ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > རྒྱན་གོས།

ཤར་རྒྱལ་མོ་ཚ་བ་རོང་གི་རིག་གནས་དང་དེའི་རིན་ཐང་སྐོར་གླེང་བ།

སྤེལ་དུས 2017-08-31 ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ། རྩོམ་པ་པོ། སྟོང་སྐོར་ཚེ་རིང་ཐར།
           རྒྱལ་མོ་རོང་ནི་བོད་ཤར་ཕྱོགས་ཀྱི་རོང་ཆེན་དག་གི་སུམ་དང་ཆུ་ཆེན་རྣམས་ཀྱི་འགྲམ་དུ་ཆགས་པའི་ཡུལ་གྲུ་ཆེན་པོ་ཞིག་ལ་ཟེར་ཞིང་། རོང་གིས་བཅད་ཅིང་ཡུལ་གྱིས་བསྐལ་པའི་ས་རྒྱུས་ཀྱི་རྒྱུ་མཚན་དེ་ལ་བརྟེན་ནས། ཡུལ་གྲུ་དེའི་རིག་གནས་ལ་གཞན་དང་མ་མཚུངས་པའི་ཁྱད་ཆོས་མང་པོ་བགྲང་རྒྱུ་ཡོད། 

  
རྒྱལ་རོང་རོང་བྲག་ས་ཁུལ་གྱི་ཁང་ཁྱིམ་དང་རྡོ་མཁར། 

           ཐོག་མར་ཡུལ་གྲུ་དེའི་མི་རྒྱུད་འབྱུང་ཁུངས་ལ་བལྟས་ན། ཡུལ་དེར་ས་སྐྱེས་རྡོ་སྐྱེས་ཀྱི་བོད་པ་ཡ་ཐོག་ནས་འཚོ་བཞིན་ཡོད་པ་བོད་རྒྱ་ཡིག་ཚང་མ་ཟད། ཤར་ཕྱོགས་ནས་རྙེད་པའི་སི་ཁྲོན་སན་ཞིན་དོས་དང་ཅིན་ཧྲ་གནའ་ཤུལ་ལས་ཀྱང་གསལ་ཁ་ཐོན་ཡོད། དེའི་སྟེང་དུ་ཞང་ཞུང་ཁ་ཡུག་ནས་བྱུང་ཞིང་ཤར་ཕྱོགས་སུ་མཆེད་པའི་ཁྱུང་དཀར་པོའི་རུས་རྒྱུད་རྒྱལ་རོང་དུ་སླེབས་པའི་ལོ་རྒྱུས་རྣམས་ཁྱུང་རབས་རྣམས་སུ་གསལ་ཏེ། ལྷག་པར་ཏུ་རྗེ་རྒྱལ་དབྲ་ཁྱུང་དཀར་པོའི་གདུང་རབ་འཁྲུངས་ཚུལ་ལེགས་བཤད་འཕྲེང་བའི་ཁྱུང་རབ་དང། དབྲ་ཁྱུང་དཀར་པོའི་ལོ་རྒྱུས་ཤེལ་དཀར་མེ་ལོང་སོགས་སུ་ཤིན་ཏུ་གསལ། ས་གནས་དེའི་ཡ་ཐོག་གི་མེས་པོ་དང་ཞང་ཞུང་ཁྱུང་དཀར་པོའི་རུས་རྒྱུད་མཉམ་དུ་འདྲེས་ཏེ་ཤར་རྒྱལ་མོ་རོང་གི་མི་རྒྱུད་གཙོ་བོ་ཆགས། དེ་དེང་སང་ཤར་ཕྱོགས་རྒྱལ་མོ་རོང་དུ་ག་ས་གར་ནས་ཁྱུང་གི་དད་མོས་ཀྱི་རྟེན་དང་གནས་རྙིང་མང་པོ་མཇལ་རྒྱུ་ཡོད་པས་ཀྱང་ར་འཕྲོད་ཐུབ།
           སྐད་རིགས་ཀྱི་ཆ་ནས་བཤད་ན། རྒྱལ་རོང་གི་བོད་སྐད་དུ་ཞང་ཞུང་དང་བཙན་པོའི་དུས་སྐབས་ཀྱི་ཐ་སྙད་ཤིན་ཏུ་རྙིང་བ་མང་པོ་རང་སོར་དང་རྒྱུན་འབྱམས་སུ་ལུས་ཡོད་པ་ཤེས་ལྡན་ཀུན་གྱི་འདྲེན་བྱེད་ཡུལ་དུ་གྱུར་ཡོད་པ་མ་ཟད། སྐད་བརྡ་སྨྲ་བ་རེ་འགས་རྒྱལ་རོང་སྐད་ཀྱི་ཆགས་རིམ་བོད་སྐད་ཀྱི་སྤྱི་འགྲོས་དང་མི་མཐུན་པས་བོད་སྐད་མ་ཡིན་པར་རློམ་པའི་ལྟ་བ་དེ་ལ་ཡང་སྐད་བརྡ་རིག་པའི་ཞིབ་འཇུག་གི་འབྲས་བུ་གསར་བས་གསལ་ཁ་བཀྲལ་ཡོད་དེ། རྒྱལ་རོང་བོད་སྐད་ལ་ཞིབ་འཇུག་བྱེད་བཞིན་པའི་འཇར་པན་གྱི་མཁས་པ་མང་པོས་ཞང་ཞུང་སྐད་དང་། བོད་སྐད་ཀྱི་སྤྱི་འགྲོས་དང་རྒྱལ་རོང་བོད་སྐད་ཀྱི་འགྲོ་ལུགས་ལ་བསྡུར་ཞིབ་ལོ་མང་པོར་བྱས་པའི་མཐར། རྒྱལ་རོང་བོད་སྐད་ཀྱི་ཆགས་རིམ་དེ་གནའ་རབས་ཞང་ཞུང་སྐད་དང་གཅིག་མཐུན་ཡིན་པའི་གསལ་ཁ་རྙེད་པས། དེང་སྐབས་ཀྱི་རྒྱལ་རོང་བོད་སྐད་དེ་ཞང་ཞུང་སྐད་ཀྱི་ཆགས་རིམ་དང་གནའ་རབས་བོད་སྐད་ཀྱི་ཐ་སྙད་དང་སྒྲ་གདངས་བཅས་མཉམ་དུ་བསྲེས་ཡོད་པའི་བོད་ཀྱི་ཡུལ་སྐད་ཁྱད་པར་ཅན་ཞིག་ཡིན་པ་གཞི་ནས་ཤེས་སོང་། དེང་རབས་སྐད་བརྡ་རིག་པའི་ཞིབ་འཇུག་གི་འབྲས་བུ་གསར་བ་དེས་གོང་སྨྲས་ཁྱུང་རབས་རྣམས་སུ་བཀོད་པའི་ཞང་ཞུང་ཁྱུང་དཀར་པོའི་རུས་རྒྱུད་རྒྱལ་རོང་དུ་སླེབས་པའི་ལོ་རྒྱུས་རྙིང་བ་དེ་ལ་ཡང་བདེན་ཁ་གསར་བ་བྱིན།

 
རྒྱལ་རོང་བུད་མེད་ཀྱི་གྱོན་ཆས།

           ཆོས་ལུགས་དང་དད་མོས་ཀྱི་ཆ་ནས་བཤད་ན། ཁྱུང་རབས་རྣམས་སུ་བཀོད་པ་ལྟར་དམ་པ་ཁྱུང་གི་ནང་གསེས་ཁྱུང་དཀར་ནག་ཁྲ་སེར་གྱི་རུས་རྒྱུད་རྣམས་ཞང་ཞུང་ཁ་ཡུག་ནས་ཤར་ཕྱོགས་སུ་མཆེད་པའི་རྒྱུ་རྐྱེན་གཙོ་བོ་ནི་བོན་གྱི་བསྟན་པ་སྤེལ་རྒྱུ་དེ་ཡིན་ལ། ཁྱུང་དཀར་པོའི་རུས་རྒྱུད་ཤར་ཕྱོགས་སུ་བསྐྱོད་པ་དང་བསྟུན་ནས་གཡུང་དྲུང་བོན་གྱི་བསྟན་པ་ཡང་ཤར་ཕྱོགས་རྒྱལ་མོ་རོང་དུ་ཡོངས་ཁྱབ་ཏུ་སྤེལ་ཡོད། ཕྱིས་སུ་ཨ་མྱེ་སྒོ་གདོང་རྒྱལ་རོང་དུ་སླེབས་ནས་བོན་བསྟན་སྤེལ་བའི་ལོ་རྒྱུས་དང་ངག་རྒྱུན་རྣམས་དེང་སང་ཡང་ས་གསུམ་རླུང་ལས་ཐོས་ཐུབ་པ་དང་། ཁོང་གི་ཅ་ལག་དང་ཡིག་ཆ་རྣམས་རྒྱལ་རོང་གི་འདུས་སྡེ་རྣམས་ཀྱི་ཤག་དང་དད་ལྡན་རྣམས་ཀྱི་ཕྱག་ནས་རྙེད་ཐུབ། ཕྱིས་སུ་རྒྱལ་རོང་རྒྱལ་ཁག་བཅོ་བརྒྱད་ཀྱི་རྒྱལ་པོ་རྣམས་ཀྱིས་བོན་བསྟན་བསྐྱངས་པ་མ་ཟད། བོད་ཀྱི་ལོ་རྒྱུས་སྟེང་གི་བོན་གྱི་བཀའ་བསྟན་གྱི་ཤིང་པར་ཏེ་ཁྲོ་སྐྱབས་པར་མ་དང་ཆུ་ཆེན་ཟངས་པར་མ་གཉིས་ཀྱང་ཤར་ཕྱོགས་རྒྱལ་མོ་རོང་ནས་ཐེངས་དང་པོར་བརྐོས་ཤིང་པར་དུ་བསྐྲུན། དུས་ཕྱིས་སུ། ལོ་ཆེན་བེེ་རོ་ཙ་ན་དང་ཚ་ཁོ་ངག་དབང་གྲགས་པ་ལ་སོགས་པའི་སྐྱེ་བུ་དམ་པ་རྣམས་ཀྱི་བཀའ་དྲིན་གྱིས། དམ་པའི་ཆོས་ཀྱང་རྒྱལ་མོ་རོང་དུ་རིམ་བཞིན་དར་བས། དེང་སང་བན་བོན་མཉམ་སྤྱོད་ཀྱི་གནས་སུ་རོལ་ཡོད།
           དུས་རབས་གསར་བ་འདི་ལ། རྒྱལ་ཁབ་རིམ་པ་དང་ས་གནས་རིམ་པ་ཁག་གི་དོ་སྣང་དང་རྒྱབ་སྐྱོར་འོག རྒྱལ་རོང་གི་རིག་གནས་ཀྱི་རིན་ཐང་ལ་ངོས་འཛིན་གསར་བ་ཞིག་བྱེད་བཞིན་པའི་སྒང་ལ་འཁེལ་བས། བློ་ཆུང་བདག་གིས་ཀྱང་དེ་ཕྱོགས་ཀྱི་ཅ་ཅོ་ཙམ་ཤེས་ལྡན་རྣམས་ཀྱི་སྙན་ལམ་དུ་ཕུལ་བ་ལགས་སོ། ། འདིས་ཀྱང་ཤར་ཕྱོགས་རྒྱལ་མོ་རོང་གི་རིག་གནས་ཁྱད་པར་ཅན་དེ་འཛིན་སྐྱོང་སྤེལ་གསུམ་གྱི་ལས་འགན་གལ་འགངས་ཆེན་པོ་དེ་ལ་ཞབས་ཞུ་ཏིལ་ཙམ་ཞུ་ཡོང་བའི་སྨོན་འདུན་དང་བཅས།
 
                                                                                                      (རྩོམ་འགན་པ། སྒྲོལ་མ། )