ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > རྒྱན་གོས།

གོས་ཀྱི་དར་ཚུལ་བཤད་པ།

སྤེལ་དུས 2008-05-29 ཡོང་ཁུངས། རྩོམ་པ་པོ།

    གོས་ནི་འགྲོ་བ་མིའི་རིགས་སྤྱི་ལ་དར་སྔ་ཞིང་མེད་དུ་མི་རུང་བའི་མཁོ་ཆས་ཤིག་ཡིན་ལ།ཕྱི་གོས་རྒྱན་གྱི་སྟེང་ནས་མི་རིགས་དེའི་ནང་ཀུན་སྤྱོད་མཚོན་པར་མ་ཟད།ད་དུང་མི་རིགས་དེའི་ཤེས་རིག་ལྡན་པའི་ལོ་རྒྱུས་ཀྱང་མཚོན་གྱི་ཡོད།བོད་མི་ནི་འཛམ་གླིང་གི་མི་རིགས་མང་པོའི་ཁྲོད་དུ་གོས་དར་སྔ་བའི་མི་རིགས་ཤིག་ཡིན་ལ།ལོ་ཏོག་ཟོས་པས་དེ་ཀུན་མི་ཉིད་གྱུར། །མ་རྨོས་འབྲུ་ཟ་གོས་སུ་ཤིང་ལོ་གྱོན།།ནགས་ན་རི་དྭགས་ལྟ་བུར་གནས་པ་ཡིན། །ཀློ་དང་མོན་ལྟར་སྤྱོད་པས་བོད་ཡུལ་གང་།།ཞེས་པ་ལ་བརྟགས་ཚེ།ཤིན་ཏུ་སྔ་བའི་དུས་ནས་བོད་ལ་གོས་དར་བ་མཚོན་པར་མ་ཟད་གོས་ཀྱི་ཐོག་མའང་ཤིང་ལོ་ཡིན་པ་གསལ་པོར་བསྟན།དེ་ཡང་གོས་ཀྱི་འབྱུང་ཁུངས་ཐད་ལ་མཁས་པ་ལ་ལས།གོས་ནི་ལུས་ཀྱི་གྲང་བ་སྐྱོབ་པའི་ཆེད་དུ་གྱོན་པ་ཡིན་པས་འཛམ་གླིང་བྱང་ཕྱོགས་སུ་དར་སྔ་བར་བཤད་པ་དང་།ལ་ལས་མིའི་རིགས་ཀྱི་ངོ་སྲུང་ཤེས་པ་ནས་དར་བར་བཤད།བོད་ཀྱི་མངོན་བརྗོད་རིག་པ་ལས་གོས་ལ་གྲང་སྐྱོབ་དང་གཅེར་སྐྱོབ་ཟེར་བ་དེས་གཞུང་ལུགས་འདི་གཉིས་ལ་སྡོམ་ཚིག་གསལ་པོ་ཞིག་བཞག་པ་མཚོན།

    དུས་ཡུན་རིང་པོའི་ལོ་རྒྱུས་ཀྱི་ཆུ་རྒྱུན་ཁྲོད་དུ་བོད་མི་རྣམས་ཀྱིས་གོས་འཚོལ་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་བ་དང་།ལོ་རྒྱུས་ཆེན་མོ་སོགས་ལས་བྱུང་བ་ལྟར། དང་པོ་གནོད་སྦྱིན་ནག་པོས་དབང་བྱས་ཏེ།།ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེད་ཟེར། །མཚོན་ཆ་མདའ་གཞུ་དེ་ཡི་དུས་སུ་བྱུང་།ཟེར་བ་བཞིན།རྡོ་ཆས་ཀྱི་མཚོན་ཆ་དང་ཤིང་གི་མདའ་གཞུ་བྱུང་བ་ནས་རི་དྭགས་བརྔོན་ཏེ་གོས་སུ་བདག་ཏུ་མ་བཟུང་བའི་རི་དྭགས་སྣ་ཚོགས་ཀྱི་ལྤགས་རིགས་གྱོན་པ་དང་།དེ་ནས་སྤྱི་ཚོགས་འཕེལ་རྒྱས་བྱུང་བ་ལ་བརྟེན་ནས་འབྲོང་ཕོ་མོ་གཡག་དང་འབྲི་རུ་བཏུལ།ཤྭ་བ་ཕོ་མོ་བ་གླང་དུ་བཏུལ། རྒོ་བ་ཕོ་མོ་ལུག་ཏུ་བཏུལ། གླ་བ་ཕོ་མོ་རར་བཏུལ།རྐྱང་ཕོ་མོ་རྟར་བཏུལ། སྤྱང་ཀི་ཕོ་མོ་ནི་ཁྱིར་བཏུལ།དེ་དག་གི་ལྤགས་རིགས་མཉེད་སྦྱངས་བྱས་ཏེ་གོས་སུ་གྱོན་པས་བོད་མིའི་གོས་ཀྱི་རྒྱུ་ཆ་དེ་གཙོ་བོ་སྒོ་ཕྱུགས་ཀྱི་སྟེང་ནས་ཐོན་པ་རེད།དེ་ཡང་གོས་ནི་འགྲོ་བ་མིའི་རིགས་ལ་མེད་དུ་མི་རུང་བའི་མཁོ་ཆས་ཤིག་ཡིན་ལ།གོས་དར་ཚུལ་ཡང་གོས་རང་ཉིད་ཀྱིས་འགྲོ་བ་མིའི་རིགས་ལ་ཐོན་པའི་ནུས་པར་འབྲེལ་བ་དམ་པོ་ཡོད།དེའི་ཕྱིར་གོས་ཐོག་མར་མིའི་རིགས་ཀྱི་ཡན་ལག་གང་ཞིག་ལ་དར་བར་བཤད་ཚུལ་མང་པོར་འདུག་སྟེ།ལ་ལས་གོས་ཀྱི་ནུས་པ་ནི་གསང་ཁེབས་ཡིན་པ་དང་།འགྲོ་བ་མིའི་རིགས་ཀྱི་ངོ་སྲུང་ཤེས་པ་ནས་ཐོག་མར་གསང་ཁེབས་བྱུང་བ་དང་ཇོ་ནས་རིམ་བཞིན་སྤྱི་ཚོགས་འཕེལ་རྒྱས་བྱུང་བ་ལ་བརྟེན་ནས་ལུས་ཀྱི་གོས་ཆ་ཚང་བྱུང་བར་འདོད།ཡང་ལ་ལས་གོས་ཀྱི་ཐོག་མ་ནི་སྐ་རགས་ཡིན་པ་དང་།ཐོག་མར་མིའི་རིགས་ཀྱིས་སྐ་རགས་སྟེང་འཚོ་བའི་ཉེར་སྤྱད་འདོགས་སྲོལ་དར་ཞིང་དེ་ནས་རིམ་བཞིན་ལུས་ཀྱི་གོས་ཆ་ཚང་བྱུང་བར་འདོད།གང་ལྟར་གོས་ཀྱི་ཐོག་མའི་ནུས་པ་ནི་བོད་རང་ལ་མཚོན་ན་གྲང་སྐྱོབ་ཡིན་པ་དང་།མིའི་རིགས་ཤེས་རིག་ལྡན་པའི་ལོ་རྒྱུས་སུ་སླེབས་པ་ནས་གོས་ཀྱི་ནུས་པའང་རིམ་བཞིན་སྣ་མང་ཅན་དུ་གྱུར་པ་དང་།གོས་ནི་མི་ལུས་ལ་གྲང་སྐྱོབ་ཀྱི་ནུས་པ་ཐོན་པར་མ་ཟད། ཚ་སྐྱོབ་དང་གཅེར་སྐྱོབ།རྒྱན་ཆ་སོགས་ཀྱི་ནུས་པ་ཡང་ཐོན་ཞིང་།ས་བབས་ཀྱི་རྐྱེན་གྱིས་བོད་མིའི་གོས་ལ་རིགས་མི་འདྲ་མང་པོ་ཞིག་བྱུང་བ་རེད།