐུན་པའི་བཟོ་རྒྱུན་མཛད་དེ་ཁོང་ཉིད་དང་སྨན་བླ་དོན་གྲུབ་མཆོག་ནི་སྨན་མཁྱེན་གཉིས་ཞེས་གངས་ཅན་ལྷ་བཟོའི་སྒྱུ་རྩལ་གྱི་ཁྲོད་དུ་ཉི་ཟླ་ལྟར་གྲགས། སྤྲུལ་སྐུ་བྱིའུ་ཞེས་པ་ཞིག་ཡར་སྟོད་དུ་སྐུ་འཁྲུངས། ཆུང་དུས་ནས་རི་མོ་ལ་དགའ་ཞེན་གྱིས་བརྩོན་པ་ཆེན་པོས་སྦྱོང་པ་གནང་། བྱང་ཤིང་དང་ཤོག་དཔེ་རྣམས་ལུས་དང་འབྲལ་མེད་དུ་བཅང་ནས་བྲིས་རྒྱུན་གང་ལེགས་ཀྱི་སྙིང་བཅུད་བསྡུ་ལེན་བྱེད་གང་ཐུབ་དང་། ཁོང་ནི་ཕྱོགས་གང་དུ་རི་མོའི་བྲིས་དཔེ་ལེགས་པོ་ཞིག་ཡོད་པ་ཐོས་ཚེ་དེ་ཕྱོགས་སུ་ཕེབས་ནས་བརྩད་ཞིབ་བྱེད་ཅིང་དེ་དག་གི་ལེགས་ཆ་གང་ཡོད་ཞིབ་འཇུག་དང་བསྡུ་ལེན་བྱེད་པའི་ལྷ་བཟོ་བ་ཞིག་གོ། ཁོང་གནས་ངེས་མེད་དུ་འགྲིམ་ནས་འཚོ་བ་སྤྱོད་ཀྱིན་ཡོད་སྟབས་སྤྲུལ་སྐུ་འདི་ནི་གནས་ལ་ངེས་པ་མེད་པ་བྱིའུ་ཞིག་དང་མཚུངས་པ་འདུག་ཅེས་གྲགས་པས་མཚན་ལ་ཡང་སྤྲུལ་སྐུ་བྱིའུ་ཞེས་ཐོགས། དེའི་ཕྱག་རྩལ་ལས་ཐོན་པའི་བཟོ་རྒྱུན་སྨན་མཁྱེན་གཉིས་དང་ཅུང་མི་མཐུན། ལྷག་པར་ཁོང་གི་རི་མོའི་ཚོན་མདངས་ནི་གཞན་ལས་ཁྱད་དུ་འཕགས་པ་ཡོད་ཚུལ་བཅས་དུས་དེར་རི་མོ་འབྲི་སྲོལ་ལ་ནང་གསེས་ཀྱི་དབྱེ་བ་མི་འདྲ་བ་གསུམ་ཙམ་བྱུང་ཡོད།
          སྨན་གསར་ལུགས་ནི། གཙང་པ་ཆོས་དབྱིངས་རྒྱ་མཚོ་ཞེས་པས་སྲོལ་གཏོད་པ་ཞིག་ཡིན་ལ། འབྲི་སྲོལ་འདི་ནི་རྩ་བ་སྨན་ལུགས་རང་རྐང་ཡིན་ཀྱང་ཐུན་མིན་གྱི་ཁྱད་ཆོས་ནི། ཞི་སྐུ་རྣམས་ལ་སྐུ་འཕང་མཐོ་ལ་ཕྲ་བ། ཁྲོ་སྐུ་རྣམས་ལ་གཏུམ་ཞིང་རྔམ་པ། ཤ་ཚོན་ལ་ཕྱི་ནང་གི་ཁྱད་པར་དབྱེ་བ། ལོ་མ་དང་རྒྱན་རིས་རྣམས་ཞིབ་ཅིང་ཕྲ་བའི་ཁྱད་ཆོས་ལྡན་པ་ཞིག་ཡིན། ལུགས་འདིའི་རི་མོའི་མཚན་གཞི་ནི་སྔོན་མདོ་ཁམས་སྡེ་དགེ་ཀཿཐོག་ཏུ་གུ་རུ་མཚན་བརྒྱད་ཀྱི་རི་མོ་དང་། དུས་རབས་འདིའི་འགོ་ཙམ་དུ་བྱུང་བའི་ལྷ་བཟོ་མཁས་པའི་མཚན་སྙན་ཐོབ་པའི་ཀཿཐོག་ཕྱོགས་ཀྱི་གྲུ་པ་ཕུར་བུར། འཛིང་ལྷ་འཇམ་དབྱངས་སོགས་ཀྱིས་བྲིས་པའི་རི་མོ་རྣམས་དང་། དེང་དུས་གཙང་ཕྱོགས་སུ་བྲིས་པའི་ཐང་ཀ་བཅས་ཡིན།
          2 སྒར་ལུགས་བྱུང་ཚུལ། སྒར་ལུགས་ཞེས་པ་ནི་སྤྱི་ལོའི་དུས་རབས་བཅུ་བཞི་པའི་དུས་དཀྱིལ་ནས། དུས་རབས་བཅུ་བདུན་པའི་དུས་དཀྱིལ་བར་དུ་བྱུང་བའི་ཀརྨ་པའི་ཆོས་ཚོགས་སྒར་ཆེན་འཛམ་གླིང་རྒྱན་ཞེས་པ་དེས་བདག་སྐྱོང་འོག་དར་སྤེལ་བྱུང་བའི་འབྲི་སྲོལ་ཞིག་ཡིན་སྟབས་སྒར་བྲིས་ཞེས་འབོད་སྲོལ་བྱུང་བ་རེད། ལུགས་སྲོལ་འདི་ཉིད་གསར་གཏོད་གནང་མཁན་ནི་སྤྲུལ་སྐུ་ནམ་མཁའ་བཀྲ་ཤིས་ཞེས་པ་དེ་ཡིན་ཞིང་། དེ་ནི་སྤྱི་ལོའི་དུས་རབས་བཅུ་དྲུག་པའི་དུས་དཀྱིལ་ཙམ་དུ་ཡར་སྟོད་དུ་སྐུ་འཁྲུངས་ཤིང་ཞྭ་དམར་སྐུ་ཕྲེང་ལྔ་པ་དཀོན་མཆོག་ཡན་ལག་དང་། རྒྱལ་ཚབ་སྐུ་ཕྲེང་བཞི་པ་གྲགས་པ་དོན་གྲུབ་གཉིས་ཀྱིས་ཨེ་པ་དཀོན་མཆོག་ཕན་བདེའི་མདུན་དུ་བཏང་ནས་སྨན་རིས་ཀྱི་རྒྱུན་བསླབས། རུས་ཚུགས་རྒྱ་གར་ལི་མ་དང་། སྨན་ཐང་ལུགས་གཞིར་བཞག ཡུལ་ལྗོངས་ཀྱི་བཀོད་པ་རྣམས་རྒྱ་ནག་ཏ་མིང་གཡུང་ལོའི་སྐབས་སུ་བྲིས་པའི་སི་ཐང་ལ་དཔེར་མཛད་ནས་བྲིས་པའི་སྒྱུ་རྩལ་གྱི་ཁྱད་ཆོས་གསར་པ་ཞིག་བྱུང་བ་དེ་ལ་སྒར་ལུགས་ཀྱི་བྲིས་རྒྱུན་ཟེར། དེ་རྗེས་ཆོས་བཀྲ་ཤིས་བྱ་བ་དང་། དེའི་རྗེས་སུ་ཀ་ཤོད་ཀརྨ་བཀྲ་ཤིས་ཞེས་པ་བྱུང་བ་དེ་གཉིས་ཀྱིས་སྒར་ལུགས་ཀྱི་རི་མོ་འབྲི་སྲོལ་དར་སྤེལ་ཆེན་པོར་བཏང་བས་སྒར་ལུགས་སྤེལ་བའི་བཀྲ་ཤིས་རྣམ་གསུམ་ཞེས་དེང་དུས་ཀྱང་ཡོངས་སུ་གྲགས། དེ་དག་ལས་ཁྱད་དུ་འཕགས་པ་ནི་ཀརྨ་པ་སྐུ་ཕྲེང་བཅུ་པ་ཆོས་དབྱིངས་རྡོ་རྗེ་ཡིན། (1604ལོ་ནས་1674)ཁོང་གིས་ལྷོ་བྲག་ཆུ་ཁྱེར་དུ་སྤྲུལ་སྐུ་ཚེ་རིང་གི་མདུན་དུ་སྨན་ལུགས་ཀྱི་རི་མོ་བསླབས། རྗེས་སུ་སྒར་ལུགས་ཀྱི་བྲིས་རྒྱུན་སྤེལ་བ་མ་ཟད། སི་ཐང་ཕྱག་དྲུབ་ལའང་མཁས་པར་ཆགས། སྤྱི་ལོའི་དུས་རབས་བཅོ་བརྒྱད་པའི་ནང་དུ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས་ལུགས་འདིའི་རི་མོ་ལ་ལེགས་བཅོས་ཅི་རིགས་གནང་སྟེ་སྒར་ལུགས་གསར་མའི་སྲོལ་ཕྱེས། སྐྱེས་རབས་ཞལ་ཐང་སུམ་ཅུ་ལྷག་སོགས་ཐང་ཀ་མང་པོ་གསར་འབྲི་གནང་སྟེ་དཔལ་སྤུངས་དགོན་གྱི་ནང་རྟེན་དུ་འཇོག་གནང་མཛད་ཡོད། ལུགས་འདིའི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ནི། སྐྱེས་རབས་དཔག་བསམ་འཁྲི་ཤིང་གི་ཞལ་ཐང་རྟོགས་བརྗོད་ཀུན་མཁྱེན་བླ་མ་ཉིད་ཀྱི་གསུང་ལས། ཚོན་དང་རི་མོའི་ཉམས་རྣམ་འགྱུར། །རྒྱ་ནག་མཁས་པའི་རྗེས་འབྲངས་ཤིང་། །ཡུལ་དང་ཆ་ལུགས་ཁང་བཟང་སོགས། །འཕགས་ཡུལ་མངོན་སུམ་མཐོང་བཞིན་བྱས། །སྨན་ཐང་གསར་རྙིང་མཁྱེན་ལུགས་པ། །བྱིའུ་སྒང་པ་སྒར་བྲིས་པ། །རྣམ་དཔྱོད་དེ་ཀུན་འདིར་ལྡན་ཡང་། །ཉམས་འགྱུར་འབུམ་གྱིས་ཁྱད་པར་བྱས། །ཞེས་གསལ་བ་ལྟར་རོ། །སྒར་ལུགས་འཁྲུལ་མེད་ཀྱི་མཚན་གཞི་དཔེར་མཚོན་ན། དབུས་ཕྱོགས་ཀྱི་སྟོད་ལུང་མཚུར་ཕུ་དགོན་དུ་བཞུགས་པའི་ཀརྨ་པའི་སྐུ་རབས་ཀྱི་ཞལ་ཐང་རྣམས་དང་། མདོ་ཁམས་སྡེ་དགེ་དཔལ་སྤུངས་སུ་བཞུགས་པའི་བཀའ་བརྒྱུད་གསེར་ཕྲེང་གི་ཞལ་ཐང་རྣམས་ཡིན། དེ་རྗེས་དུས་རབས་བཅུ་དགུ་པའི་སྟོད་ཙམ་ན་བྱུང་བའི་ཆབ་མདོ་ཀརྨ་དགོན་གྱི་ལྷ་བཟོ་བ་བསྟན་འཛིན་དགེ་ལེགས་ཉི་མ་དང་། དུས་རབས་ཉི་ཤུ་པའི་དུས་སྟོད་ལ་བྱུང་བའི་ཨ་མདོ་རེབ་གོང་གྲོང་གི་ལྷ་བཟོ་བ་ཀར་འབྲུག  སྤྱི་ལོ་1902ལོ་ནས་1989ལོའི་བར་བཞུགས་པའི་ཁམས་སྡེ་དགེ་དཔལ་སྤུངས་དགོན་གྱི་ཐང་བླ་ཚེ་དབང་སོགས་ནི་སྒར་ལུགས་ཀྱི་རི་མོ་དང་བཅའ་བཟོའི་ལག་རྩལ་སྐོར་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུའི་ཐད་མཛད་རྗེས་མི་དམན་པའི་གྲགས་ཅན་རི་མོ་བ་ཞེ་ཅིག་གོ
          སྤྱིར་ལྷ་བཟོའི་ལག་རྩལ་ཐད་བོད་ཀྱི་ཐུན་མིན་གྱི་ཁྱད་ཆོས་དང་ལྡན་པ་ཞིག་ཡོད་ལ། བྱེ་བྲག་ཡུལ་སོ་སོར་ཐུན་མིན་གྱི་ཁྱད་ཆོས་རེ་ཡོད་པ་སྟེ། གསེར་དངུལ་ཟངས་ལྕགས་རིགས་ཀྱི་ལྷ་མགར་ལག་རྩལ་ཕུལ་དུ་བྱུང་བ་ལ་ཆབ་མདོའི་ལྷ་མགར་ཞེས་ཀར་ཤོད་ཀྱི་ལྷ་མགར་རྣམས་ཡིན། རི་མོ་གཙང་དང་། ཨེ་པ། སྡེ་དགེ་རེབ་གོང་སོགས་ས་ཁུལ་དུ་དར་ཆེ་ལ། དེ་རྣམས་ལས་ཨ་མདོ་རེབ་གོང་ནི། བཅའ་བཟོ་དང་། ཚོན་རིས། སི་ཐང་ཚེམ་དྲུབས། འཐག་དྲུབས། གོས་ཆེན་བཅད་དྲུབས་བཅས་ཀྱི་ཐང་ཀ་བཞེངས་པའི་ལག་རྩལ་ཆེས་མཐོ་ཤོས་ཀྱི་ཡུལ་ཞིག་ཡིན།
          ལྷ་བཟོའི་ཐིག་ཚད་སྐོར་གྱི་ཡིག་ཆ་གཙོ་བོར་རྒྱ་གཞུང་སྟེ། དཔལ་དུས་ཀྱི་འཁོར་ལོའི་གཞུང་དང་། བདེ་མཆོག་སྡོམ་འབྱུང་། དེའི་འགྲེལ་པ་ལེའུ་གསུམ་པ་སོགས་ཡིན་ཞིང་། དེ་དག་གཞིར་བཟུང་ནས་མཛད་པའི་བོད་ཀྱི་མཁས་པ་རྣམས་ཀྱི་བརྩམས་གཞུང་ལ།
          《ལྷོ་བྲག་སྨན་ཐང་པས་མཛད་པའི་ཆ་ཚད་ཡིད་བཞིན་ནོར་བུ་》《ཀརྨ་པ་མི་བསྐྱོད་རྡོ་རྗེས་མཛད་པའི་ཉི་མ་ཆེན་པོའི་མེ་ལོང་》《ཀརྨ་པ་ཆོས་དབྱིངས་རྡོ་རྗེ་ཡབ་སྲས་ཀྱིས་མཛད་པའི་རྣམ་འགྲེལ་ཉི་མའི་འོད་ཟེར་》《སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་བཻ་དཀར་གཡའ་སེལ་》《སྤྲུལ་སྐུ་རིན་ཆེན་གྲུ་མཆོག་གིས་མཛད་པའི་དགེ་ལེགས་སྙིང་པོ་》《ཆེ་ཚང་གསུང་རབ་རྒྱ་མཚོས་མཛད་པའི་དུ་ཀུ་ལ་》《བསྟན་འཛིན་དགེ་ལེགས་ཉི་མས་མཛད་པའི་བློ་གསར་དགྱེས་པའི་དོན་གཉིས་འབྲས་སྟེར་》《འཕྲིང་ཁ་བློ་གྲོས་རྒྱ་མཚོས་མཛད་པའི་ཆ་ཚད་ཀྱི་ཡིག་ཆ་》《འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོས་མཛད་པའི་ཐིག་རྩའི་ཡིག་ཆ་》ལ་སོགས་པ་མང་ངོ་། །