ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > དུས་ཆེན།

རྒྱལ་སྤྱིའི་ཨོ་ལེན་ཕེ་ཁིའི་ལུས་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་རགས་བསྡུས།

སྤེལ་དུས 2017-08-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། གཡག་ཚེ་བརྟན།
          ༡ གནའ་རབས་ཨོ་ལེན་ཕེ་ཁིའི་ལུས་རྩལ་འགྲན་ཚོགས།
          ཨོ་ལེན་ཕེ་ཁི་ནི་གནའ་བོའི་གྷི་རིག་གི་ཨོ་ལེན་ཕེ་ཡ(Olympia)ཞེས་པའི་ཡུལ་གྱི་མིང་ལས་བྱུང་བར་མངོན་ཏེ། དེ་ནི་གནའ་བོའི་ཨ་ཐེན་སིའི་མཁར་གྲོང་གི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ༣༦༠ལྷག་གི་སར་ཡོད་པའི་ཨར་ཧྥེ་སིའི(Aefreis)གྲོག་རོང་དུ་ཆགས་ཡོད། གནས་དེ་ནི་གནམ་གཤིས་ཀྱི་དྲོ་གྲང་སྙོམ་ཞིང་ཡུལ་ལྗོངས་ལྟ་ན་སྡུག་པ་ལྷའི་དགའ་ཚལ་དང་འདྲ་བའི་ཡུལ་ཉམས་དགའ་བ་ཞིག་ཡིན་པས་མི་རྣམས་ཀྱིས་གནས་དེ་རུ་ལྷ་ཁང་ལ་སོགས་མང་དུ་བཞེངས་ནས་ལྷའི་དག་ཞིང་དུ་ངོས་འཛིན་གནང་ཀིན་ཡོད་པར་མ་ཟད། ཞི་བདེའི་དཔལ་དང་མཛའ་མཐུན་གྱི་གཡང་གིས་ཕྱུག་པའི་ཤམ་བྷ་ལའི་ཞིང་དུ་མཆོད་ཀྱིན་ཡོད། གནའ་བོའི་དུས་སུ་གྷི་རིག་སོགས་ས་དབུས་རྒྱ་མཚོའི་འགྲམ་རྒྱུད་དུ་ཆགས་པའི་མི་རྣམས་ལ་ལོ་རེའི་མཆོད་འབུལ་ཀྱི་སྐབས་དང་སྟོན་སྡུད་ཀྱི་དུས་སུ་སྤྲོ་ཚོགས་གཟབ་རྒྱས་བཤམ་པའི་སྲོལ་རྒྱུན་འཇམས་སུ་ཆགས་ཡོད་པར་མ་ཟད། རོལ་རྩེད་དང་ལུས་རྩལ་སོགས་འགྲན་སྡུར་གྱི་རྣམ་གྲངས་རྒྱ་ཆེར་སྤེལ་ནས་དགའ་བའི་དཔལ་ལ་རོལ་བཞིན་ཡོད། དེ་ཡང་ཡུལ་ལུང་སོ་སོའི་གནས་བབ་དང་ཆ་རྐྱེན་མི་འདྲ་བའི་དབང་གིས་དུས་ཚོད་དང་ས་གནས་གང་ལའང་ངེས་གཏན་མེད་པར་འདུག་མོད། ཆེས་གཟབ་རྒྱས་ལྡན་པ་ནི་ཨོ་ལེན་ཕེ་ཡའི(olympia) འདུ་ཚོགས་དེ་ཡིན་པར་ཀུན་ཀྱིས་ཁས་ལེན་དང་ཡིན་འཇོག་ཚད་མེད་གནང་ཀིན་ཡོད །
          སྤྱི་ལོ་སྔོན་གྱི༨༨༤ལོ་ནི་གྷི་རིག་གི་ལོ་རྒྱུས་སྟེང་གི་ཆེས་ཡ་ང་བའི་ལོ་ཞིག་སྟེ། དམག་འཁྲུག་དང་ནད་ཡམས། མུ་གེ་སོགས་ཀྱིས་གྷི་རིག་མི་དམངས་སྡུག་བསྔལ་གྱི་གཡང་ལ་དེད་ནས་སྐྱ་ཟད་སྔོ་ཐུག་གི་འཚོ་བ་སྐྱེལ་བཞིན་ཡོད། མི་རྣམས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཞི་བདེའི་དཔལ་ལ་རེ་འབོད་ཞུ་བཞིན་འདས་པའི་ལོ་ཟླ་དག་ཏུ་དུས་ཆེན་ལ་དགའ་འབོད་གཏོང་བའི་སྤྲོ་སྐྱིད་ཀྱི་རྣམ་པ་དེར་ཡི་རངས་བྱས། མི་དམངས་ཀྱི་འདོད་མོས་དང་ལོ་རྒྱུས་ཀྱི་དགོས་མཁོ་འདི་ལ་དམིགས་ནས་དབྱི་ལེ་སེའི(Elis)རྒྱལ་བོས་མཐའ་འཁོར་གྱི་མཁར་གྲོང་རྒྱལ་ཁབ་འགའ་ལ་མཉམ་འབྲེལ་བགྱིས་ཏེ་ཨོ་ལེན་ཕེ་ཡར(Olympia)དུས་བཅད་ཀྱིས་ལུས་རྩལ་འགྲན་ཚོགས་བསྡུ་བའི་གྲོས་ཐག་བཅད་ཅིང་། ལུས་རྩལ་འགྲན་ཚོགས་བསྡུ་བའི་ཟླ་བ་གསུམ་གྱི་ཡུན་ལ་རྒྱལ་ཁབ་གང་ཡིན་ཀྱང་དམག་འཁྲུག་སོགས་གདུག་རྩུབ་ཀྱི་སྦྱོར་བ་སྤེལ་མི་ཆོག་ལ། རྒྱལ་ཕམ་ཤན་འབྱེད་ཀྱི་གནད་ལ་ཐུག་ཀྱང་མདའ་མདུང་གྲི་སོགས་མཚོན་ཆ་གཡུགས་ནས་འགྲན་ཚོགས་ལ་ཞུགས་དགོས་ཏེ། ཡུན་འདི་ནི་གྷི་རིག་ལོ་རྒྱུས་སྟེང་གི་འཁྲུག་རྩོད་མེད་པའི་འཆམ་མཐུན་རྫོགས་ལྡན་གྱི་དུས་སྐབས་སུ་གཏན་དུ་འཁེལ་ཡོད་པས་སོ། ། ལོ་རྒྱུས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་འགྲན་ཚོགས་འདི་ཡང་རྒྱ་ཇེ་ཆེ་དང་འཐུས་ཇེ་ཚང་དུ་ཕྱིན་ནས་རིམ་གྱིས་གྷི་རིག་ཕྱེད་གླིང་སྤྱིའི་བྱ་འགུལ་འགངས་ཆེན་ཞིག་ཏུ་གྱུར། སྤྱི་ལོ་སྔོན་གྱི་༧༧༦ལོར་ཐོག་དང་པོར་འགྲན་ཚོགས་ལས་བྱ་དགའ་ཐོབ་པའི་ལུས་རྩལ་པའི་རུས་མིང་ཡིག་ཐོག་ཏུ་བཀོད་པས་མི་རྣམས་ཀྱིས་གནའ་བོའི་གྷི་རིག་གི་ལུས་རྩལ་འགྲན་ཚོགས་སྐབས་དང་པོར་ངོས་འཛིན་ཀྱིན་ཡོད། དེ་ནས་བཟུང་འགྲན་ཚོགས་འདི་ལོ་བཞིར་ཐེངས་རེར་སྤེལ་ཏེ་སྤྱི་ལོ༣༤༩ལོའི་བར་དུ་རྒྱུན་བསྐྱངས་ནས་ཁྱོན་སྐབས་༢༩༣ལྷག་སྤེལ། གནའ་རབས་ཨོ་ལེན་ཕེ་ཁིའི་ལུས་རྩལ་འགྲན་ཚོགས་ནི་མཐུན་རྐྱེན་དང་རྨང་གཞིའི་སྒྲིག་ཆས་ཞན་པའི་གནས་ཚུལ་འོག་དཀའ་ཚེགས་ཆེ་བའི་ཀྱག་ཀྱོག་གི་འགྲོས་རིམ་རིང་མོ་ཞིག་བརྒྱུད་ཡོད་པ་རེད ། 
          ༢ ཁོ་པུར་ཁྲེན་དང་དེང་རབས་ཨོ་ལེན་ཕེ་ཁིའི་ལུས་རྩལ་འགྲན་ཚོགས།
          ཁོ་པུར་ཁྲེན( Pierrede Coubertin)དེང་རབས་ཨོ་ལེན་ཕེ་ཁིའི་ལུས་རྩལ་འགྲན་ཚོགས་ཀྱི་རླབས་ཆེ་བའི་རྩ་འཛུགས་པ་དང་རྨང་འདེང་མཁན་ཡིན།   ཁོང་ནི་དུས་རབས་བཅུ་དགུ་བའི་དུས་དཀྱིལ་དུ་ཕ་རི་སིའི(Paris)སྐུ་དྲག་གི་ཁྱིམ་རྒྱུད་ཅིག་ཏུ་སྐྱེས་ཤིང་། ཆུང་དུས་ནས་བཟུང་དེ་གའི་སློབ་གྲྭ་འགྲིམས་ནས་སློབ་གསོ་གང་ལེགས་མྱངས་ཡོད།  སློབ་འབྲིང་མཐར་ཕྱིན་པ་ནས་ཕ་རི་སིའི་སློབ་གྲྭ་ཆེན་མོར་ཁྲིམས་ལུགས་དང་ཆབ་སྲིད་ལ་སློབ་སྦྱོང་མཐར་ཕྱིན་པར་མཛད་པར་མ་ཟད།  དབྱིན་ཇིར་ཕྱིན་ནས་སློབ་གསོ་རིག་པའི་གཞུང་ལའང་སྦྱངས་བ་མི་དམན་པ་མཛད་དེ་མཁས་པ་གྲགས་ཅན་ཞིག་ཏུ་གྱུར། དབྱིན་ཇིར་སློབ་སྦྱོང་བྱེད་བཞིན་པའི་སྐབས་སུ་དབྱིན་ཇི་བས་ལུས་རྩལ་ལ་བཟུང་བའི་རྣམ་འགྱུར་དེས་ཁོང་གི་གོ་རྟོགས་སད་པར་བྱས། ཁོས་ཕྱིར་ཕ་ཡུལ་དུ་ལོག་ཕྱིན་ཧྥ་རན་སིའི་མི་དམངས་ཀྱིས་ལུས་རྩལ་ལ་དོ་སྣང་མི་བྱེད་པའི་རྣམ་པ་དེ་ངེས་པར་བསྒྱུར་དགོས་པའི་ཆོད་སེམས་བརྟན་པོ་བཅིངས་ནས།  ༡༨༦༣ལོར་ཁོས་འཛམ་གླིང་ལ་ཁ་ཕྱོགས་ཤིང་གནའ་བོའི་ཨོ་ལེན་ཕེ་ཁིའི་ལུས་རྩལ་འགྲན་ཚོགས་ཀྱི་རྣམ་པ་འདྲ་བའི་ལུས་རྩལ་འགྲན་བསྡུར་གྱི་བྱ་འགུལ་ཞིག་སྤེལ་བའི་གྲོས་གཞི་བཏོན་པར། གཡོན་ལྷུང་ཕྱོགས་ཁག་གིས་རྒྱབ་སྐྱོར་དང་ཡིན་འཇོག་མ་བྱས། ཡིན་ཀྱང་ཁོས་དེའི་ཚུལ་ལ་ཡིད་ཆད་མ་གནང་བར་འབད་པ་ལྷུ་རུ་བླངས་བས། མཐར་༡༨༩༤ལོའི་ཟླ༦པའི་ཚེས༡༦ཉིན་ཕ་རི་སིའི་སློབ་གྲྭ་ཆེན་མོར་རྒྱལ་ཁབ་ཉི་ཤུ་ལྷག་གི་འཐུས་ཚབ་པ་ཞུགས་ཡོད་པའི་“རྒྱལ་སྤྱིའི་ཨོ་ལེན་ཕེ་ཁིའི་ལུས་རྩལ་འགྲན་ཚོགས་བསྐྱར་གསོའི་ཚོགས་འདུ”བསྡུས་ཤིང་། ཟླ༦པའི་ཚེས༢༣ཉིན་གྱི་དགོང་མོར་རྒྱལ་སྤྱིའི་ཨོ་ལེན་ཕེ་ཁིའི་ཨུ་ཡོན་ལྷན་ཁང་བཙུགས་པ་དངོས་སུ་ཁྱབ་བསྒྲགས་བྱས། འདི་ནི་འཛམ་གླིང་ལུས་རྩལ་ལས་རིགས་དང་ཨོ་ལེན་ཕེ་ཁིའི་ལུས་རྩལ་འཕེལ་རྒྱས་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་ཉིན་མོ་ཡིན་པས་རྒྱལ་ཁབ་མི་ཉུང་བ་ཞིག་གིས་ཉིན་འདི་ལུས་རྩལ་གྱི་ཉིན་མོར་གཏན་དུ་འཁེལ་ཡོད། རང་རྒྱལ་གྱིས་༡༩༨༦ལོར་གཏན་དུ་འཁེལ་བ་རེད།
          ༣ དེང་རབས་ཨོ་ལེན་ཕེ་ཁིའི་ལུས་རྩལ་འགྲན་ཚོགས།
          སྤྱི་ལོ་སྔོན་གྱི་༧༧༦ལོར་གྷི་རིག་ཏུ་ཨོ་ལེན་ཕེ་ཁིའི་ལུས་རྩལ་འགྲན་ཚོགས་སྤེལ་ནས་ད་ལྟའི་བར་དུ་ལོ་ངོ་སྟོང་ཕྲག་འགའི་ལོ་རྒྱུས་ཡོད།  སྐབས་དེར་ལྕགས་སྒོར་དང་འཕང་མདའ། རྒྱང་མཆོང་། རྐང་རྒྱུགས། སྦེ་ཀ ཤིང་རྟ་དང་རྟ་རྒྱུགས་སོགས་ལུས་རྩལ་རྣམ་གྲངས་ཉུང་ཤས་ལས་སྤེལ་ཀྱིན་མེད།  
          སྐབས་དང་པོའི་དེང་རབས་ཨོ་ལེན་ཕེ་ཁིའི་ལུས་རྩལ་འགྲན་ཚོགས་དེ༡༨༩༦ལོར་གྷི་རིག་གི་རྒྱལ་ས་ཨ་ཐེན་སིར་བསྡུས།  སྐབས་དེར་རྒྱལ་ཁབ༡༤ལྷག་གི་ལུས་རྩལ་པ༢༤༥ལྷག་ཞུགས་ཡོད། དེའི་རྗེས་སུ་རིམ་གྱིས་ཁྱབ་ཇེ་ཆེ་དང་རྣམ་པ་ཇེ་མང་། རྒྱ་ཇེ་ཆེ་དང་འཐུས་ཇེ་ཚང་དུ་ཕྱིན་ནས༢༠༠༠ལོར་ཨོ་སི་ཁྲོ་རི་ལི་ཡའི་སེ་ནུར་བསྡུས་པའི་ཨོ་ལེན་ཕེ་ཁིའི་ལུས་རྩལ་འགྲན་ཚོགས་སུ་རྒྱལ་ཁབ༡༩༩ལྷག་གི་ལུས་རྩལ་པ་ཁྲི་ཚོ་གཅིག་ལྷག་ཞུགས་ཡོད་པ་ལས་འདི་ནི་འཛམ་གླིང་གི་རིམ་པ་ཆེས་མཐོ་བའི་ལུས་རྩལ་འགྲན་བསྡུར་གྱི་བྱ་འགུལ་ཞིག་ཡིན་པར་ཀུན་གྱིས་ཁས་འཆས་འདུག་པ་ཤེས་ཐུབ་བོ།།
          དུས་རབས་དང་ལོ་རྒྱུས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་ལུས་རྩལ་གྱི་རྣམ་གྲངས་ཀྱང་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ཨོ་ལེན་ཕེ་ཁིའི་ལུས་རྩལ་གྱི་རྣམས་གྲངས་ཡང་དེ་དང་བསྟུན་ནས་ཇེ་མང་དུ་འགྲོ་བཞིན་ཡོད། ལུས་རྩལ་གྱི་རྣམ་གྲངས་ཁག་ཅིག་དགུན་དུས་སུ་སྤེལ་བར་འཚམ་པས་ཨོ་ལེན་ཕེ་ཁིའི་ཨུ་ཡོན་ལྷན་ཁང་གིས་དགུན་དུས་སུའང་ཨོ་ལེན་ཕེ་ཁིའི་ལུས་རྩལ་འགྲན་ཚོགས་སྤེལ་བའི་གྲོས་ཆོད་བྱུང་། ༡༩༠༨ལོར་དར་ཤུད་དང་༡༩༢༠ ལོར་དར་གྲུག་གཉིས་ཨོ་ལེན་ཕེ་ཁིའི་ལུས་རྩལ་གྱི་རྣམས་གྲངས་སུ་བཞག་སྟེ།  ༡༩༢༤ལོར་སྐབས་དང་པོའི་དགུན་དུས་ཨོ་ལེན་ཕེ་ཁིའི་ལུས་རྩལ་འགྲན་ཚོགས་དེ་ཧྥ་རན་སིའི་ཁྲ་མུ་ནེ་སིར(Chamonix)གཟབ་གཟས་ངང་བསྡུས་ནས་རིམ་གྱིས་རྒྱུན་བསྐྱངས་ཏེ་༡༩༩༤ལོར་དགུན་དུས་ཀྱི་ཨོ་ལེན་ཕེ་ཁིའི་ལུས་རྩལ་འགྲན་ཚོགས་དེ་དབྱར་དུས་དང་ལོ་གཅིག་ལ་མི་འཁེལ་བའི་གཏན་འབེབས་གནང་དེ།  ལོ་གཉིས་རེའི་ཡུན་ལ་དགུན་དུས་དང་དབྱར་དུས་ཀྱི་ཨོ་ལེན་ཕེ་ཁིའི་ལུས་རྩལ་འགྲན་ཚོགས་རེས་མེས་ཀྱིས་སྤེལ་བཞིན་པའི་རྣམ་པ་དེ་ཆགས་པ་རེད། 
          ༤ ཨོ་ལེན་ཕེ་ཁིའི་ཚོགས་གླུ།
          དེང་རབས་ཨོ་ལེན་ཕེ་ཁིའི་ལུས་རྩལ་འགྲན་ཚོགས་ནི་༡༨༩༤ལོའི་ཟླ༤བའི་ཚེས་དྲུག་ཉིན་ཨ་ཐེན་སིར(athens) གཟབ་རྒྱས་ངང་བསྡུས་པ་ཡིན་ཏེ། ཚོགས་མགོ་རྩོམ་པའི་མཛད་སྒོའི་སྟེང་དུ་ས་མར་སེས(samaras)གཞས་ཚིག་དང་ཕུ་ལ་མ་སིས(palamas)དབྱངས་བརྩམས་པའི་རོལ་དབྱངས་དེ་འབུལ་དཀྲོལ་གནང་བར་རྒྱ་ཆེའི་གཟིགས་མོ་བས་དགའ་བསུ་ཆེན་པོ་ཐོབ།  ༡༩༥༨ལོར་རྒྱལ་སྤྱིའི་ཨོ་ལེན་ཕེ་ཁི་ཨུ་ཡོན་ལྷན་ཁང་གི་གྲོས་ཆོད་བརྒྱུད་ནས་རོལ་དབྱངས་དེ་ཨོ་ལེན་ཕེ་ཁིའི་ལུས་རྩལ་འགྲན་ཚོགས་ཀྱི་ཚོགས་གླུར་གཏན་འཁེལ་བྱས།   
          ༥  ཨོ་ལེན་ཕེ་ཁིའི་ཚོགས་དར།  
          ཨོ་ལེན་ཕེ་ཁིའི་་ཚོགས་དར་ནི་ཧྥ་རན་སིའི་ཁོ་པེད་ཏན(Coubertin)གྱིས་ཇུས་འགོད་བྱས་པ་ཡིན་ཏེ། དར་ཆའི་ངོས་གཞི་དཀར་པོ་ཡིན་ལ་མཐའ་རྒྱན་ཅི་ཡང་མེད་པ་དང་། དཀྱིལ་ནས་གཡས་གཡོན་ཏུ་རིམ་གྱིས་ཁ་མདོག་སྔོན་པོ་དང་སེར་པོ། ནག་པོ། ལྗང་ཁུ། དམར་པོ་ཅན་གྱི་ཨ་ལོང་ལྔ་གཅིག་ཏུ་སྦྲེལ་ཡོད་པ་ཞིག་ཡིན་ལ།  དེས་ཨོ་གླིང་དང་ཡ་གླིང་། ཧྥེ་གླིང་དང་མེ་གླིང་། ཨོའོ་གླིང་བཅས་གླིང་ལྔའི་མཛའ་མཐུན་གྱི་འབྲེལ་བ་མཚོན་པ་དང་། ངོས་གཞི་དཀར་པོས་རྒྱལ་ཁབ་གང་ཡིན་ཀྱང་དེ་ལ་མི་རིགས་དང་དད་མོས་ཀྱི་དབྱེ་བ་མེད་པར་འདྲ་མཉམ་གྱིས་ཞུགས་ཆོག་པའི་རྩ་དོན་དེ་མཚོན་པར་བཤད། ༡༩༡༤ལོའི་ཟླ༧པའི་གྲོས་ཚོགས་ཆེན་པོའི་སྟེང་དུ་ཐོག་དང་པོར་ཨོ་ལེན་ཕེ་ཁིའི་དར་ཆ་བསྒྲེངས་པ་རེད། ༡༩༢༠ལོར་པེ་ལི་སིར(Belgium)བསྡུས་པའི་སྐབས་ལྔ་བའི་ཨོ་ལེན་ཕེ་ཁིའི་ལུས་རྩལ་འགྲན་ཚོགས་སུ་ཚོགས་དར་བསྒྲེངས་པ་ནས་རིམ་གྱིས་སྤྱི་ལུགས་སུ་གྲུབ། ༡༩༧༠ལོའི་ཨོ་ལེན་ཕེ་ཁིའི་གྲོས་ཆོད་རྩ་དོན་སྐབས་བཞི་བར་ཨོ་ལེན་ཕེ་ཁིའི་ཚོགས་དར་གྱི་མཚོན་དོན་ལ་དོན་སྙིང་གསར་བ་ཞིག་བསྩལ་ཡོད་དེ།  དེས་གླིང་ལྔའི་མཐུན་སྒྲིལ་མཚོན་ལ། ལུས་རྩལ་པའི་དྲང་བདེན་དང་འདྲ་མཉམ། མཛའ་མཐུན་དང་འགྲན་རྩོད་ཀྱི་སྙིང་སྟོབས་མངོན་པར་མཚོན་ཡོད།   
          ༦ ཨོ་ལེན་ཕེ་ཁིའི་དཔལ་འབར། 
          ༡༩༣༤ལོར་རྒྱལ་སྤྱིའི་ཨོ་ལེན་ཕེ་ཁིས་ཨ་ཐེན་སིར་བསྡུས་པའི་གྲོས་ཚོགས་སྟེང་ཨོ་ལེན་ཕེ་ཁིའི་སྲོལ་རྒྱུན་རྒྱུན་འཛིན་བྱེད་པའི་གྲོས་ཆོད་བྱུང་སྟེ། ཨོ་ལེན་ཕེ་ཁིའི་ལུས་རྩལ་འགྲན་ཚོགས་སྤེལ་བའི་ཡུན་ལ་ཚོགས་རར་ཨོ་ལེན་ཕེ་ཁིའི་དཔལ་འབར་སྒྲོན་པའི་སྲོལ་བཙུགས། དཔལ་འབར་དེ་ཡང་ཨ་ཐེན་སིའི་ཨོ་ལེན་ཕེ་ཡ་ནས་ཐོག་མར་སྦར་ཏེ། དཔལ་འབར་བརྒྱུད་སྤྲོད་ཀྱི་རྣམ་པས་གཙོ་སྒྲུབ་རྒྱལ་ཁབ་ལ་བསྐྱལ་བཞིན་ཡོད། ༡༩༣༦ལོའི་ཟླ༧པའི་ཚེས༢༠ཉིན་གྱི་སྐབས་བཅུ་གཅིག་པའི་ཨོ་ལེན་ཕེ་ཁིའི་ལུས་རྩལ་འགྲན་ཚོགས་སུ། ཨོ་ལེན་ཕེ་ཡར་དཔལ་འབར་སྒྲོན་པའི་མཛད་སྒོ་བརྩམས་པ་ནས་སྤྱི་ལེ་རེའི་མཚམས་སུ་དཔལ་འབར་བརྒྱུད་སྤྲོད་བཡེད་པའི་ཚུལ་གྱིས་པའོ་ཅྰ་རི་ཡ(Bulgaria)བརྒྱུད་ནས་ནན་སི་ལ་ཧྥུ(Yugoslavia)དང་ཞོང་ཡ་རི།(Hungaria) ཨོ་སུ་ཁྲི་རི་ཡ།(Austria) ཅའེ་ཁེ།(Czech)སོགས་བརྒྱུད་ནས་ཟླ༨པའི་ཚེས༡ཉིན་པའོ་ལེན(Beerlin)ལ་ཐོན།  བརྒྱུད་ལམ་ལ་སྤྱི་ལེ༣༠༧༥དང་མི་༣༠༧༥ཞུགས་པའི་མཛད་སྒོ་རྒྱ་ཆེན་པོ་ཞིག་ཏུ་ཆགས། སྐབས་དེ་ནས་བཟུང་སྟེ་རྒྱལ་སྤྱིའི་ཨོ་ལེན་ཕེ་ཁི་ཨུ་ཡོན་ལྷན་ཁང་ནས་ཨོ་ལེན་ཕེ་ཁའི་དཔལ་འབར་སྒྲོན་པ་ནི་མེད་དུ་མི་རུང་བའི་ཆོ་ཀ་ཞིག་ཏུ་བརྩི་བཞིན་ཡོད་ཅིང་། ཨོ་ལེན་ཕེ་ཁའི་དཔལ་འབར་དེས་འཛམ་གླིང་འཁྲུག་ཆེན་དང་པོའི་སྐབས་སུ་གཤེགས་པའི་དཔའ་བོ་རྣམས་ལ་རྗེས་དྲན་ཞུ་བའི་རྣམ་པ་མཚོན་ལ། དེ་སྒྲོན་ནས་འཛམ་གླིང་གི་ཡུལ་གྲུ་སོ་སོར་བརྒྱུད་པས་ཡུལ་གྲུ་ཁག་ལ་ཞི་བདེ་མཛའ་མཐུན་གྱི་ཕྱྭ་གཡང་བསྐྱལ་བ་མཚོན་ནོ།། 
          ༧ ཨོ་ལེན་ཕེ་ཁུའི་སྙིང་སྟོབས།  
          ཨོ་ལེན་ཕེ་ཁུའི་སྙིང་སྟོབས་གླེང་བར་མང་ཆེ་བས“མཐུན་སྒྲིལ་དང་ཞི་བདེ། མཛའ་མཐུན། ”ཡིན་པ་གསལ་ལེར་མཁྱེན་སྲིད། ༡༨༩༢ལོའི་ཟླ༡༡པའི་ཚེས༢༥ཉིན་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་ཨོ་ལེན་ཕེ་ཁུའི་ལུས་རྩལ་འགྲན་ཚོགས་ཤིག་སྤེལ་བའི་གྲོས་གཞི་བཏོན་ཏེ། “མཐུན་སྒྲིལ་དང་ཞི་བདེ། མཛའ་མཐུན་གྱི་རྩ་དོན་གཞིར་བཟུང་ནས་རྒྱལ་ཁབ་དང་ས་ཁུལ། མི་རིགས་དང་ཆོས་ལུགས་ཀྱི་བཀག་རྒྱ་ཅི་ཡང་མེད་པར་ཞུགས་ཆོག”པའི་འདྲ་མཉམ་གྱི་རྩ་དོན་གཏན་དུ་འཁེལ་བ་ནས་མི་སུ་ཡིན་ཀྱང་ལ་དབུལ་ཕྱུག་དང་དད་མོས། རིགས་རུས་དང་ཆོ་འབྲང་། མི་རིགས་དང་འཚོ་གནས་ཀྱི་བཀག་རྒྱ་ཅི་ཡང་མེད་པར་འདྲ་མཉམ་གྱིས་ཞུགས་པ་དང་འདྲ་མཉམ་གྱི་འགྲན་རྩོད་བརྒྱུད་ནས་རང་ཉིད་ཀྱི་ནུས་པ་དམར་རྗེན་དུ་མངོན་པའི་གོ་སྐབས་འདྲ་མཉམ་དུ་གནང་ཡོད།
          ༨ ཨོ་ལེན་ཕེ་ཁུའི་ཁ་གཡང་། 
 ཨོ་ལེན་ཕེ་ཁུའི་ཁ་གཡང་ནི“དེ་ལས་མགྱོགས་པ། དེ་ལས་མཐོ་བ། དེ་ལས་ལྷག་པ།” (Citius,Altius,Fortius)འདིས་མི་རྣམས་ལ་བྱ་བ་ཆེ་ཆུང་གང་ཞིག་ཡིན་ཀྱང་མིག་སྔའི་གྲུབ་འབྲས་ལ་ཡིད་མི་ཚིམས་པར་མུ་མཐུད་དུ་འབད་བརྩོན་གནང་དགོས་པའི་བསླབ་བྱ་གལ་ཆེན་ཞིག་གནང་མུས་སུ་ཡོད་པས་ཨོ་ལེན་ཕེ་ཁུའི་ལེགས་བཤད་དུ་འབོད་པའང་ཡོད། ཁ་གཡང་འདི་༡༩༡༣ལོར་རྒྱལ་སྤྱིའི་ཨོ་ལེན་ཕེ་ཁུའི་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་ཐོབ་པ་བརྒྱུད་ནས་ལག་བསྟར་བྱས་པ་རེད།