ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > དུས་ཆེན།

སྤོ་བོའི་ལོ་གསར།

སྤེལ་དུས 2017-08-24 ཡོང་ཁུངས། ༼སྤོ་ཡུལ་གྱི་དམངས་སྲོལ་རིག་གནས༽་ལས་བཏུས། རྩོམ་པ་པོ། ཁོན་ཐར་འཚོས་བཤུས།
         སྤོ་བོ་ཁུལ་ལ་ལོ་གཅིག་ནང་ལོ་གསར་རྒྱས་བསྡུས་ཐེངས་གསུམ་གཏོང་སྲོལ་ཡོད་པ་དང་། དེ་ཡང་རྒྱལ་པོ་ལོ་གསར་དང་། མི་ནག་ལོ་གསར﹙སོ་ནམ་ལོ་གསར་ཡང་ཟེར﹚། བྱིས་པའི་ལོ་གསར་བཅས་རེད། 
         བྱིས་པའི་ལོ་གསར་ནི་བོད་ཟླ་བཅུ་གཅིག་པའི་ཚེས་གཅིག་ལ་གཏོང་བ་ཡིན།  གཙོ་བོ་ལོ་ཆུང་བྱིས་པ་རྣམས་ཀྱི་ལོ་གསར་ཡིན་པས། དེའི་སྐབས་སུ་ལོ་ན་བཅུ་གསུམ་བཅུ་བཞི་མན་གྱི་ལོ་ཆུང་བྱིས་པ་རྣམས་ལ་གྱོན་ཆས་གསར་བ་གཡོགས་པ་དང་། ཟས་སྣ་གང་དྲག་གྲ་སྒྲིག་བྱས་ནས་བྱིས་པའི་ལོ་གསར་ལ་རྟེན་འབྲེལ་བྱེད་ཀྱི་ཡོད། ལོ་གསར་དེ་ཉིན་གཅིག་གནས་ཉིན་གཉིས་པར་དུ་གཏོང་སྲོལ་ཡོད་པ་དང་། ཚེས་གཅིག་ཉིན་གྱི་ཞོགས་པར་བྱིས་པ་རྣམས་གཟབ་མཆོར་གྱིས་བརྒྱན་ཏེ་གཉེན་ཉེ་དང་ཁྱིམ་མཚེས་ཀྱི་སར་ཞལ་མཇལ་ཞུ་བར་འགྲོ་སྲོལ་ཡོད།  གཉེན་ཉེ་ཁྱིམ་མཚེས་དག་གིས་ཀྱང་ཟས་སྣ་གང་ལེགས་གྲས་ཤིག་གིས་སྣེ་ལེན་ཞུ་བའམ། ཡང་ན་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་དངོས་པོ་ཙག་ཙིག་ཅིག་སྤྲོད་སྲོལ་ཡོད།  ཚེས་གཉིས་ཉིན་བྱིས་པ་རྣམས་ནམ་རྒྱུན་རང་ཉིད་དང་འབྲེལ་འདྲིས་ཆེ་བའི་གྲོགས་པོ་ཆུང་ཆུང་དང་། ཁྱིམ་མཚེས་གཉེན་ཉེའི་ཕྲུ་གུ་རྣམས་དང་འདུ་འཛོམས་བྱས་ཏེ་ཤ་མོག་བཟོ་བའམ་ཡང་ན་བཟའ་ཆས་གཞན་དག་བཟོས་ནས་དགའ་སྤྲོའི་ངང་སྡོད་གྱིན་ཡོད།  གལ་ཏེ་འདུ་འཛོམས་བྱས་པའི་ཕྲུ་གུའི་ནང་ལོ་ན་ཅུང་ཆེ་ཙམ་ཞིག་ཡོད་ཚེ་དེས་འགན་འཁུར་གྱི་ཡོད།  ལོ་གསར་ཉིན་གཉིས་པོའི་རིང་ལ་ཕ་མ་དང་རྒན་རབས་ཚོས་ཕྲུ་གུ་ཚོའི་འདོད་བློ་གཙོར་བྱེད་པ་ལས་བཙན་ཤེད་ཀྱིས་འདི་བྱེད་དེ་བྱེད་ཅེས་དང་། ཁ་རྡུང་གཏོང་བ་སོགས་ཕྲུ་གུའི་བསམ་བློར་ཕོག་ཐུག་གཏོང་བའི་བྱ་བ་མཐག་དག་སྤོང་སྲོལ་ཡོད། 
         མི་ནག་ལོ་གསར། དེ་ནི་བོད་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ལ་གཏོང་གི་ཡོད།  སྤོ་བོའི་ཁུལ་གྱི་སོ་ནམ་པའི་ལོ་གསར་ཡིན་ལ། མིང་ལ་ལོ་ཆུང་ལོ་གསར་ཞེས་ཟེར་ཡང་དོན་དངོས་ཐོག་ལོ་གསར་རྒྱས་ཤོས་དེ་ཡིན། དེའི་སྐབས་ལོ་གསར་རྒྱས་གཏོང་བྱེད་དགོས་དོན་ནི་སྤོ་བོའི་ཁུལ་ནི་བོད་ལྗོངས་ས་མཐོར་དཔྱིད་ཀ་ཤར་སྔ་བའི་ས་ཆ་ཞིག་ཡིན་པས་ན། བོད་ཟླ་དང་པོར་སོ་ནམ་གྱི་ལས་བྱེད་འགོ་ཚུགས་རན་པའི་སྟབས་ཀྱིས་ཡིན་པ་འདྲ།  དེ་ཡང་བོད་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཡས་མས་ནས་ལོ་གསར་གྱི་གྲ་སྒྲིག་བྱེད་ཀྱི་ཡོད་པ་དང་། ལྷག་པར་་དུ་བོད་ཚེས་ཉེར་དགུ་ནས་ནང་མི་ཡོངས་རྫོགས་ཀྱིས་ལོ་གསར་གྱི་གྲ་སྒྲིག་ལས་ཀ་ཁོ་ན་བྱེད་ཀྱི་ཡོད་པ་སྟེ།  ཚེས་ཉེར་དགུ་ཉིན་གྱི་སྔ་དྲོར། ཁྱིམ་ཚང་ནང་གི་འཛིན་ཆས་དང་ཅ་ལག་ཛ་ཛོར་ཡོད་ཚད་ཕྱིར་དབོར་ནས་ཁང་པའི་ནང་གི་གད་སྙིགས་དང་དུ་སྒོའི་དུ་དྲེག་རྣམས་གཅིག་ཀྱང་མ་ལུས་པར་གཙང་དག་བཟོས་ཏེ་དེ་རྣམས་ཁང་འོག་གི་རྒྱ་ལམ་དུ་ཁག་དགུར་དགོས་ནས་བཤོ་བ་དང་། དེར་དགུ་ལུད་བཤོ་བ་ཞེས་ཟེར། དེ་ནས་འཛིན་ས་དང་ཅ་ལག་རྣམས་སླར་ཁང་ནང་སྤོས་ཏེ་གྲལ་སྟར་འགྲིག་པོར་བསྒྲིགས་ཐོག་ཕྱི་དྲོར་ཁྱིམ་མི་ཡོངས་ཀྱིས་སྐྲ་འཁྲུ་གི་ཡོད།  ངག་རྒྱུན་དུ་སྐྱིད་མཚམས་﹙ཡུལ་སྐད་དེ་གནམ་གང་ལ﹚སྐྲ་མི་འཁྲུ། སྡུག་ལོ་སྐྲ་མ་བཞག་ཅེས་ཟེར་སྲོལ་ཡོད་ལ། ཚེས་ཉེར་དགུ་ཉིན་ཁྱིམ་དུད་སོ་སོའི་གནས་ཚུལ་ཇི་ལྟར་ཡིན་རུང་སྐྲ་མི་འཁྲུ་བར་སྡོད་སྲོལ་མེད། དེ་ཉིན་དགོང་མོར་དགུ་ཐུག་སྐོལ་ནས་འཐུང་སྲོལ་ཡོད་པ་ནི་བོད་རིགས་ས་ཁུལ་ཕལ་ཆེ་བ་དང་གཅིག་མཚུངས་ཡིན། བོད་ཟླ་བཅུ་གཅིག་པའི་ཚེས༣༠ཉིན་ནང་མི་ལོ་ཆུང་བ་ཕལ་ཆེར་མེ་ཤིང་སྒྲུག་པར་འགྲོ་དགོས་པ་དང་། དེ་ལ་མཚམས་ཤིང་འཐུ་བ་ཟེར།  དེའི་ཞོར་དུ་ངེས་པར་དུ་བསང་ཤུག་མང་ཙམ་འཐུ་དགོས། ཉིན་དེའི་མཚན་མོའི་ཆུ་ཚོད་བཅུ་གཉིས་ཡོལ་ཙམ་ནས་ནང་མི་ཡོངས་ཀྱིས་ལག་པ་བསྒུལ་ཏ་འགའ་ཤས་ཀྱིས་ཁ་ཟས་བཟོ་བ་དང་།  འགའ་ཤས་ཀྱིས་ཕྱེ་ཕུད་སོགས་བཤམས་པ། འགའ་ཤས་ཀྱི་དཀར་ཐིག་འཐེན་པ་སོགས་བྱེད་དགོས་པ་དང་། དཀར་ཐིག་འཐེན་མཁན་གྱིས་གྲོ་ཞིབ་ཀྱིས་ཁང་པའི་ལོགས་བཞི་ལ་བཀྲ་ཤིས་རྟགས་བརྒྱད་དང་། འདོན་ཡོན་ལྔ་སོགས་ཀྱི་རི་མོ་དང་དེ་མིན་གང་སར་རྒྱ་ནག་ལྕགས་རི་དང་སྤྱི་བཏང་གི་དཀར་ཐིག་བཅས་འཐེན་སྲོལ་ཡོད། ཕྱེ་ཕུད་སོགས་བཤམས་རྒྱུའི་ཐད།  སྔོན་ལ་འབྲུ་འཇལ་བྱེད་བྲེ་གཉིས་ཀྱིས་ནང་གྲོ་དང་ནས་སོ་སོར་བླུགས་པ་དང་། དེའི་ནང་གྲོའི་སོག་མ་དང་ནས་ཀྱི་སོག་མ་རིང་ཐུང་སྙོམས་ལ་གྲལ་སྟར་འགྲིག་པོར་བཙུགས་ནས་ཁྱིམ་ཚང་གི་བཀྱག་མཐོ་ས་ཞིག་ལ་འཇོག་གི་ཡོད་པ་དང་། དེ་ནི་ལོ་གསར་པར་ལོ་ལེགས་ཡོང་བའི་རྟེན་འབྲེལ་མཚོན་བྱེད་ཡིན། དེ་ནས་ཕྱེ་ཕུད་དང་། ཇ་ཕུད། ཆང་ཕུད། འོ་ཕུད། ཤིང་ཏོག  ཤ་ཕུད་ལ་ཕག་མགོ་གཅིག་བཅས་སྡེར་མ་སོ་སོར་བླུགས་ནས་སྒྲིག་དགོས་པ་དང་། དེ་ནི་ལོ་གསར་པའི་ལོ་བདག་གམ་ལོ་ལྷ་ལ་ཕུལ་བའི་ཚུལ་ཡིན། ཤ་ཕུད་ལ་ཕག་མགོ་བཤམས་དོན་ནི་བོད་རིགས་ས་ཁུལ་གཞན་དང་ཁྱད་ཆོས་ཐུན་མིན་ཞིག་ཡིན་སྟེ།  དེ་ནི་ཤོད་སྲོལ་ལ། སྔར་སྤོ་བོའི་ཡུལ་དུ་གདོན་འདྲེ་ཕག་པའི་མགོ་བོ་བྱས་པ་ཞིག་གིས་མི་ཕྱུགས་ལ་གནོད་པ་ཆེན་པོ་སྐྱེལ་གྱི་ཡོད་ཅེས་བཤད་སྲོལ་ཡོད་པས་དེ་ནི་གདོན་འདྲེ་དེའི་ཁ་གནོན་དུ་འཇོག་པ་ཡིན་ཚོད་འདུག  གོང་གསལ་གྱི་ལས་ཀ་དེ་རྣམས་ལེགས་པར་སྒྲུབ་རྗེས་གཞི་ནས་གཉིད་ཆུ་ཚོད་ཁ་ཤས་ཤིག་ཉལ་གྱི་ཡོད་པ་དང་། དེ་ནས་ཕྱི་ཉིན་ནམ་སྐྱ་མདའ་གཏོང་བར་བསྒུགས་ནས་སྡོད་དགོས་པ་དང་། ནམ་སྐྱ་མདའ་བཏང་མ་ཐག་ཁྱིམ་ནང་གི་གཞོན་སྐྱེས་ཞིག་གིས་ལོ་གསར་པའི་ཆུ་ཕུད་ལེན་པར་འགྲོ་དགོས་པ་དང་། ལོ་གསར་གྱི་ཆུ་ཕུད་ལེན་རྒྱུ་དེ་ནི་ལོ་གསར་ཚེས་གཅིག་ཉིན་མོའི་ལས་ཀ་ཆེ་ཤོས་ཤིག་ལ་བརྩི་གི་ཡོད་ལ། ལས་ཀའི་གོ་རིམ་ཨང་དང་པོའང་དེ་ཡིན། དུད་ཚང་གང་ཞིག་གིས་ཆུ་ཕུད་སྔོན་ལ་ལེན་ཐུབ་པ་ཡིན་ན་དུད་ཚང་དེའི་མི་རྣམས་ལོ་གསར་བའི་ནང་ནད་ཉུང་ཞིང་ལམ་འགྲོ་ཆེ་བ་ཡོང་བར་བརྩི་གི་ཡོད་པ་དང་། ཆུ་ཕུད་སུས་སྔོན་ལ་ལེན་ཐུབ་པ་བྱུང་ན་དེའི་བརྡ་ལ་མེ་མདའ་རྒྱག་སྲོལ་ཡོད། དེ་རྗེས་ནམ་ལངས་མ་ཐག་དུད་ཚང་སོ་སོས་བསང་གཏོང་རྒྱུར་སུ་སྔ་བྱེད་དགོས་པ་དང་། དེ་ཡང་ནང་མི་རྒན་པ་ཞིག་གིས་བསངས་གཏོང་དགོས་པ་དང་། སྐྱབས་འགྲོ་དང་སྨོན་ལམ་བསམ་གྱིས་མི་ཁྱབ་པ་རྒྱག་དགོས། དེ་ནི་ལོ་གསར་ཚེས་གཅིག་ཉིན་མོའི་ལས་ཀའི་གོ་རིམ་གཉིས་པ་དེ་ཡིན། དེ་རྗེས་ཞོགས་ལྟོ་ཟ་བ་ཡིན་ཞིང་། ཞོགས་ལྟོར་ངེས་པར་དུ་ཕག་མགོ་ཟ་དགོས། དེ་ཡང་ནང་མི་རྒན་གཞོན་དང་བརྩི་ཐང་ཆེ་ཆུང་ལ་གཞིགས་ཏེ་དང་པོར་རྣ་བ་འབྱར་བ་དང་། དེ་ནས་མིག་རིལ་འབྱར་བ་སོགས་རིམ་པ་སྤྲད་སྲོལ་ཡོད་འདུག  དེ་ནི་ལོ་གསར་ཉིན་མོའི་ལས་ཀའི་གོ་རིམ་ཨང་གསུམ་པ་དེ་ཡིན་འདུག  དེ་ནི་ལོ་གསར་ཉིན་མོའི་ལས་ཀའི་གོ་རིམ་ཨང་གསུམ་པ་དེ་ཡིན་འདུག  དེ་རྗེས་གཞི་ནས་ཆང་རག་དང་། ཞལ་ཏོག་སོགས་ལ་རོལ་བ་མ་ཟད། ཁྱིམ་ཚང་གི་འབྱོར་བ་ལ་གཞིགས་ཏེ་གྲོ་མ་འབྲས་སིལ་དང་། ཤ་མོག་ཡོད། ལོ་གསར་ཚེས་གཅིག་ཉིན་མོར་ཁྱིམ་ཚང་སོ་སོའི་ནང་མི་ཡོངས་རྫོགས་ཅིས་ཀྱང་རུབ་འཛོམས་ཡོང་བ་བྱེད་དགོས་པ་དང་། ཉིན་དེར་ཕན་ཚུན་ཚིག་རྩུབ་དང་། དམོད་མོ་སོགས་མི་དགའ་བའི་རིགས་རྣམས་སྤང་དགོས་པ་མ་ཟད། ཁང་པར་ཆུ་གཤོ་བ་དང་། ཕྱགས་མ་རྒྱག་པ། ཕྲུ་གུ་ངུ་བ། དུད་ཚང་ཕན་ཚུན་འགྲོ་འོང་བཅས་མི་ཡོང་སྔོན་འགོག་བྱེད་སྲོལ་ཡོད།
         ལོ་གསར་ཚེས་གཉིས་ཉིན་ནས་བཟུང་གཉེན་ཉེ་དང་། ཁྱིམ་མཚེས་བཅས་ཀྱི་བར་འགྲོ་འོང་བྱེད་ཅིང་། སྤྱིར་ན་དེ་ཉིན་གཉེན་ཉེ་དང་ཁྱིམ་མཚེས་སོགས་ཕན་ཚུན་མགྲོན་འབོད་རེས་བྱ་རྒྱུའི་བརྡ་སྐྱེལ་གྱི་ཡོད། ཚེས་གསུམ་ཉིན་ནས་བུང་གཉེན་ཉེ་དང་ཁྱིམ་མཚེས་གྲོགས་པོ་བཅས་ཀྱི་བར་མགྲོན་པོ་འབོད་རེས་བྱེད་རྒྱུ་དངོས་སུ་འགོ་ཚུགས་པ་ཡིན། དེ་ཡང་མགྲོན་བརྡ་སྤྲད་སྔ་ཕྱིའི་གོ་རིམ་དང་། ནམ་རྒྱུན་འབྲེལ་བ་དམ་ལྷོད་ལྟར་འགྲོ་འོང་བྱེད་པ་ཡིན། མགྲོན་པོར་འབོད་ཕྱིན་ངེས་པར་དུ་དེ་ལ་མགྲོན་ལན་འབོད་དགོས་པ་དང་། མགྲོན་པོར་འབོད་སྐབས་ངེས་པར་དུ་ཆང་རག་ལོངས་སྤྱོད་རྒྱུ་ཡོད་དགོས་པ་མ་ཟད། ངེས་པར་དུ་བུད་མེད་རྣམས་ལ་ཆང་རག་ཚ་པོ་ནང་མར་བརྒྱབ་ནས་ཐེངས་གཅིག་ནས་གཉིས་དང་། དགོང་མོ་མགྲོན་པོ་རྣམས་ལོག་འགྲོ་སྐབས་མགྲོན་རྫོང་ཞེས་ཤ་དང་། མར། ཤ་མོག་མོག  བག་བཅོས་གྲོ་བསྲེག་སོགས་ཀྱིས་རྫོང་བ་བྱེད་དགོས།  དེ་ལྟར་གཉེན་ཉེ་རྒྱ་ཆེ་ཞིང་གང་སར་འབྲེལ་བ་ལེགས་པའི་དུད་ཚང་ཞིག་ཡིན་ཕྱིར་ལོ་གསར་ཚེས་བཅོ་ལྔ་ཡས་མས་སུའང་ཕན་ཚུན་མགྲོན་འབོད་བྱེད་མཚམས་ཆོད་ཐུབ་ཀྱི་མེད། 
         རྒྱལ་བོའི་ལོ་གསར། དེ་ནི་བོད་ཡོངས་ཀྱི་ལོ་གསར་ཡིན་པས་དེ་ལ་སྤོ་པོའི་ཁུལ་དུ་ལོ་ཆེན་ཡང་ཟེར། ལོ་གསར་ལ་རྟེན་འབྲེལ་བྱེད་ཚུལ་ནི་གོང་གསལ་མི་ནག་ལོ་གསར་དང་མཚུངས་ལ། སྤོ་བོའི་ཁུལ་གྱི་ཡུལ་ཁག་གཅིག་གིས་ལོ་གསར་འདི་མ་གཏོགས་མི་ནག་ལོ་གསར་གཏོང་སྲོལ་མེད། འོན་ཀྱང་ལོ་གསར་དེའི་དུས་སྐབས་སུ་སོ་ནམ་པ་རྣམས་དཔྱིད་རྨོད་ལས་ཀ་འགོ་ཚུགས་གྲབས་ཡོད་སྟབས། ངལ་གསོ་རྒྱུན་རིང་པོར་དེ་ཙམ་སྡོད་རྒྱུ་ཡོང་གི་མེད་པ་རེད།