དེ་ནི་བོད་མི་རྣམས་ཁྲུས་བྱེད་པའི་དུས་སྟོན་ཞིག་ཡིན། དེ་ཡང་བོད་ཟླ་བརྒྱད་པའི་ནང་རྩིས་གཞུང་ལས། སྐར་མ་རི་ཥི་འཆར་བའི་ཉིན་དེ་ནས་ཞག་བདུན་རིང་ཆུ་རླུང་ཡན་ལག་བརྒྱད་ལྡན་བདུད་རྩིར་འགྱུར་བས་སྨན་དཔྱད་དང་ཁྲུས་ལ་ཞུགས་ན་དགེ། ཞེས་བསྟན་པ་ཇི་བཞིན་སྐར་མ་རི་ཥི་འཆར་བའི་དུས་དེ། སྟོན་ཆུ་རྒྱག་རྒྱུའི་དུས་ཚོད་ཡག་ཤོས་ལ་བརྩིས་ནས། རོ་བཅུད་ལྡན་པའི་བཟའ་རིགས་གྲ་སྒྲིག་འཐུས་ཚང་བྱས་ནས་དགའ་ཉེ་བློ་དཀར་མཉམ་སྡེབས་ཐོག ཆུ་ཚན་ཁག་ལ་ནད་བཅོས་བྱེད་པར་འགྲོ་བ་དང་། དེ་མིན་མང་ཆེ་བས་ཡུལ་ལུང་སོ་སོའི་གཙང་པོ་དང་། ཆུ་བོ་ཁག་ལ་ཁྲུས་བྱེད་པ། མལ་གདན་གྱོན་ཆས་འཁྲུ་བ་སོགས་ཀྱི་བྱེད་སྒོ་སྤེལ་གྱི་ཡོད། དེ་ནི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་བོད་མིའི་འཚོ་བའི་གོམས་གཤིས་ཤིག་རེད། རང་རེའི་མེས་པོ་རྣམས་ཀྱི་བཤད་སྲོལ་ལ། སྐར་མ་རི་ཥི་འཆར་རིང་ཆུ་བརྒལ་ན། ནད་རིགས་སྔོན་འགོག་གི་ནུས་པ་ཡོད་ཅེས་དང་། ལྷག་པར་དུ་ཆུ་ཚད་ལ་བདུན་ཁ་ཤས་འགྲོ་ཐུབ་ན་ནད་བཅོས་ཀྱི་ནུས་པ་ཡོད། ཅེས་བཤད་སྲོལ་ཡོད། དེར་བརྟེན་སྐར་མ་རི་ཥི་འཆར་བ་དང་བོད་མི་ཚོས་ཆུ་བརྒལ་བའི་གོམས་གཤིས་དེ་སྔར་ནས་ད་བར་བརྒྱུད་འཛིན་བྱུང་བ་ཚང་མས་གཟིགས་གསལ་རེད།
འབྲུག་མོས་ཞུ་དག་བྱས།