ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > རྒྱན་གོས།

བོད་ཀྱི་ལྷ་རིས་སྒྱུ་རྩལ་རགས་ཙམ་གླེང་བ།

སྤེལ་དུས 2019-04-12 ཡོང་ཁུངས། ཀྲུང་གོའི་བོད་རིག་པ། རྩོམ་པ་པོ། ཡོན་ཏན་ཚེ་རིང་།

          བོད་ཀྱི་ནང་བསྟན་ལྷ་རིས་སྒྱུ་རྩལ་ནི་ལོ་རྒྱུས་ཡུན་རིང་ལྡན་པའི་སྒྱུ་རྩལ་ཞིག་དང་། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་ནང་གི་རིན་ཐང་བྲལ་བའི་སྒྱུ་རྩལ་མཆོག་ཅིག་ཡིན་པར་མ་ཟད། མི་རིགས་ཀྱི་ཁྱད་ཆོས་ཡོད་པའི་སྒྱུ་རྩལ་འོད་སྟོང་འཕྲོ་བའི་དངོས་རྫས་གལ་ཆེན་གྲུབ་ཆ་ཞིག་ཀྱང་རེད།  དེ་ཡང་བོད་ཀྱི་ནང་བསྟན་ལྷ་རིས་སྒྱུ་རྩལ་དེ་བོད་མི་སུས་གསར་གཏོད་དང་དར་སྤེལ་བྱས་པ་རེད་ཅེ་ན།  རི་མོ་བ་བཀྲ་ཤིས་རྒྱལ་པོ་སོགས་ཀྱིས་རྒྱ་གར་བཟོ་བརྒྱུད་བཞི་དང་།  རྒྱ་ནག་དང་།  བལ་པོའི་རི་མོ་སོགས་ལ་བརྟེན་ནས་བྱུང་བ་རེད་ལ། སྤྱི་ཚོགས་འཕེལ་རིམ་ནང་ནས་ལེགས་ཆ་བསྡུ་ལེན་དང་ཉམས་མྱོང་སྤེལ་རེས་བྱས་པའི་འབྲས་བུ་སོགས་ལས་བྱུང་བ་ཡང་རེད། བོད་ཀྱི་ནང་བསྟན་ལྷ་རིས་སྒྱུ་རྩལ་གྱི་དཔྱད་གཞི་སྔ་ཤོས་མཁོ་འདོན་བྱས་པ་ནི། བྲིས་སྐུ་ཆུ་ལོན་མ་དང་(ཆུ་ལོན་མ་ཞེས་པ་ཆུ་ལོན་ནི་ཆུ་འགོག་བྱེད་ཀྱི་རགས་ཏེ།  སྔོན་གྱི་ལོ་རྒྱུས་ན་ཆུ་ལོག་གི་གནོད་པ་འགོག་བྱེད་དུ་སྟོན་པའི་སྐུ་བཞེངས་ཏེ་བཞག་པས་ཆུ་ཡི་གནོད་པ་མི་ཐེབས་པས་དེ་རྗེས་ནས་དར་བའང་བཤད།) འོད་ཟེར་མར་གྲགས་པ་དེ་ཡིན།
          དང་པོ་ཆུ་ལོན་མར་གྲགས་པ་ནི།  བོད་ཀྱི་ལྷ་རིས་སྒྱུ་རྩལ་བྱུང་བ་བརྗོད་པ་ལྟར་ན།  རྒྱ་གར་རྒྱལ་པོ་གཟུགས་ཅན་སྙིང་པོས་རི་མོ་བ་ལ་སངས་རྒྱས་དངོས་སུ་བཞུགས་པ་ལ་དཔེར་བྱས་ནས་སྐུ་གཟུགས་འབྲིར་བཅུག་པ་ན་སྟོན་པའི་སྐུ་ཡི་འོད་ཟེར་དང་གཟི་བརྗིད་ཀྱིས་འབྲི་མ་ནུས་པས་སྟོན་པ་ཁྲུས་རྫིང་གི་འགྲམ་དུ་བཞུགས་ཏེ་ཆུ་ནང་དུ་སྐུ་བརྙན་འཆར་བ་ལ་དཔེར་བྱས་ནས་རས་གཞིའི་ངོས་སུ་བྲིས་པས་ཆུ་ལོན་མ་ཞེས་གྲགས་པ་ཡིན།  དེ་སྟག་ཚང་ལོ་ཙཱ་བས་རས་གཙང་གཤེར་བ་བཀབ་སྟེ་བླངས་པས་བྱིན་རླབས་ཀྱིས་ཕྱག་གཉིས་ཐད་ཀར་བྱོན་པ་དེ་ལ་དཔེ་བགྱིས་ཀྱང་མགུལ་ཐུང་ཞིང་མིག་སྔ་ཅུང་ཟད་མི་མཛེས་ཀྱང་ཡོངས་གྲགས་ཚད་མའི་གནས་ཡིན།
          གཉིས་པ་བྲིས་སྐུ་འོད་ཟེར་མར་གྲགས་པ་ནི། བཟོ་བརྒྱུད་བཞི་ལས་ཤར་དབུས་གཉིས་ཀྱི་བྲིས་རྒྱུན་དང་བལ་ཡུལ་སྔོན་མ་ནུབ་རྙིང་འདྲ་ལ་ཕྱིས་སུ་བྲིས་སྐུ་འོད་ཟེར་མ་སྟོན་པས་རས་ཀྱི་གཞི་ལ་རི་མོ་ཇི་ལྟར་ཐོབ་པའི་འོད་ཟེར་བཀྱེས་པ་བཞིན་རི་མོ་བྲིས་པས་འོད་ཟེར་མར་གྲགས་པ་འདི་བྱུང་བར་བརྟེན།  ཤར་དབུས་གཉིས་ཀྱི་ལྷ་རིས་འདི་ལས་མཆེད་པས་བལ་ཡུལ་ཡང་རྗེས་སུ་ཤར་དབུས་གཉིས་ཀྱི་ལྷ་རིས་འབྲི་སྟངས་ཡིན།  བོད་ཀྱི་ལྷ་རིས་སྒྱུ་རྩལ་ཐིག་ཆ་ཚད་སོགས་དེ་རྣམས་ལ་དཔྱད་གཞིར་བྱས་པ་དང་དུས་མཚུངས་བལ་ཡུལ་ནས་བལ་བཟའ་ཁྲི་བཙུན་ཕེབས་པས་རིག་གནས་སྤེལ་རེས་ཆེན་པོ་བྱུང་བ་མ་ཟད། ཐང་རྒྱལ་རབས་ཀྱི་སྐབས་སུ།  རྒྱ་བཟའ་ཀོང་ཇོ་བོད་ཡུལ་ཕེབས་པས་རིག་གནས་སྤེལ་རེས་སྔ་བས་དར་རྒྱས་བྱུང་བ་སོགས་ལ་བརྟེན་ནས། བོད་མི་རིགས་རང་གི་ཁྱད་ཆོས་དང་ཉམས་འགྱུར་ལྡན་པའི་སྒྱུ་རྩལ་བླ་ན་མེད་པ་ཅན་དུ་གྱུར་ཡོད།

          སྤྱིར་བོད་ཀྱི་ལྷ་རིས་སྒྱུ་རྩལ་ནི།  དུས་རབས་བརྒྱད་པའི་སྔོན་ནས་བྱུང་བར་བཤད་ཆོག་ཀྱང་།  བོད་རང་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་དང་ལུགས་སྲོལ་གྱི་མིང་དུ་ཆགས་པ་དེ་ནི་དུས་རབས་༡༤པ་དང་རབ་བྱུང་༧པ་ཙམ་ནས་ལྷོ་བྲག་སྨན་ཐང་ཕྱོགས་སུ་སྨན་ལྷ་དོན་འགྲུབ་ཅེས་པས་བོད་ཀྱི་ནང་བསྟན་ལྷ་རིས་སྒྱུ་རྩལ་ཡུན་རིང་སྦྱོང་བརྩོན་བྱས་པའི་འབྲས་བུ་ལ་བརྟེན། རི་མོའི་རྣམ་པ། ཚོན་གྱི་སྦྱོར་མདངས། ཐིག་དང་ཆ་ཚད་སོགས་ལ་ཕུལ་དུ་བྱུང་རྗེས་སྨན་རྙིང་ཞེས་པའི་སྲོལ་གཏོད་པ་རེད། དེ་ནི་བོད་ཀྱི་ལྷ་རིས་སྒྱུ་རྩལ་གྱི་སྲོལ་ཐོག་མ་ལྟ་བུར་མཚོན་ཆོག་པ་རེད། དེ་ཡི་བྲིས་རྒྱུན་ནི། དྲག་པོའི་རིགས་སུ་ཁྲོ་འཛུམ་ལྡན་པ། སྐུ་འཕང་འཚམས་ཤིང་མཛེས་པ། ཤ་རིས་ཕྲ་ལ་དྭངས་པ། གོས་རིས་བཀྱག་མནན་ལྡན་པ། ཚོན་མདངས་དྭངས་ལ་ཆ་ཚད་འཚམས་པ། གཟུགས་བརྙན་གསོན་ཉམས་ལྡན་པ་དང་ཡིད་འཕྲོག་པའི་སྒྱུ་རྩལ་མཛེས་པ། རྒྱལ་བ་སྲས་བཅས་མངོན་སུམ་བྱོན་པ་ལྟ་བུའི་བརྩེ་བའི་ཉམས། འཛུམ་པའི་མདངས། འཕྲེང་བའི་རྣམ་འགྱུར་ལྡན་པ་བཅས་ཀྱིས་ནི་སྨན་རྙིང་རང་རྐང་གི་བྲིས་རྒྱུན་མཚོན་ཆོག
          དེ་བཞིན་མཁྱེན་བརྩེ་ཆེན་མོ་ཞེས་གོང་དཀར་སྒང་སྟོད་དུ་བྱུང་བ་དེས་སྔ་མ་ལས་ཟུར་དུ་བཟོ་རྒྱུན་མཛད་པས། ལུགས་ཅུང་ཟད་མི་མཐུན་པའི་སྨན་མཁྱེན་གཉིས་ཉི་ཟླ་ལྟར་གྲགས་པའི་ཤིང་རྟའི་སྲོལ་སོ་སོ་བར་གྱུར།
          གཞན་ཡང་སྤྲུལ་སྐུ་བྱེའུ་གྲགས་པ་དེ་བཟོ་གནས་ཀྱི་ཆེད་དུ་ངལ་བ་མེད་པར་ཀུན་ཏུ་ཉུལ་བས་སྤྲུལ་སྐུ་འདི་བྱེའུ་དང་དབྱེར་མ་མཆིས་ཞེས་འདྲ་བ་རྒྱུ་མཚན་དུ་བྱས་ནས་བྱེའུ་མིང་ཐོག དེ་རིག་རྩལ་བླ་ན་མེད་པས་བཟོ་རྒྱུན་སྔ་མ་གཉིས་ཀ་དང་མི་གཅིག་པ་ཚོན་མདངས་ནི་གཞན་ལས་ཁྱད་དུ་འཕགས་པའི་ལུགས་སྲོལ་གསུམ་གྱེས་པ་སོགས་ལས་རིམ་པར་དར་རྒྱས་བྱུང་བར་ཐོས་སོ། །
          དེ་བཞིན་བོད་ཀྱི་ནང་བསྟན་ལྷ་རིས་སྒྱུ་རྩལ་པས་ཉམས་མྱོང་བསྡུ་ལེན་དང་སྦྱོང་གོམས་ཐེབས་ཅན་གཙང་པ་ཆོས་དབྱིངས་རྒྱ་མཚོས་སྨན་གསར་ཞེས་པའི་སྲོལ་གཏོད་པ་རེད། ཕལ་ཆེར་སྔ་མའི་ཁོངས་སུ་གཏོགས་ཀྱང་རི་མོའི་ཁྱད་ཆོས་ལ་བཅད་རིས་སྟུག་པོ། ཁྲོ་ཞལ་རྔམ་པ། ཚོན་མདངས་ལྗི་ལ་ཚོན་ཁ་སྣུམ་པ། སྐུ་འཕང་མཐོ་བ། སྒྱུ་རྩལ་མཉེན་ལ་ཞིབ་རིང་ཕྲ་བ་སོགས་ཀྱི་ཁྱད་ཆོས་ཡོད་པའི་བྲིས་རྒྱུན་མཛད། སྤྱིར་བཏང་ཤིང་བརྐོས་རི་མོའི་ཐོག་ལ་ཚོན་རིས་བྱས་པ་དང་། སྐྱ་རིས་དང་ཚོན་རིས་དུས་གཅིག་བྱས་པ་གཉིས་དབྱེ་བ་ཅུང་ཟད་ཡོད་དེ། བརྐོས་རིས་ཐོག་ཏུ་བར་མཚམས་སུ་སྟོང་ཆ་ཡོད་པ་ན་ཡུལ་རྣམ་བཀོད་པས་བརྒྱན་ནས་སྟོང་ཆ་མེད་པ་བཟོ་བ་རེད། དེ་དག་གིས་སྨན་གསར་རི་མོའི་སྒྱུ་རྩལ་མཚོན་ཆོག
          གཞན་ཡང་ཡར་སྟོད་དུ་སྤྲུལ་སྐུ་ནམ་མཁའ་བཀྲ་ཤིས་གྲགས་པ་དེའི་ལྷ་རིས་སྒྱུ་རྩལ་ལ་རྒྱ་ནག་གི་ཡུལ་བཀོད་དང་ཚོན་མདངས་བཞིན་མཛད་པས་སྒར་རིས་སུ་གྲགས་པ་འདི་བྱུང་། དེ་སོགས་ཆོས་བཀྲ་ཤིས་དང་ཀརྨ་བཀྲ་ཤིས། བཀྲ་ཤིས་པ་གསུམ་གྱི་བཟོ་རྒྱུན་ལ་རི་མོ་ཡངས་ལ་དོན་འདུས་པ། ཞལ་རས་མཛེས་ལ་འཛུམ་མདངས་ལྡན་པ། མཛེས་ཉམས་ཆེ་བ་བཅས་ཀྱི་ཁྱད་ཆོས་ཡོད་པ་དེས་སྒར་རིས་རི་མོ་མཚོན་ཆོག་པ་རེད།
          དེ་བཞིན་ཀརྨ་པ་ཆོས་དབྱིངས་རྡོ་རྗེའི་ལུགས་ལ་ཁ་ཆེའི་བཟོ་རྒྱུན་བཞིན་མཛད་དེ་སྐུ་རིས་སུ་འབྲི། ལུགས་སུ་བླུགས་པ། འབུར་དུ་བཟོ་བ། འབུར་ཟབས་སུ་བརྐོ་བ། བརྐོས་སུ་བྱ་བ། གོས་ཆེན་འཐག་དྲུབ་དང་ལྷན་དྲུབ་བཅས་བསྐྲུན་པས་བཟོ་སྤྱོད་འཇིག་རྟེན་དབང་ཕྱུག་ཏུ་གྲགས་པར་མ་ཟད། རྗེ་བཅུ་པའི་ལུགས་ཞེས་མཚན་སྙན་ཉི་ཟླ་ལྟར་གྲགས་པ་བྱུང་བས་སོ། །
          མ་ཚད་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱིས། “ཚོན་དང་རི་མོའི་ཉམས་རྣམ་འགྱུར། །རྒྱ་ནག་མཁས་པའི་རྗེས་འབྲངས་ནས། །ཡུལ་དང་ཆ་ལུགས་ཁང་བཟང་སོགས། །འཕགས་ཡུལ་མངོན་སུམ་མཐོང་བཞིན་བྱས། །སྨན་ཐང་གསར་རྙིང་མཁྱེན་ལུགས་པ། །བྱེའུ་སྒང་པ་སྒར་རིས་པའི། །རྣམ་སྤྱོད་དེ་ཀུན་འདིར་ལྡན་ཡང་། །ཉམས་འགྱུར་འབུམ་གྱིས་ཁྱད་པར་བྱས། །”ཞེས་སྒར་རིས་གསར་མའི་སྲོལ་ཕྱེས་པ་རེད།
          སྡེ་རིས་ནི་སྒར་སྨན་འདྲེས་མའི་ལུགས་སམ་སྡེ་རིས་སུ་གྲགས་ཏེ་དེང་སྐབས་དུས་རབས་བཅུ་དགུ་པའི་མཁས་དབང་དག་གིས་ཀྱང་ལེགས་ཆ་བསྡུ་ལེན་བྱས་པའི་དགེ་མཚན་གྱི་ལྷ་རིས་སྒྱུ་རྩལ་ཡར་ངོའི་ཟླ་བ་བཞིན་འགྲོ་བར་མ་ཟད།  སྒྱུ་རྩལ་གྱི་མི་སྣ་ཚོས་སྡེ་རིས་པའི་ཉམས་འགྱུར། སྨན་རྙིང་པའི་ཆ་ཚད། གཡའ་སེལ་གྱི་ཐིག་རྩ། རྒྱ་ནག་གི་ཚོན་སྦྱོར་ཞེས་གླེང་བར་མ་ཟད་མིག་གི་བདུད་རྩི་ལྟ་བུར་གྱུར་ཡོད། དེ་དག་སོགས་བོད་ཀྱི་རི་མོ་བ་སྐད་གྲགས་ཆེ་ཤོས་ནི། དབུས་ཁུལ་གྱི་བསྟན་འཛིན་ནོར་བུ། རོང་པ་བསོད་ནམས་རྒྱལ་པོ། གྲུ་ལྷ་ཕུར་བུ་ཚེ་རིང་། ཐང་ལྷ་ཚེ་དབང་སོགས་ཡིན་པ་སྟེ། དུས་རབས་རིམ་བྱུང་གི་བོད་ཀྱི་ལྷ་རིས་སྒྱུ་རྩལ་ལས་སྐད་གྲགས་ཡོད་པའི་རི་མོ་བ་རེད།

          བོད་ཀྱི་རི་མོའི་ཁྱད་ཆོས་གཙོ་བོ་ནི། ལོ་རྒྱུས་ལ་གཞིགས་ནས་རི་མོ་འབྲི་བ་དང་། རི་མོ་ལ་བརྟེན་ནས་ལོ་རྒྱུས་ཤོད་པ་དེ་ཡིན། དེ་ཡང་བསྟན་པ་དང་སེམས་ཅན་ལ་བཀའ་དྲིན་ཆེ་ཤོས་ཡིན་ན་མ་གཏོགས་དེ་མིན་དེ་ཙམ་འབྲི་སྲོལ་མེད་དེ། གང་ཡིན་ཞེ་ན། བོད་ནི་ཆོས་སྲིད་ཟུང་འབྲེལ་གྱི་སྤྱི་ཚོགས་སུ་གནས་པར་བརྟེན་ལོ་རྒྱུས་ཀྱི་འཕེལ་རྒྱས་དང་ཆོས་ལུགས་ཀྱི་ཁྱབ་སྤེལ་གཉིས་ཁ་འབྲལ་ཐབས་མེད་པའི་འབྲེལ་བ་ཡོད་སྟབས། བོད་ཀྱི་ལོ་རྒྱུས་སམ་ཚན་རིག་མཚོན་པ་བྱེད་པའི་ཐང་ག་ཡིན་ནའང་འདྲ་ཚང་མར་ཆོས་ལུགས་ཀྱི་རྣམ་པ་ཤུགས་ཆེན་ལྡན་པས་སོ། །