ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > དུས་ཆེན།

བོད་ཀྱི་ལོ་སར་གྱི་འཕོ་འགྱུར་ལ་ཅུང་ཙམ་དཔྱད་པ།

སྤེལ་དུས 2012-01-29 ཡོང་ཁུངས། ཧི་མ་ལ་ཡའི་བོན། རྩོམ་པ་པོ། མཁར་ནག་སྐལ་བཟང་རྒྱ་མཚོ།

འཛམ་གླིང་གི་མི་རིགས་གང་ཡིན་ཡང་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད། རང་གི་རིགས་ལ་ཐུན་མིན་དུ་མངའ་བའི་དུས་ཆེན་འགའ་རེ་ཡོད། དེ་དག་ལས་ཀྱང་ཤིན་ཏུ་གལ་ཆེ་ཤོས་དང་དུས་ཆེན་དང་པོ་ནི་ལོ་སར་ཡིན་པ་སྨོས་མེད་རེད། ལོ་སར་ནི་མིའི་རིགས་ཀྱིས་རང་བྱུང་ཁམས་ཀྱི་དུས་བཞིའི་འགྱུར་ལྡོག་བརྟགས་ཤེས་པའི་རྗེས་ནས། ཉི་ཟླ་སྐར་གསུམ་སོགས་ཀྱི་དགྲོལ་ཚུལ་ལ་བརྟེན་ནས་ལོ་ཟླ་ཞག་དུས་ཀྱི་ཚད་བཟུང་བའི་དུས་ནས་བྱུང་བ་ཡིན་པས། དུས་ཆེན་གྱི་ཐོག་མར་བཟུང་ན་མི་འགྲིག་རྒྱུ་མེད། ཡིན་ནའང་དུས་ཀྱི་འགྱུར་འགྲོས་ལ་བརྟེན་ནས་ལོ་སར་གྱི་དུས་ཚིགས་ངེས་འཛིན་ཐད་ལའང་འགྱུར་ལྡོག་མང་པོ་བྱུང་ཡོད་པས། མི་རིགས་དེས་དང་ཐོག་ཐུན་མོང་དུ་རོལ་བའི་ལོ་སར་གྱི་དུས་ཆེན་དེ་དང་དེང་སྐབས་རོལ་བའི་ལོ་སར་གཉིས་མི་གཅིག་པའང་ཡོད། བོད་ཀྱི་ལོ་སར་ནི་དེ་འདྲ་ཡིན་པས་གཤམ་ནས་དེའི་སྐོར་ལ་ཅུང་ཟད་དཔྱད་པར་སྤྲོའོ། །

ཡ་ཐོག་བོད་ཀྱི་ལོ་གསར།

   སྤྱིར་བོད་ཀྱི་ལོ་སར་གྱི་ངོས་འཛིན་སྟངས་ལ་དུས་ཀྱི་དབང་གིས་འགྱུར་ལྡོག་མང་དུ་བྱུང་ཡོད་པས། ཡ་ཐོག་བོད་ཀྱི་ལོ་སར་ཡང་དེང་སྐབས་རོལ་བའི་ལོ་སར་འདི་ཉིད་མིན། བན་ལུགས་ཀྱི་དེབ་ཐེར་དག་ན་བོད་རྒྱལ་སྲོང་བཙན་སྒམ་པའི་སྔོན་གྱི་ལོ་རྒྱུས་ཀྱི་སྐོར་ཆེར་མེད་པས། ཡ་ཐོག་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་ན་ངེས་པར་དུ་བོན་གྱི་ཡིག་ཆ་དང་མི་རིགས་གཞན་གྱི་ཡིག་ཚང་ལའང་བརྟེན་དགོས་པས། བོད་ཀྱི་ལོ་འགོ་སྟེ་ལོ་སར་ལ་རྒྱ་ཡིག་ཏུ་བཀོད་པའི་ངོས་འཛིན་སྟངས་ནི་ཐང་ཡིག་ལས། མི་རྣམས་མོ་བ་དང་རྩིས་པར་དད། དུས་ཀྱི་ཚིགས་ནི་མི་ཤེས་པར་སྟོན་ཏོག་སྨིན་དུས་ལོ་འགོར་བྱེད།(1) ཁོད་ཡོད་མོད་དེ་ལ་བདེན་དོན་ཡོད་པར་མ་མཐོང་ཏེ། དེ་ནི་བོད་རྒྱལ་སྲོང་བཙན་སྒམ་པོའི་སྐབས་བོད་དང་ཐང་རྒྱལ་རབས་གཉིས་ལ་འབྲེལ་ཐོག་མ་བྱུང་དུས་རྒྱའི་མཁས་པ་རྣམས་ཀྱིས་འོལ་ཚོད་ཀྱིས་བྲིས་པར་མངོན་ཏེ། རྒྱུ་མཚན་ཡང་ཐང་ཡིག་ཁོ་རང་གི་ནང་དུའང་། ཀྲིག་རྒྱལ་རབས་ནས་སོས་རྒྱལ་རབས་བར་དུ། འཇང་བ་རྣམས་ཀྱིས་བར་བཀག་ཡོད་པས་ཀྲུང་གོ་དང་འབྲེལ་ནི་མ་བྱུང་།(2) ཞེས་བཀོད་ཡོད་པས་ཐང་རྒྱལ་རབས་ཀྱི་སྔོན་དུ་རྒྱ་ནག་ལ་བོད་ཀྱི་གནས་ཚུལ་སྐོར་གྱི་ཤེས་བྱ་ཅུང་ཙམ་ཡང་མེད་པས། སྲོང་བཙན་སྐབས་ཀྱི་གནས་ཚུལ་བཀོད་པ་ཡིན་དགོས་མོད། འོན་ཀྱང་བོན་གྱི་ཡིག་ཚང་ལྟར་ན་བོད་རྒྱལ་སེང་ཁྲི་བཙན་པོའི་སྐབས་ནས་རྒྱ་ནག་དང་ཞང་ཞུང་གི་ཡུལ་ནས་གཙུག་ལག་གི་བསྟན་བཅོས་བོད་དུ་བསྒྱུར་ཡོད་པས། མ་མཐའ་ཡང་དེའི་སྐབས་ནས་བཟུང་བོད་ཀྱི་ཡུལ་དུའང་ཞང་ཞུང་དང་རྒྱ་ནག་གང་རུང་གི་ལུགས་ལྟར་དུས་བཞི་དང་ལོ་འགོ་འཛིན་སྟངས་གསལ་བོར་ཡོད་པ་སྨོས་མེད་རེད། བོན་གྱི་གཟུངས་ཀུན་འདུས་ཆེན་མོའི་སྐར་མ་དང་ཉི་མ་ངན་པ་ཐམས་ཅད་ཞི་བདེ་སྙོམས་པའི་གཟུངས་ལས། ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་ལ་ཕྱག་འཚལ་ལོ། སྔོན་ཚེ་རྒྱ་ནག་གི་ཡུལ་ན། གཟའ་དང་སྐར་མ་ཉི་ཟླ་ལྟ་བུ་མཆོད་དོ་གསོལ་ལོ། དུས་དང་བསྐལ་བ་དེ་ཙམ་ན་ནག་པོ་རྒྱ་དང་ཞང་ཞུང་གཉིས་ཀྱི་གཙུག་ལག་གིས་བསྟན་བཅོས་བསྒྱུར་ནས་བོད་དུ་དར་བ་ལ། བོད་མི་མང་བློ་མང་བྱས་པས་ཉི་མ་དང་སྐར་མའི་རྩིས་མགོ་འཁྲུག་ནས། ཅི་བྱས་ལམ་དུ་མི་འགྲོ་མི་ནད་ཕྱུག་ནད་དར། ལོ་ཉེས་དང་མུ་གེ་ཁྲོལ་བུ་བྱུང་། བོད་ཡུལ་དུ་མི་བདེ་བའི་རྟགས་བྱུང་བའི་ཚེ། བོད་ཀྱི་རྒྱལ་པོ་སེང་ཁྲི་བཙད་པོ་ཡིས། གཡུ་ཀེ་ཀེ་རུ་ལ་རི་བྲག་ཤིང་གིས་བརྒྱན་པ་གཅིག་དང་མན་ཤེལ་དཀར་ལ་ཟླ་བའི་ཆུ་རྒྱུན་འབེབས་པ་དེ་རྣམས་བསྐུར་ནས། རྒྱ་ཡུལ་དུ་ལོ་ཙ་བ་མི་གསུམ་བརྫངས་ནས་དེ་དག་ཐམས་ཅད་རྒྱ་ནག་གི་མཁར་ཁྲི་སྒོ་བརྒྱའི་ནང་དུ་ཐམས་ཅད་མཁྱེན་པའི་ཀོང་ཙེ་ལ་གཡུ་དང་མན་ཤེལ་གྱི་ཡིག་ཕྲིན་རྣམས་ཕུལ་ནས་འདི་སྐད་ཞུས། ཞེས་གསལ་བས། འདིའི་སེང་ཁྲི་བཙན་པོ་ནི་ལེགས་བཤད་མཛོད་ལྟར་ན་བོད་རྒྱལ་བདུན་པ་ཡིན་ལ་དེ་ལ་སྲིབ་ཁྲི་བཙན་པོའང་ཟེར་བར་འདོད། ཚིག་འདིའི་ནང་ནས་བོད་རྒྱལ་བདུན་པ་དང་རྒྱའི་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་གཉིས་དུས་མཉམ་ཡིན་པར་འདོད་པ་འདི་བདེན་ན། དེ་ནི་སྤྱི་ལོ་སྔོན་གྱི་ཁྲུན་ཆིའུ་དུས་རབས་སུ་ཡིན་དགོས་པས་ད་བར་དུ་མ་ཐ་ཡང་ལོ་ཉིས་སྟོང་བཞི་བརྒྱ་ལྷག་འགོར་ཡོད། གཞན་བོན་གྱི་གདུབ་སོབ་ཆེན་པོ་མུ་ཆོ་ལྡེམ་དྲུག་གི་སློབ་མ། འཛམ་གླིང་མཁས་པ་རྒྱན་དྲུག་གི་ནང་ཚན་རྒྱ་ནག་མཁས་པ་ལེགས་ཐང་མང་པོས་བསྒྱུར་བའི་དག་པ་འཕྲུལ་གྱི་མདོ་ཐིག་ལས་ཀྱང་། (གཟུངས་འདུས་ཤོག་ངོས528ན་གསལ)འབྱུང་བ་ལྔ། ལོ་སྐོར་བཅུ་གཉིས། ལོ་རྒན་དྲུག་ཅུ་བཅས་གསལ་བས། དེ་ཡང་སྲོང་བཙན་ཡར་སྔོན་ཡིན་པ་བོན་གཞུང་དག་ན་གསལ་ལོ། ད་དུང་རྒྱུང་ཡར་བླ་ཆེན་དྲན་པས་བོད་རྒྱལ་གྲུ་གུམ་བཙན་པོའི་རྗེས་ཙམ་དུ་མཛད་པའི་མཛོད་སྒྲ་འགྲེལ་ལས་ཀྱང་ཟླ་བ་རེ་རེའི་ངོས་འཛིན་ཚུལ་གསལ་བོར་ཡོད་པས་ཀྱང་ཤེས་ཐུབ་བོ། །(འོག་ཏུ་གསལ)
དེས་ན་བོད་ཀྱི་ཡ་ཐོག་གི་ལོ་འགོ་འཛིན་སྟངས་དེ་ཞང་ཞུང་དང་རྒྱ་ནག་གཉིས་ཀྱི་ལུགས་གང་ཡིན་པར་དཔྱད་ན། སྤྱིར་ཞང་ཞུང་དང་རྒྱ་ནག་གཉིས་ཀྱི་རྩིས་ཀྱི་ཁུངས་ཡང་གཡུང་དྲུང་བོན་རྣམས་ཀྱིས་གཅིག་ཡིན་པར་བཞེད་ཅིང་། བོན་གྱི་སྟོན་པ་གཤེན་རབ་ཀྱིས་དགུང་ལོ་ཉེར་ལྔ་བཞེས་དུས། རྒྱ་ཡུལ་ནས་གསས་ཁང་དཀར་ནག་བཀྲ་གསལ་དུ་རྒྱ་ཀོང་ཙེ་འཕྲུལ་གྱི་རྒྱལ་པོ་སོགས་ལ་རིག་པའི་གནས་ལྔ། བོན་སྒོ་བཞི་མཛོད་ལྔ། ཐེག་པ་རིམ་དགུའི་བོན་ཐམས་ཅད་གཉེར་དུ་གཏད་ནས་བསྟན་པ་རྣམ་གསུམ་རྗེས་སུ་བཞག་པས། དེའི་གྲས་ན་སྟོན་པས་ཕྱྭ་གཤེན་ལེགས་རྒྱལ་ཐང་པོ་ལ་གསུང་བའི་གབ་ཙེ་འཕྲུལ་གྱི་མེ་ལོང་ལྟ། སྤར་ཁམས་སྨེ་བ་གླིང་སྐོར་བྱ། འབྱུང་བ་དུས་ཀྱི་འཁོར་ལོ་རྩི། ཇུ་ཞགས་སྲིད་པའི་རྟེན་འབྲེལ་བརྟག། ཅེས་གསུངས་པའི་གབ་ཙེ་སུམ་བརྒྱ་དྲུག་ཅུའི་སྐོར་དང་། གཙུག་ལག་རྩིས་ཀྱི་བོན་ཐམས་ཅད་ཀྱང་ཡོད་པ་གསལ་བས། དྲི་མེད་གཟི་བརྗིད་ལས། བཞི་བ་ཕྱི་ཡི་རིག་པ་ལ། དེ་ཡང་རྣམ་པ་བཞི་ཡིན་ཏེ། མདོ་འབུམ་གཟུངས་གསུམ་མན་ངག་བཞི། ཐོག་མར་མདོ་ལ་རྣམ་པ་གསུམ། སྣང་སྲིད་ཀུན་གསལ་གཏོ་ཡི་མདོ། རིན་ཆེནཀུན་གསལ་རྩིས་ཀྱི་མདོ། གཙུག་ལག་གབ་རྩེ་དཔྱད་ཀྱི་མདོ། གཉིས་པ་འབུམ་ལ་རྣམ་པ་གསུམ། སྣང་སྲིད་གཏོ་འབུམ་ནག་པོ་དང་། རིན་ཆེན་ཀུན་འབུམ་ཁྲ་བོ་དང་། གཙུག་ལག་དཔལ་འབུམ་དཀར་པོ་གསུམ། གསུམ་པ་གཟུངས་ལ་རྣམ་པ་གསུམ། སྣང་སྲིད་ཁ་བསྐངས་གཏོ་ཡི་གཟུངས། རིན་ཆེན་ཀུན་གསལ་རྩིས་ཀྱི་གཟུངས། གཙུག་ལག་དཀར་མོ་གདུགས་ཀྱི་གཟུངས། བཞི་པ་མན་ངག་རྣམ་པ་གསུམ། གབ་རྩེ་བྱང་གླིང་དགུ་སྐོར དང་། ཇུ་ཞགས་སྲིད་པའི་འཁོར་ལོ་དང་། མན་ངག་དུས་འཁོར་རྩིས་འཛིན་གསུམ། ཕྱི་ཡི་རིག་པའི་བོན་སྡེའོ།  ཞེས་གསུངས་པ་དང་། ཡང་དེའི་སྐབས་སུ་སྟོན་པས་ཀོང་རྩེ་འཕྲུལ་གྱི་རྒྱལ་པོ་སོགས་ལ་གསུངས་པའི་གནམ་ས་སྣང་བརྒྱད་ཀྱི་གཞུང་ལས་ལོ་སྐོར་བཅུ་གཉིས། སྤ་ཁ་བརྒྱད། སྨེ་བ་དགུ ལོ་རྒན་དྲུག་ཅུ། རྒྱུ་སྐར་ཉེར་བརྒྱད་སོགས་ཤིན་ཏུ་གསལ་བོར་གསུངས་ཡོད་པ་ནི། གནམ་ས་སྣང་བརྒྱད་ཀྱི་མདོ་འགྲོ་ལ་ཕན་ཕྱིར་ཀོང་ཙེས་ཞུས་པ་ལས་བསྡུས་ཏེ་བཀོད་ན་འདི་ལྟར། བཀའ་རྒྱུད་རིན་པོ་ཆེ་ཀུན་ལ་ཕན་ཐོགས་པ་ཡི། གསས་ཁང་དཀར་ནག་བཀྲ་གསལ་དུ་ཀོང་རྩེས་འཕྲུལ་གྱི་རྒྱལ་པོ་ལས་སོགས་པའི། ཕྱོགས་བཅུའི་གཡུང་དྲུང་སེམས་དཔའ་ཐམས་ཅད་ཀྱང་། ལྷ་མ་སྲིན་སྡེ་བརྒྱད་དང་། མི་ལས་སོགས་པས་གཤེན་རབ་ལ་མཆོད་ཅིང་བསྟོད་ནས། འཁོར་མང་པོ་ནང་ནས། ཀོང་རྩེ་འཕྲུལ་རྒྱལ་གྱིས་གཤེན་རབ་ལ་འདི་སྐད་ཞུས་སོ། སྟོན་པ་ལགས། གནམ་ས་གཉིས་ལ་དབང་བྱེད་པ་ཡི། ས་བདག་དང་སྡེ་བརྒྱད་ལྷ་ཀླུ་མཐུའོ་ཆེ་ཀུན་སོ་སོར་བཅོས་ནས། ཞི་བ་དང་བདེ་ལེགས་སུ་གྱུར་པར་མཛད་དུ་གསོལ་ལོ། ཅེས་ཞུས་པས། གཤེན་རབ་ཀྱིས་བཀའ་སྩལ་པ། ཀོང་རྩེ་འཕྲུལ་རྒྱལ་ཉོན་ཅིག། རྗེའི་འགུར་ལྷ་བཅུ་གསུམ་དང་། བོད་ཀྱི་ལྷ་སྲས་མཆེད་དགུ་དང་། ཡང་སྤར་ཁ་ཆེན་པོ་བརྒྱད་བཅོས་པའི་ཕྱིར། ཁན་གནམ་དང་། ཁོན་ས་དང་། གིང་རི་དང་། ཟོན་རླུང་དང་། ཟིན་ཤིང་དང་། ད་ལྕགས་དང་། ལི་མེ་དང་། ཁམས་ཆུ་དང་། པར་ཁ་མ་ལུས་འཁོར་བཅས་རྣམས། རུ་སྦལ་གསེར་མཚོ་ནང་ན་གནས་པ་ཡི། ཡན་ལག་བཞི་དང་འདབ་མ་གཡས་གཡོན་གཉིས་དང་དྲུག མགོ་འཇུག་གཉིས་དང་བརྒྱད་ལ་གནས་པའི། ལོ་སྐོར་བཅུ་གཉིས་ཀྱི་ལོ་ལྷ་རྣམས་སོ་སོའི་ཕྱོགས་སུ་བཅོས་སོ། ཤར་སྟོད་ལ་གནས་པའི་སྟག་ལྔ་བཅོས་ཏེ། ཤིང་གི་སྟག་དང་། མེའི་སྟག་དང་། སའི་སྟག་དང་། ལྕགས་ཀྱི་སྟག་དང་། ཆུའི་སྟག་དང་། འབྱུང་བ་ལྔའི་སྟག་དེ་ལྔ་ཡང་མ་འཁྲུག་ཅིག སྤྲེལ་ལོ་བའི་བདུད་དང་གཤེད་དུ་མ་འབེབ་ཅིག བྱང་ཤར་མཚམས་ན་གནས་པའི་གླང་ལྔ་བཅོས་ཏེ། ཤིང་གི་གླང་དང་། མེའི་གླང་དང་། སའི་གླང་དང་། ལྕགས་ཀྱི་གླང་དང་། ཆུའི་གླང་དང་། འབྱུང་བ་ལྔའི་གླང་དེ་ལྔ་ཡང་མ་འཁྲུག་ཅིག ལུག་ལོ་པ་ཡི་བདུད་དང་། རྒྱུ་སྐར་རྩ་བརྒྱད་འཁོར་བཅས་རྣམས། སེམས་ཅན་ཀུན་ལ་ཕན་ཕྱིར་དུ་ཞི་བའི་ལས་ལ་སྤྱན་དྲང་ནས། ཤར་ནས་ལྷའི་སྐར་མ་བདུན་བཞུགས་ཏེ། སྨིན་དྲུག་དང་ནི་སྣར་མ་དང་། མགོ་དང་ལག་དང་ནམ་སོ་དང་། རྒྱལ་དང་སྐག་དང་དེ་བདུན་ལ། བསང་དང་དཀར་མངར་རྩི་སྨན་གྱིས་མཆོད་པ་འབུལ། ལྷོ་ན་གཡང་གི་སྐར་མ་བདུན་བཞུགས་ཏེ། མཆུ་དང་གྲེ་དངསྦོ་དང་ནི། ་མེ་བཞི་དང་ནི་ནག་པ་དང་། ས་རི་དང་ནི་ས་ག་བདུན། ལྷོ་ནས་གཡངས་སྐར་བདུན་པ་ལ། བསང་དང་དཀར་མངར་རྩི་སྨན་གྱི་མཆོད་པ་འབུལ། ནུབ་ན་ཀླུའི་སྐར་མ་བདུན་བཞུགས་ཏེ། ལྷ་འཚམས་དང་ནི་སྣོན་དང་སྣུབ་དང་ཆུ་སྟོད་དང་། ཆུ་སྨད་བྱི་ཞུན་གྲོ་ཞུན་བདུན། ཀླུའི་སྐར་མ་བདུན་པོ་ལ། བསང་དང་དཀར་མངར་རྩི་སྨན་གྱི་མཆོད་པ་འབུལ། བྱང་ན་གནོད་སྦྱིན་སྐར་མ་བདུན་བཞུགས་ཏེ། སྤུར་དང་སྒྲོགས་དང་ཁྲུམས་སྟོད་དང་། ཁྲུམས་སྨད་དང་ནི་ནམ་གྲུ་དང་། ཐ་སྐར་བྲ་ཉེ་དེ་བདུན་ལ། བསང་དང་དཀར་མངར་རྩི་སྨན་མཆོད་པ་འབུལ། ཡང་ས་བདག་གི་རྒྱལ་པོ་ཤ་རི་པ་ཏྲ་ཕག་གི་མགོ་བོ་ཅན་དང་། ས་འཛིན་ལག་པ་ཆེན་པོ་དང་། སའི་ལྷ་མོ་བརྟན་མ་དང་། ཤར་གྱི་ས་བདག་ཐེ་སེ་དང་། ཙང་ཀུན་དང་། ནུབ་ཀྱི་ས་བདག་ཧོ་བན་དང་། བྱང་གི་སབདག་བྷེའུ་སྣ་དང་། ལྷོའི་ས་བདག་ཧལ་ཁྱི་དང་། ཡང་ཤར་གྱི་ས་བདག་སྟག་དཀར་ཧེ་དུན་དང་། ལྷོའི་ས་བདག་འབྲུག་རྗེ་ག་པ་དང་། ནུབ་ཀྱི་ས་བདག་སི་བྱི་དང་བྱ་དམར་མོ་དང་། བྱང་གི་ས་བདག་ནོར་འཛིན་དང་། རུ་སྦལ་རྒྱའོ་དང་། ཤར་ལྷོའི་ས་བདག་གྱི་ལིང་འཕར་མ་དང་ལྷོ་ནུབ་ས་བདག་གྲུབ་གཉེན་ལག་པ་ཅན་དང་། བྱང་ནུབ་འཚམས་གྱི་ས་བདག་གྲ་ལྷ་མི་འོ་ཆེ་དང་། བྱང་ཤར་འཚམས་ཀྱི་ས་བདག་འགར་ཏི་ནག་པོ་དང་། ཡང་གཅིག་དཀར་ལྷ་དང་། གཉིས་ནག་བདུད་དང་། གསུམ་མཐིང་དམུ་དང་། བཞི་ལྗང་ཀླུ་དང་། ལྔ་སེར་ས་བདག་དང་། དྲུག་དཀར་སྨན་དང་། བདུན་དམར་བཙན་དང་། བརྒྱད་དཀར་མཚན་དང་། དགུ་དམར་གཡང་གི་གབ་ཙེ་དང་། དགུ་དགུ་བརྒྱད་བཅུ་གྱ་གཅིག་གི་ས་བདག་རྣམས་མ་འཁྲུག་ཅིག། ཞེས་གསལ་བོར་གསུངས་ཡོད་པ་དང་། བོན་དང་རྒྱ་ནག་གཉིས་ཀའི་ལུགས་ལ་ལོ་རྒན་དྲུག་ཅུའི་མགོ་ཤིང་ཕོ་བྱི་བ་ལ་ངོས་འཛིན་ཚུལ་ཡང་གཅིག་མཚུངས་ཡིན་པས་ཁུངས་ཀྱང་གཅིག་ཡིན་པར་འདོད་དོ། འོན་ཀྱང་རང་རང་གི་ཡུལ་ནས་རིམ་གྱིས་དར་སྤེལ་བྱུང་རྗེས་ཞང་ཞུང་དང་རྒྱ་ནག་ལུགས་གཉིས་ཀྱི་ལོ་སར་དང་ཟླ་འགོ་འཛིན་ཚུལ་མི་མཐུན་པས། ཞང་ཞུང་གི་ཟླ་འགོ་འཛིན་སྟངས་ནི། དཔྱིད་ཟླ་ར་བ་སྟག་གི་ཟླ་བ་དང་། དེའི་ཚེས་བཅོ་ལྔ་ནི་སྐར་མ་རྒྱལ་ཡིན་པར་འདོད་པ་སངས་རྒྱས་སྟོན་པ་གཤེན་རབ་ཀྱི་འཁྲུངས་ལོ་ལས་ཤེས་ཐུབ། མདོ་དྲི་མེད་གཟི་བརྗིད་ལས། དེ་ལ་རྒྱལ་བུས་བཀའ་སྩལ་པ་ཉོན་ཅིག་ཡབ་ཅིག་རྒྱལ་པོ་ལགས། བདག་གཤེགས་པའི་དུས་ཚོད་ཀྱང་མ་ངན་ཏེ། ལོའི་འགོ་བོ་བྱི་བ་ལ་དགོངས་ནས་གཤེགས་པ་ནི། ནན་ཏན་གྱི་འགྲོ་དོན་མཛད་ཅིང་། ཞིབ་ཏིག་གི་བསྟན་པ་སྤེལ་བ་ལགས་སོ། ཟླ་བའི་འགོ་བོ་དཔྱིད་ཟླ་ར་བ་ལ་གཤེགས་པ་ནི། མཛད་པ་བཅུ་གཉིས་མཐར་ཕྱིན་པ་ལཊ་སོ། ཞག་གི་སྙིང་པོ་ཚེས་བཅོ་ལྔ་ལ་དགོངས་ནས་གཤེགས་པ་ནི། སྔོན་གྱི་སྟོན་པ་རྣམས་གཤེགས་པའི་དུས་ཁྱད་པར་ཅན་ཡིན་པ་དང་། ཟླ་གསང་ཐིག་ལེའི་དངོས་གྲུབ་ནོད་པ་ལགས་སོ། སྐར་མའི་དམ་པ་རྒྱལ་གྱི་རུ་གོང་དུ་གཤེགས་པ་ནི། བདུད་བཞི་དབང་དུ་བསྡུས་ཏེ་རྒྱལ་བ་དང་། འཇིག་རྟེན་ཟིལ་གྱིས་གནོན་པའི་ཕྱིར་རོ། ཞེས་དང་ལེགས་བཤད་མཛོད་ལས། ལོ་ཡི་རྒྱལ་པོ་ཤིང་ཕོ་བྱི་བའི་ལོ། ཟླ་བའི་དང་པོ་དཔྱིད་ཟླ་ར་བ་མེ་སྟག་གི་ཟླ་བ། ཞག་གི་སྙིང་བོ་ཚེ་པ་བཅོ་ལྔ། དུས་ཚོད་ཀྱི་དང་པོ་ནམ་ལངས་པ། སྐར་མའི་དམ་པ་རྒྱལ་གྱི་རུ་གོང་ལ་སྐུ་བལྟམས། ཞེས་གསལ་བོར་གསུངས་ཡོད་པས་དེས་ན་ཟླ་བ་བཅུ་གཉིས་ཀྱི་ནང་ནས་ཚེས་བཅོ་ལྔ་ལ་སྐར་མ་རྒྱལ་གྱི་ཉ་བ་ནི་ཧོར་ཟླ་བཅུ་གཉིས་པ་ཡིན་ལ། ལྷག་པར་དུ་དཔྱིད་ཟླ་ར་བའི་ཚེས་བཅུ་བཞི་ཉིན་གྱི་སྐར་མ་ནི་ལག་ཡིན་པ་གསལ་བ། མདོ་གཟེར་མིག་ལས། གཞི་བཙལ་ནས་ཕོ་བྲང་ནི། དཔྱིད་ཟླ་ར་བའི་བཅུ་བཞི་ལ། སྐར་མ་དབར་སྒྱུར་ལག་དུས་སུ། ས་བཟུང་ཀུན་ཀ་དེ་རུ་འཚོགས། ཞེས་གསལ་བ་ལ་གཞུགས་ན་ཟླ་དེའི་ཉ་སྐར་ཡང་རྒྱལ་སྟོད་ཡིན་པ་ཤེས་ཐུབ། རྒྱལ་སྟོད་རྒྱལ་སྨད་གང་རུང་ལ་ཉ་བ་ནི་རྒྱལ་ཟླ་ཡིན་པ་ས་སྐྱ་གྲགས་པ་རྒྱལ་མཚན་གྱིས། དེ་ཡང་སྨིན་དྲུག་སྣར་མ་གཉིས་གང་ལ་ཉ་ཡང་ཟླ་བ་གཅིག མགོ་དང་ལག་གཉིས་གཅིག རྒྱལ་སྟོད་རྒྱལ་སྨད་གཅིག་ཞེས་གསུངས་པས་ཤེས་ཐུབ། དེས་ན ཡ་ཐོག་ཞང་ཞུང་གི་ཡུལ་གྱི་ལོ་འགོ་དཔྱིད་ཟླ་ར་བ་ནི་དེང་གི་ཧོར་ཟླ་བཅུ་གཉིས་པ་ཡིན་པ་སྨོས་མ་དགོས། དེས་ཕྱིར་ཡ་ཐོག་བོད་ཀྱི་ལོ་སར་ཡང་ཧོར་ཟླ་བཅུ་གཉིས་པའི་ཚེས་གཅིག་ཡིན་པར་མངོན་ཏེ། དེང་སྐབས་ཀྱང་མདོ་སྨད་ཀྱི་ཡུལ་གྲུ་མང་ཆེ་ཤོས་ན་ཧོར་ཟླ་བཅུ་གཉིས་པ་ལ་བོད་ལོ་ཞེས་དང་། ཧོར་ཟླ་དང་པོ་ལ་རྒྱ་ལོ་ཞེས་འབོད་སྲོལ་མ་མཉམ་པར་གནས་ཡོད་པས་ཀྱང་ར་སྤྲོད་བྱེད་ཐུབ། དེ་དང་མཐུན་པར་མཛོད་སྒྲ་འགྲེལ་ལས། དེ་བཞིན་དུ་དཔྱིད་ཟླ་ར་བ་གང་ཞེས་ན། སྙིང་པོ་སྟག་(སྟག་ཟླ་ཡིན་པའི་དོན)གིས་འཛིན་ནོ། སྐར་མ་རྒྱལ་གྱིས་ཚེས་སོ། ནམ་ཟླ་དཔྱིད་ཟླ་ར་བའོ། ཞེས་དང་། ད་དུང་རྒྱ་གར་དབུས་འགྱུར་ཚལ་གྱི་ལོ་སར་ཡང་འདི་ཉིད་ཡིན་པ་གསལ་ཏེ། འགྲོ་མགོན་ཆོས་རྒྱལ་འཕགས་པས། ཟླ་བའང་དབུས་འགྱུར་ཚལ་དུ་ནི། རྒྱལ་གྱི་ཟླ་བས་ཐོག་མ་འདྲེན། དེས་ན་བོད་ཀྱི་ཡ་ཐོག་གི་ལོ་འགོ་འཛིན་སྟངས་ནི་ཞང་ཞུང་གི་ལུགས་ལྟར་བརྩིས་པ་ཡིན་པ་གདོན་མི་ཟའོ། །