ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > དུས་ཆེན།

དཔྱད་གཏམ་གར་གྱི་སྙིང་པོ།

སྤེལ་དུས 2018-03-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། དགྲ་ལྷ་ཟླ་བ་བཟང་པོ།
          གར་ཞེས་པ་ནི་སྒྱུ་རྩལ་གྱི་རྣམ་གྲངས་ཤིག་སྟེ་ལུས་ཀྱི་སྟངས་སྟབས་གཙོ་བོར་བྱེད་པ་ཞིག་ཡིན་ན་བཟོ་རིག་པའི་ནང་ཚན་ལུས་བཟོའི་ཁོངས་སུ་བཞག་ཆོག དེ་ཡང་སྟངས་སྟབས་ཀྱི་རྣམ་འགྱུར་ནི་སློབ་དཔོན་ཙནྡྲ་གོ་མིའི་གསུང་ལས།
                                                                               ལུས་ཀྱི་སྟོད་ལ་སེང་ཆགས་དང་། །        
                                                                               རྐེད་པ་ལ་ནི་འཁྲིལ་ཆགས་དང་། །
                                                                               ཚིགས་བཞི་ལ་ནི་འཕྲུལ་ཆགས་དང་། །        
                                                                               བཞག་ཤ་ལ་ནི་ལྷོད་ཆགས་དང་། །        
                                                                               ཤ་འགྱུར་ལ་ནི་མེར་ཆགས་དང་། །        
                                                                               རྣམ་འགྱུར་ལ་ནི་འགྱིང་ཆགས་དང་། །        
                                                                               སྤྱོད་པ་ལ་ནི་དལ་ཆགས་དང་། །        
                                                                               སྒྱིད་པ་ལ་ནི་ལྡེམ་ཆགས་དང་། །        
                                                                               རྐང་མགོ་ལ་ནི་བདེ་ཆགས་དང་། །        
                                                                               ཀུན་དུ་དཔའ་ཞིང་བརྗིད་ཆགས་པའོ །  
          ཞེས་བྱུང་བ་ལྟར། གར་འཁྲབ་པ་པོ་ཞིག་ཡིན་ཕྱིན་ཐོག་མར་ལུས་ཀྱི་ཡན་ལག་དང་ཉིང་ལག་གི་སྟངས་སྟབས་རྣམ་འགྱུར་ལ་བྱང་ཆུབ་པ་ཞིག་དགོས་ཤིང་། དམངས་ཁྲོད་དུ་ཡང་སྟོད་གཞས་ལྟ་བུར་མཚོན་ན་སྟངས་སྟབས་ཀྱི་རྣམ་འགྱུར་བྱང་ཆུབ་མིན་གྱི་ཚད་གཞི་ནི་འཁྲབ་པ་པོའི་མགོ་སྟེང་དུ་བཞག་པའི་ཆང་རྐྱན་ནམ་ཆང་ཕོར་གང་རུང་ནང་གི་ཆང་ཐིགས་གཅིག་ཀྱང་མ་བོ་བར་འཁྲབ་ཐུབ་མིན་ལ་འཇོག་པ་དང་། གཞན་རས་པ་འཁྲབ་སྐབས་རྐང་རྩེ་ཐོད་གཏུགས་དང་། ལྷ་མོ་འཁྲབ་སྐབས་འཕག་ཆེན་ལ་སོགས་པ་ནི་སྟངས་སྟབས་ཀྱི་རྣམ་འགྱུར་ལ་བྱང་ཆུབ་པའི་སྐྱེ་བོ་ཞིག་གིས་མ་གཏོགས་ཡོང་ཐབས་མེད། གོང་གསལ་སྟངས་སྟབས་ཀྱི་རྣམ་འགྱུར་ལ་བྱང་ཆུབ་པའི་གར་འཆམ་པ་ཞིག་ལ་ཆ་མཚོན་ན།ཞི་བའི་གར་ཞིག་འཆམ་པ་ན་ཞི་བའི་ཉམས་དང་ལྡན་ཞིང་རྐང་ལག་གི་སྟངས་སྟབས་དལ་ལ་ལྷོད་པ་ཞིག་དགོས་པ་དང་། རྒྱུས་པའི་གར་ཞིག་འཆམ་སྐབས་སྒེག་ཅིང་དཔའ་བའི་ཉམས་དང་ལྡན་ཞིང་རྐང་ལག་གི་སྟངས་སྟབས་གསལ་ལ་འཁྲོལ་བ་ཞིག་དགོས་པ་དང་། དབང་གི་གར་ཞིག་འཆམ་སྐབས་ཆགས་ཤིང་མཛེས་པའི་ཉམས་དང་ལྡན་ཞིང་རྐང་ལག་གི་སྟངས་སྟབས་བརྗིད་ཅིང་ཡིད་དུ་འོང་བ་ཞིག་དགོས་པ་དང་།དྲག་པོའི་གར་ཞིག་འཆམ་སྐབས་རྩུབ་ཅིང་ཁྲོ་བའི་ཉམས་དང་ལྡན་ཞིང་རྐང་ལག་གི་སྟངས་སྟབས་དྲག་ལ་མྱུར་བ་ཞིག་དགོས་པ་བཅས་སོ། །དེ་ལྟར་ཞི་རྒྱས་དབང་དྲག་གི་གར་ཅི་འདྲ་ཞིག་འཆམ་པ་ཡིན་རུང་། སྐབས་ཐོབ་རིམ་པའི་རྒྱན་གོས་འཛོམས་ཤིང་། རྔ་སྦུག་སོགས་རོལ་མོའི་བྱེ་བྲག་གི་སརྒ་མ་འཆོལ་བར། གང་དང་ཅི་ཡང་གར་གྱི་ཉམས་དང་རོ་གཅིག་ཏུ་མཐུན་པར་བྱེད་དགོས་པ་ཡིན།   
          དེ་ཡང་སྐྱོན་སེལ་གྱི་སྐོར་ལ་སློབ་དཔོན་ཙནྡྲ་གོ་མིས།        
                                                                               འཇིགས་ཤིང་རྔམས་པའི་གར་རྣམས་ལ། །        
                                                                               ཧ་ཅང་གསོར་ན་སྐྱོན་ཡིན་ནོ །        
                                                                               འགྱིང་ཞིང་སྙེམས་པའི་གར་རྣམས་ལ།།        
                                                                               ཧ་ཅང་བཅོས་ཆུང་སྐྱོན་ཡིན་ནོ །       
                                                                               འཁྱུག་ཅིང་བདེ་བའི་གར་རྣམས་ལ། །      
                                                                               ཧ་ཅང་ཏབ་ཏོབ་སྐྱོན་ཡིན་ནོ། །       
                                                                               དལ་ཞིང་ལྷོད་པའི་གར་རྣམས་ལ། །       
                                                                               ཧ་ཅང་སྒྱིད་ལུག་སྐྱོན་ཡིན་ནོ། །       
                                                                               སྒེག་ཅིང་ཆགས་པའི་གར་རྣམས་ལ། །        
                                                                               ཧ་ཅང་སྐྱུར་ན་སྐྱོན་ཡིན་ནོ།  །
          ཞེས་གསུངས་པ་ལྟར་སྟངས་སྟབས་ཀྱི་དགེ་སྐྱོན་ཐད་དུ་བ་དང་ཁུག་རྣ་བཞིན་ནོར་ཉེན་ཆེ་བའི་རིགས་ཀྱི་རྣམ་དབྱེའབྱེད་པ་ལ་མཁས་པར་སློབ་དགོས་པ་ནི་གར་འཁྲབ་པ་པོ་རྣམས་ཀྱི་ཐུགས་སུ་འཇགས་དགོས་པའི་གནད་དམ་པའོ། །        
དང་པོ། གར་ཞེས་པའི་ཐ་སྙད་ལ་དཔྱད་པ།
          སྤྱིར་གར་ཞེས་པ་ནི་ལུས་དང་རྐང་ལག་རོལ་སྒེག་གི་རྣམ་འགྱུར་ལ་འཇུག་པའི་ཐ་སྙད་ཅིག་གོ། །དེ་ཡང་སྤྱིར་བཏང་གི་རྐང་གཡུག་ལག་གཡུག་ཙམ་ལ་ཟེར་བ་མ་ཡིན་པར་སྟངས་སྟབས་ཀྱི་གོ་རིམ་དང་ཉམས་ངེས་ཅན་ཞིག་གི་ཐོག་ནས་ནང་ཡིད་ཀྱི་འགྱུར་བ་གང་རུང་ཞིག་མཚོན་པར་བྱེད་པ་ཞིག་ཡིན་དགོས། སྤྱིར་གར་ཞེས་པ་ནི་སྟངས་སྟབས་ཀྱི་ཉམས་དང་། འགྲོས་སྟབས། རྣམ་འགྱུར་བཅས་ལས་གྲུབ་ཅིང་། དེ་ལས་ཀྱང་གཙོ་གནད་ནི་སྟངས་སྟབས་དེ་ཉིད་ཡིན་ཏེ། སྟངས་སྟབས་མེད་ན་གར་ཡང་མེད་དགོས་པའི་ཕྱིར་རོ། །སྟངས་སྟབས་དེ་ཡང་འགྲོ་བ་མིའི་རང་བཞིན་གྱི་འགུལ་སྐྱོད་རྣམ་འགྱུར་ལས་བྱུང་བ་དང་། ལ་ལ་ནི་བྱ་དང་རི་དྭགས་ལ་སོགས་པའི་སྲོག་ཆགས་ཀྱི་འགུལ་ཚུལ་ལ་ལད་ཟློས་བྱས་པ་ལས་གྲུབ་པ་ཞིག་ཡིན། དཔེར་ན་ཨ་ལྕེ་ལྷ་མོའི་གཞི་རྩའི་འཁྲབ་ཁྱེར་ལ་ཆ་མཚོན་ན་ཤོད་རྒྱུན་འདི་འདྲ་ཞིག་ཡོད་པ་སྟེ། ཕོ་འཁྲབ་མདའ་མོ་འཕེན་འཕེན་དང་། མོ་འཁྲབྱ་བལ་འཐག་འཁལ་འཁལ་ཟེར་བ་ལྟར་ལྷ་མོའི་གར་གྱི་སྟངས་སྟབས་མང་དག་ཅིག་ནི་ཐོན་སྐྱེད་ངལ་རྩོལ་ལ་དཔེ་བལྟས་པ་ལས་བྱུང་བ་ཡིན་པ་གདོན་མི་ཟ། འོན་ཀྱང་འཁྲབ་ཁྱེར་རམ་སྟངས་སྟབས་དེ་རྣམས་ཀྱི་འབྱུང་ཁུངས་ཅི་ཞིག་ཡིན་མིན་ལ་མ་བལྟོས་པར་དེ་ཐམས་ཅད་ཀྱང་སྒྱུ་རྩལ་གྱི་ལས་སྣོན་དང་གསར་བཅོས་བྱས་པ་བརྒྱུད་གར་སྟབས་སུ་གྱུར་པ་ཞིག་ཡིན། དེ་ཡང་སྡེབ་ལེགས་སྐྱོན་བྲལ་ངང་བསྒྲུབ་པར་བྱ་བ་ལ། རིང་ཡང་མགོ་ལུས་འཚམས་པ་ཞིག་དང་། ཐུང་ཡང་ཡན་ལག་ཚང་བ་ཞིག དེ་བཞིན་དུ་བརྗིད་ཀྱང་སྒེག་ཆགས་པ། འཁྱུག་ཀྱང་རུས་མ་ཤོར་བ། སྲོང་ཡང་སྐབས་སུ་གུག་པ། མགྱོགས་ཀྱང་གོ་རིམ་གསལ་བ།མཉམ་དུ་སྡེབ་ཀྱང་རྡོག་སྒྲ་གཅིག་ལྟ་བུར་གནས་པ་ཞིག་བྱུང་ན་གར་གྱི་སྟངས་སྟབས་ལ་བྱང་ཆུབ་པའི་རྟགས་ཡིན།  
          འོ་ན་གར་ཞེས་པ་དེར་རྣམ་གྲངས་ཅི་ཙམ་ཡོད་དམ་ཞེ་ན། མང་སྟེ་འཆམ་གྱི་རིགས་སུ་གྱུར་པའི་གར་དང་། ཨ་ཅེ་ལྷ་མོའི་རིགས་སུ་གྱུར་པའི་གར། མཆོད་སྤྲིན་གར་རོལ་གྱི་རིགས་སུ་གྱུར་པའི་གར། སྟོད་གཞས་ནང་མའི་རིགས་སུ་གྱུར་པའི་གར། རས་པའི་རིགས་སུ་གྱུར་པའི་གར། སྒོར་གཞས་ཀྱི་རིགས་སུ་གྱུར་པའི་གར། ཤོན་གྱི་རིགས་སུ་གྱུར་པའི་གར། སྒོར་བྲོའི་རིགས་སུ་གྱུར་པའི་གར། གཞན་ཡང་ཤེད་གྲོང་འབྲོང་རྩེད་ལ་སོགས་པ་ཤིན་ཏུ་མང་ཡང་ཀུན་གྱི་མཐོང་ཆོས་སུ་གྱུར་སྟབས་རྒྱས་པར་མི་སྤྲོའོ། །
གཉིས་པ། སྐབས་དོན་གར་གྱི་ཉམས་དགུ་བཤད་པ།
          སྒྱུ་རྩལ་དྲུག་ཅུ་རེ་བཞིའི་ཁོངས་སུ་གཏོགས་པའི་གར་གྱི་ཉམས་དགུའམ་ཆ་བད་དགུ་གང་ཞེ་ན། རིན་ཆེན་མཛོད་ལས།        
                                                                               སྒེག་པ་དཔའ་བ་མི་སྡུག་པ། །        
                                                                               དྲག་ཤུལ་དགོད་དང་འཇིགས་སུ་རུང་། །       
                                                                               སྙིང་རྗེ་རྔམས་དང་ཞི་བ་སྟེ། །        
                                                                               འདི་རྣམས་གར་གྱི་ཉམས་དགུའོ། །
          ཞེས་གསུངས་པ་ལྟར་ཉམས་ལ་དབྱེ་ན་སྒེག་པ་དང་། དཔའ་བ། མི་སྡུག་པ། དྲག་ཤུལ། དགོད་པའམ་བཞད་གད། འཇིགས་རུང་། སྙིང་རྗེ། རྔམ་པ། ཞི་བྱ་བཅས་དགུ་ཡོད་པས། དེ་དག་སོ་སོའི་མཚན་ཉིད་དང་། དབྱེ་བ། མཚན་གཞི་བཅས་འཆད་པར་བྱ་བ་ལ།  
          ༡.སྒེག་པའི་ཉམས་ནི། ཡུལ་ཡིད་དུ་འོང་བ་ཞིག་མཐོང་བའི་ཚེ། ནང་དུ་དགའ་བའི་འགྱུར་བ་འཕེལ་བ་ཕྱི་ལུས་ཀྱི་སྟངས་སྟབས་རྣམ་འགྱུར་སྟེང་ནས་མཚོན་པར་བྱེད་པ་ཞིག་ཡིན། དེ་ལ་ཡང་དབྱེ་ཚུལ་དུ་མ་ཡོད་དེ། རིག་གཏེར་ལས། སྒེག་པ་ལུས་ངག་ཆ་ལུགས་དང་། །ཡུལ་སོགས་མཛེས་པའི་ཁྱད་པར་ཡིན། །ཞེས་གསུངས་པ་ལྟར། ནང་གི་སྒེག་པ་ལུས་དང་ངག་གི་རྣམ་འགྱུར་མཛེས་པའི་ཁྱད་པར་ཅན་དང་། ཕྱིའི་སྒེག་པ་ཡུལ་ལ་སོགས་པ་ལས་བྱུང་བ་སྟེ་གྲོང་དང་སྐྱེད་མོས་ཚལ་ལ་སོགས་པའོ། །གཞན་ཡང་ཆོས་དང་དོན་དང་འདོད་པའི་སྡེ་གསུམ་གྱི་དབྱེ་བས་སྒེག་པ་རྣམ་པ་གསུམ་དུ་དབྱེ་ཚུལ་བྱུང་ཡང་། སྐབས་འདིའི་སྒེག་ཉམས་ནི་ལུས་ཀྱི་སྟངས་སྟབས་མཛེས་པའི་ཁྱད་པར་ཅན་ལ་གོ་དགོས་པའོ། ། དེ་ཡང་དཔེ་དང་སྦྱར་ནས་བསྟན་པར་བྱ་བ་ལ། 《ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་》ལས། “ཡིད་འཕྲོག་མ་ནི་རྒྱལ་པོ་འདི་འདྲ་བའི་གཟི་བརྗིད་ལས་ལྷག་པ་ལྷ་ཡུལ་ན་ཡང་མེད་དོ་སྙམ། རྒྱལ་པོ་ལ་དགྱེས་པའི་འཛུམ་ཞལ་དང་བཅས་འདི་སྐད་དོ། །ཨེ་མ་གསོན་དང་མི་རྗེའི་མཆོག་གྱུར་ཁྱེད། །ལེགས་པར་བུ་མོ་བདག་ལ་ཚུར་གསོན་དང་། །རྒྱལ་མཆོག་ཁྱེད་ཀྱི་དཔལ་དང་གཟི་བརྗིད་ཀྱིས། །བཀྲག་མདངས་ཉི་ཟླའི་ཁེངས་པ་འཕྲོག་བྱེད་ཅིང་། །དཔལཞིང་རྟུལ་ཕོད་མཛད་བཟང་ལ་གཞིགས་ན། །ཚངས་པ་བརྒྱ་བྱིན་གཉིས་ཀྱང་ཞུམ་པར་བྱེད། །ཁམས་གསུམ་འདི་ན་འགྲན་ཟླ་བྲལ་བ་ཁྱེད། །བུ་མོའི་གྲོགས་སུ་ཡོང་བའི་བསོད་ནམས་དེ། །མགོན་སྐྱབས་དཀོན་མཆོག་གསུམ་གྱི་ཐུགས་རྗེའོ། །ཁྱོད་ཉིད་མཐོང་བ་ཙམ་གྱིས་དུག་གསུམ་གྱི། །སྡུག་བསྔལ་ཀུན་འཇོམས་མུན་སེལ་བདེ་བ་དང་། །ཡིད་ལ་འཆར་སྒོ་ཟབ་ཅིང་དབང་པོ་རྣོ། །ཟས་ལ་རོ་མཆོག་ལྡན་ཞིང་སྡུག་བསྔལ་བརྗེད། །དུས་རིང་མྱུར་འགྲོ་དགའ་བྱ་བསྐྱེད་པ་ཡིས། །འདི་འདྲ་ལྷ་ཡུལ་ལ་ཡང་ཆེར་དཀོན་གཤིས། །བུ་མོའི་སྲོག་བླུ་མཛད་པའི་དྲིན་ཆེན་པོ། །ནམ་ཡང་བདག་ཅག་ཐུགས་ནས་མ་འདོར་ཞིག།”ཅེས་སོགས་བྱུང་བ་ལྟར། སྐབས་འདིར་ཡུལ་ཡིད་དུ་འོང་བ་ཆོས་རྒྱལ་ནོར་བཟང་མཐོང་བའི་ཚེ། ཡུལ་ཅན་ཡིད་འཕྲོག་ལྷ་མོའི་ཡིད་ལ་དགའ་བའི་འགྱུར་བ་འཕེལ་བ་ཞིག་ཡིན་སྟབས། འདི་ལྟའི་ཡིད་ཀྱི་འགྱུར་བ་དག་ཟློས་གར་མཁན་པོས་སྟངས་སྟབས་ཀྱི་ལམ་ལས་མཚོན་པར་བྱེད་སྐབས་ལུས་མདངས་དང་ལྡན་ཞིང་འཛུམ་པ་དང་། སྤྱན་མིག་ཟིམ་ཟིམ་དུ་གཡོ་བ། རྐང་ལག་གི་སྟངས་སྟབས་གསལ་ལ་ཁྲོལ་བའི་ཉམས་དང་ལྡན་པ་བཅས་དགོས་སོ། །གཞན་ཡང་འདི་ལྟའི་ཉམས་སྐྱོན་བྲལ་ངང་བསྒྲུབ་པར་བྱ་བ་ལ་《མཁས་པ་འཇུག་པའི་སྒོ་》ལས། སྒེག་པའི་རྒྱན་ལ་སྙིང་རྗེ་དང་། །རྔམ་དང་ཞི་བ་འཇུག་པ་སྲིད། །ཅེས་གསུངས་པ་ལྟར། སྤྱིར་སྒེག་པའི་ཉམས་དང་སྙིང་རྗེ་ལ་སོགས་པ་གཞན་རྣམས་རྣམ་པ་ཅུང་ཟད་འགལ་བར་སྣང་ཡང་། དགོས་དབང་དང་འདྲེས་ཚེ་ཅུང་ཟད་སྦྱར་བ་ཡོན་ཏན་ལས་སྐྱོན་དུ་མི་འགྲོ་བའི་གནད་ཀྱང་ཤེས་དགོས་ཤིང་། སྒེག་པའི་ཉམས་ལ་དྲག་ཤུལ་དང་། མི་སྡུག་པའི་ཉམས་སྦྱར་དུ་མི་རུང་བ་ཡིན་ཏེ། སྒེག་ཉམས་ནི་ཡིད་དུ་འོང་ཞིང་། མི་སྡུག་པ་ནི་ཡིད་ལ་མི་འབབ་པ་དང་།དྲག་ཤུལ་ནི་སྐྲག་པ་སྐྱེད་བྱེད་ཡིན་པའི་ཕྱིར་རོ། །དེས་ན་མཐུན་ཕྱོགས་བླང་བྱ་དང་མི་མཐུན་ཕྱོགས་སྤང་བྱར་བསམས་ཏེ་བླང་དོར་འཇུག་ལྡོག་ལ་འབད་པར་བྱའོ །  
          ༢. དཔའ་བའི་ཉམས་ནི། བྱ་བྱ་བསྒྲུབ་དཀའ་བ་ཞིག་ལ་དམིགས་ནས་ནང་དུ་སྤྲོ་བའི་འགྱུར་བ་འཕེལ་བ་ཕྱི་ལུས་ཀྱི་སྟངས་སྟབས་རྣམ་འགྱུར་སྟེང་ནས་མཚོན་པར་བྱེད་པ་ཞིག་སྟེ། དེའི་རྣམ་པ་ནི་འཇིགས་པ་མེད་པའི་ཁྱད་པར་ཅན་ནོ། །སྤྱིར་དེའི་དབྱེ་བའི་རྣམ་གྲངས་ལའང་སྦྱིན་པ་དང་ཚུལ་ཁྲིམས་སོགས་ལ་འཇིགས་པ་མེད་པར་སྤྱོད་ནུས་པ་ཆོས་ཀྱི་དཔའ་བ་དང་། གཡུལ་ངོར་དགྲ་དང་། གཅན་གཟན། གནོད་སྦྱིན་ལ་སོགས་པར་འཇིགས་པ་མེད་པ་ནི་འཇིག་རྟེན་གྱི་དཔའ་བ་སྟེ་ཆོས་དང་འཇིག་རྟེན་གྱི་སྒོ་ནས་གཉིས་སུ་འདོད་པ་དང་། གཞན་ཡང་གཏན་པ་མེད་པའི་མཆོད་སྦྱིན་ལྟ་བུ་སྦྱིན་པ་ལ་དཔའ་བ་དང་།ཚུལ་ཁྲིམས་དང་དཀའ་ཐུབ་སོགས་ལ་འཇིགས་པ་མེད་པར་སྤྱོད་ནུས་པ་རྩོས་གྱི་དཔའ་བ་དང་། གཡུལ་ངོར་དགྲ་དང་། གཅན་གཟན་དང་། གནོད་སྦྱིན་ལ་སོགས་པར་འཇིགས་པ་མེད་པ་ནི་འཇིག་རྟེན་གྱི་དཔའ་བ་སྟེ། སྦྱིན་པ་ལ་དཔའ་བ་དང་།ཆོས་ལ་དཔའ་བ།གཡུལ་ལ་དཔའ་བའམ་འཇིག་རྟེན་གྱི་དཔའ་བྱ་བཅས་གསུམ་དུ་དབྱེ་ཚུལ་ཡང་བྱུང་། དེ་ཡང་དཔེར་ན་ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱིས་ནོར་དང་ཆུང་མ་སྤྱན་སོགས་གཞན་ལ་སྦྱིན་པ་ནི་སྦྱིན་པ་ལ་དཔའ་བ་དང་། ཁྱེའུ་པད་མ་འོད་འབར་གྱིས་དཀའ་ཐུབ་གྲངས་མེད་སྤྱད་དེ་ལྷོ་ནུབ་སྲིན་མོའི་ཡུལ་དུ་གསེར་གྱི་སླ་ང་མཆོང་གི་རྔ་སྡིང་བཅས་རང་གི་རྒྱལ་ཁབ་ཏུ་ལེན་པར་བསྐྱོད་པ་ནི་ཆོས་ཀྱི་དཔའ་བ། རྒྱལ་བུ་ནོར་བཟང་གིས་བྱང་ཕྱོགས་དགྲ་སྡེ་འདུལ་བ་ནི་གཡུལ་ལ་དཔའ་བའམ་འཇིག་རྟེན་པའི་དཔའ་བ་ལྟ་བུའོ །དེ་ལྟར་དཔའ་བའི་ཉམས་དང་ལྡན་པའི་མི་སྣའི་གཟུགས་བརྙན་གང་ཡང་རུང་བ་ཞིག་སྒྲུབ་སྐབས། དང་ཐོག་སྒྲུབ་པ་པོ་དེ་ཉིད་ཀྱི་ནང་སེམས་ཀྱི་འཆར་སྒོ་མི་སྣ་དེ་དག་གི་སྤྱོད་ཚུལ་དང་མཚུངས་པར་སྦྱིན་སོགས་ལ་སྤྲོ་བ་འཕེལ་བའི་འགྱུར་བ་ཞིག་སྔོན་དུ་འགྲོ་དགོས་པ་དང་། དེས་བསྐྱེད་པའི་རྐང་ལག་མིག་སོགས་ཀྱི་སྟངས་སྟབས་རྣམ་འགྱུར་གསལ་ལ་འཁྲོལ་བ་ཞིག་ཡོད་པ་གང་དེའི་ལུས་ཀྱི་ཉམས་ནི་གང་ལའང་བལྟོས་པ་མེད་ཅིང་། མ་ཞུམ་པའི་ཚུལ་གྱིས་སེང་གེ་ལྟར་བག་ཚ་བ་མེད་པར་བསྒྱིངས་ཤིང་བག་ཕེབས་པར་གནས་དགོས་པ་ཞིག་གོ །  །
          གཞན་ཡང་འདི་ལྟའི་ཉམས་སྐྱོན་བྲལ་ངང་བསྒྲུབ་པར་བྱ་བ་ལ་གོང་བཞིན་《མཁས་འཇུག་》ལས།    
                                                                               དཔའ་བའི་རྒྱན་ལ་དྲག་ཤུལ་དང་། །        
                                                                               འཇིགས་རུང་རྔམ་པའི་རྒྱན་མི་འགལ། །  
          ཞེས་བྱུང་བ་ལྟར། སྐབས་འདིར་གར་གྱི་ཉམས་དགུའི་ནང་ཚན་དཔའ་བའི་ཉམས་ཀྱི་སྐབས་སུའང་དྲག་ཤུལ་གྱི་ཉམས་དང་། འཇིགས་རུང་གི་ཉམས། ངམ་པའམ་རྔམ་པའི་ཉམས་རྣམས་མི་འགལ་བས། སྐབས་འགར་དགོས་དབང་དང་བསྟུན་ཏེ་སྦྱར་ཚེ་ཡོན་ཏན་ལས་སྐྱོན་དུ་མི་འགྲོ་བ་ཡིན་ལ། དཔའ་བའི་ཉམས་ཀྱི་སྐབས་སུ་སྙིང་རྗེ་དང་བཞད་གད། དེ་བཞིན་ཞི་བའི་ཉམས་རྣམས་འགལ་བར་སེམས་ཏེ་སྤོང་དགོས་པའོ ། ། 
          ༣. མི་སྡུག་པའི་ཉམས་ནི། ཡུལ་མི་གཙང་བ་ཞིག་ལ་དམིགས་ནས་ནང་དུ་སྐྱུག་བྲོ་བའི་འགྱུར་བ་འཕེལ་བ་ཕྱི་སྟངས་སྟབས་ཀྱི་རྣམ་འགྱུར་སྟེང་ནས་མཚོན་པར་བྱེད་པ་ཞིག་སྟེ། འགྲེལ་པ་འདོད་འཇོར་ཡང་སྨད་པའི་བདག་ཉིད་ནི་མི་སྡུག་པ་སྟེ།        
                                                                               རྣམ་འགྱུར་རུལ་པའི་ཤ་ལ་སོགས། །        
                                                                               མཐོང་དང་ཐོས་དང་གྲགས་པ་ཡི། །        
                                                                               རྣམ་སྐྱེད་རྣམས་ཀྱིས་སྐྱེད་པ་འདི། །        
                                                                               མི་སྡུག་པ་ཞེས་དམན་པའི་གནས། །  
          ཞེས་གསུངས་པ་ལྟར་རོ། །དེས་ན་སྐྱུག་བྲོ་བའི་འགྱུར་བ་འཕེལ་བའི་མི་སྡུག་པའི་ཉམས་ནི་མཛེས་ཤིང་ཡིད་དུ་འོང་བ་དང་འགལ་བ་ཡིན་སྟབས། སྤྱིར་མི་སྡུག་པའི་རྣམ་པ་ཁོ་ནའི་སྟེང་ནས་བཤད་ན། ལུས་མི་སྡུག་པ་ནི་བྱད་བཞིན་མི་མཛེས་ཤིང་སྒུར་ཞར་ཝ་བ་ཅན་སོགས་དང་། ངག་མི་སྡུག་པ་ནི་འཛར་འཛེར་ལྡབ་ལྡིབ་ལ་སོགས་པ། ཆ་ལུགས་མི་སྡུག་པ་ནི་ནག་ནོག་དང་ཡ་ཡོ་ཅན་དང་། ཡུལ་མི་སྡུག་པ་ནི་རད་རོད་དང་། སྡོང་དུམ་དང་། ཚེར་མ་ལ་སོགས་པ་བཅས་བཞིར་དབྱེ་ཚུལ་བྱུང་ཡང་། སྐབས་འདིར་གཙོ་གནད་ལུས་ཀྱི་སྟངས་སྟབས་རྣམ་འགྱུར་མི་མཛེས་པའི་རིགས་ལ་གོ་དགོས་པ་ཡིན་ཏེ། དཔེར་ན་ཧ་ཅང་བཙུན་མོས་ལྕམ་སྲིང་གཉིས་ཀྱི་སྙིང་ཟ་ཕྱིར་ཤན་པ་རྒན་གཞོན་གཉིས་ལ་བཀའ་བསྒོས་ཏེ། ཤན་པ་རྒན་པ་ཁྱོད་ཀྱི་བཤན་གྲི་ཡིས་ལྷ་ཅིག་ཀུན་ཏུ་བཟང་པོའི་སྙིང་ཐོན་ཅིགཤན་པ་གཞོན་པ་ཁྱོད་ཀྱི་བཤན་གྲི་ཡིས་ལྷ་སྲས་ཀུན་ཏུ་ལེགས་པའི་སྙིང་ཐོན་ཅིག་ཟེར་བ་དང་། ཤན་པ་གཉིས་ཀྱིས་བཙུན་མོའི་བཀའ་བཞིན་བསྒྲུབ་དགོས་བསམས་ཀྱང་སྙིང་རྗེས་གསོད་མི་ནུས་པར་མཐར་ཕོ་བྲང་རྒྱ་སྒོའི་འོག་གི་ཁྱིའུ་མིང་སྲིང་གཉིས་ཀྱི་སྙིང་བཏོན་ནས་བཙུན་མོར་སྦྱིན་པ་དང་། ཧ་ཅང་བཙུན་མོས་ཁྱི་སྙིང་མི་སྙིང་དུ་བསམས་ནས་ཟོས་མཐར་ཁྱི་རོ་མཐོང་བས་ཁྱི་སྙིང་ཡིན་པར་ཤེས་འཕྲལ་ནང་ཡིད་དུ་སྐྱུག་བྲོ་བའི་འགྱུར་བ་འཕེལ་ཏེ་ཁ་ནས་སྐྱུག་པ་བསྐྱུགས་པ་དང་ཆབས་ཅིག་སྣ་ནས་སྣ་ལུད་འཛག་པ། བཞིན་མི་སྡུག་ཅིང་རྐང་ལག་སྟངས་སྟབས་ཀྱང་འཆོལ་བའི་ཕྱི་རོལ་གྱི་ཉམས་ཐོན་པ་ལྟ་བུའོ། །དེ་ཡང་ཡུལ་མི་གཙང་བ་ཁྱི་སྙིང་ལ་དམིགས་ནས་ནང་དུ་སྐྱུག་བྲོ་བའི་འགྱུར་བ་འཕེལ་བ་ཕྱི་ལུས་ཀྱི་སྟངས་སྟབས་རྣམ་འགྱུར་སྐྱུག་པ་བསྐྱུགས་པ་སོགས་ལས་མཚོན་པར་བྱེད་པ་ནི་མི་སྡུག་པའི་ཉམས་ཡིན་ནོ། །  
          གཞན་ཡང་འདི་ལྟའི་ཉམས་སྐྱོན་བྲལ་ངང་བསྒྲུབ་པར་བྱ་བ་ལ་གོང་གསལ་བཞིན།        
                                                                               མི་སྡུག་པ་ལ་དྲག་ཤུལ་དང་། །        
                                                                               འཇིགས་རུང་སྐབས་འགར་འགལ་བ་མེད། །  
          ཅེས་གསུངས་པ་ལྟར། གར་གྱི་ཉམས་དགུའི་ནང་ཚན་མི་སྡུག་པའི་ཉམས་ཀྱི་སྐབས་སུ་དགོས་བསྟུན་གྱིས་དྲག་ཤུལ་དང་འཇིགས་རུང་གི་ཉམས་ཅུང་ཟད་སྦྱར་ཚེ་འགལ་བ་མེད་པའང་ཤེས་དགོས་ཀྱི། གཞན་སྒེག་པ་དང་། སྙིང་རྗེ། ཞི་བའི་ཉམས་རྣམས་འགལ་བར་སེམས་ཏེ་སྤོང་དགོས་པ་ཤེས་པར་བྱའོ ། 
           ༤. དྲག་ཤུལ་གྱི་ཉམས་ནི། ཡུལ་གནོད་འཚེ་ལ་དམིགས་ནས་ནང་དུ་ཁྲོ་བའི་འགྱུར་བ་འཕེལ་བ་ཕྱི་ལུས་ཀྱི་སྟངས་སྟབས་སྟེང་ནས་མཚོན་པར་བྱེད་པ་ཞིག་སྟེ། དེ་ལ་ཡང་ཆོས་དང་འཇིག་རྟེན་གྱི་སྒོ་ནས་དབྱེ་སྲོལ་གཉིས་བྱུང་བ་སྟེ།ས་པཎ་གྱིས་མཛད་པའི་《མཁས་པ་འཇུག་པའི་སྒོ་》ལས།        
                                                                               དྲག་ཤུལ་རྩུབ་པར་སྤྱོད་པ་སྟེ། །        
                                                                               སྒྲིབ་པ་རྣམ་གཉིས་བག་ཆགས་དང་། །        
                                                                               བཅས་པ་འབད་པས་འཇོམས་པ་སོགས། །        
                                                                               ཆོས་ཡིན་ཕ་རོལ་གནོད་པ་དང་། །        
                                                                               ལུས་ངག་ཡིད་ཀྱི་རྩུབ་པའི་ཆོས། །        
                                                                               འཇིག་རྟེན་པ་ཡི་དྲག་ཤུལ་ཡིན། །  
          ཞེས་གསུངས་པ་ལྟར། སྒྲིབ་གཉིས་ཀྱི་བག་ཆགས་དང་བཅས་པ་རྩད་ནས་གཅོད་ཅིང་དྲུང་ནས་འབྱིན་པ་དང་།སངས་རྒྱས་ཀྱིས་བདུད་བཏུལ་བ། ཕྱག་རྡོར་གྱིས་དྲག་པོ་བཏུལ་བ་ལ་སོགས་པ་ཆོས་དང་མཐུན་པའི་དྲག་ཤུལ་ཡིན་ལ། ཕ་རོལ་གནོན་པའི་སྒོ་ནས་ལུས་ངག་ཡིད་གསུམ་རྣམ་པར་འཁྲུགས་པའི་ཞེ་སྡང་གིས་དགྲ་བོ་འདུལ་བ་ནི་འཇིག་རྟེན་པའི་དྲག་ཤུལ་ལོ།། འདི་ལྟའི་ཉམས་ཀྱི་དཔེར་འོས་མི་སྣའི་ཆ་ནས་བཤད་ན་《ཆོས་རྒྱལ་ནོར་བཟང་གི་རྣམ་ཐར་》ལས་འདི་སྐད་དུ།“ཨོཾ་མོ་ཨོཾ་མོ་མ་ཎི་པདྨེ་ཧྰུཾ། ཚུར་ལ་ཉོན་དང་ཁོ་རེ་མཚོ་སྟེང་གི་སྐྱེ་བོ། །ཁྱོད་ཉིད་འདི་རུ་ཡོང་བ་གང་དང་ཅི་ཞིག་ཡིན་པ། །ང་ཡི་མཚོ་མོ་འདི་ལ་ཁྱོད་ཀྱིས་གནོད་འཚེ་བྱས་སམ། །མཚོ་མོའི་ཕྱོགས་དང་ཕྱོགས་མཚམས་ཁྱོད་ཀྱིས་ཕུར་པ་བརྡབས་འདུག། དེ་ལ་དར་ཚོན་སྣ་ལྔའི་དྲ་བས་ཀྱང་བཅིངས་འདུག། མཚོ་མོ་ཁོལ་ཞིང་ཀླུ་རྒྱལ་མཚོ་སྟེང་དུ་ཐོན་འདུག། མཚོ་ལ་གནོད་འཚེ་བྱེད་པའི་དགོས་དོན་ཅི་ཞིག་ཡོད་པ། །དེ་འདྲ་འཕྲལ་མ་ཉིད་དུ་རྔོན་པ་ང་ལ་ད་ཤོད། །  ཅེས་ཟེར་ཏེ་སོམ་ཉི་མེད་པར་གྲི་གུག་སྔགས་པའི་མགོ་བོར་བསྣུན་པས་ཞྭ་ནག་ཐོར་ཅིང་རལ་པ་བཅད་ནས་རྨ་ཕྲན་བུ་བཏོན་འདུག་པ་དང་། སྔགས་པས་རྔོན་པ་མཐོང་བ་ཙམ་གྱིས་འཇིགས་ཤིང་སྐྲག་ནས....”ཞེས་སོགས་བྱུང་བ་ལྟར། རྔོན་པས་ཤིན་ཏུ་གཅེས་པའི་མཚོ་མོ་ལ་སྔགས་པས་གནོད་འཚེ་བྱེད་པའི་ཚེ། རྔོན་པ་ཡིད་ཤིན་ཏུ་ནས་ཁྲོས་ཏེ་འཕྲལ་མ་ཉིད་དུ་གྲི་གུག་སྔགས་པའི་མགོ་བོར་བསྣུན་ཏེ་གསོད་པར་བརྩམས་པའི་ཕྱི་རོལ་གྱི་ཉམས་དེ་ནི་ཀུན་རྫོབ་དབང་དུ་འཇིག་རྟེན་པའི་ཉམས་སུ་བཞག་ན་འོས་ཤིང་། མི་སྣ་དེ་ལྟའི་གར་ཉམས་མངོན་དུ་འགྱུར་བར་བྱ་བ་ལ། རྩུབ་ཅིང་ཁྲོ་བའི་ཉམས་དང་ལྡན་ཅིང་རྐང་ལག་གི་སྟངས་སྟབས་དྲག་ལ་མྱུར་བ་ཞིག་དགོས་པའོ། །   
          ཡང་། དྲག་ཤུལ་ཉམས་སྐྱོན་བྲལ་ངང་བསྒྲུབ་པར་བྱ་བ་ལ་《མཁས་འཇུག་》ལས།       
                                                                               དྲག་ཤུལ་འཇིགས་རུང་རྣམ་གཉིས་ལ། །       
                                                                               དཔའ་དང་མི་སྡུག་ངམ་པ་འཇུག།  
          ཅེས་གསུངས་པ་ལྟར་གར་གྱི་ཉམས་དགུའི་སྐབས་སུ་ཡང་ཉམས་ཀྱི་སྡེབ་སྦྱོར་ལ་མཁས་ན་དྲག་ཤུལ་དང་འཇིགས་རུང་རྣམ་གཉིས་ལ་དཔའ་བའི་ཉམས་དང་། མི་སྡུག་པའི་ཉམས། ངམ་པའམ་རྔམ་པའི་ཉམས་གང་རུང་ཞིག་སྐབས་བསྟུན་གྱིས་སྦྱར་ན་དྲག་ཤུལ་གྱི་རོ་ཉམས་ཐོན་པའི་མཐུན་རྐྱེན་དུ་འགྲོ་སྲིད་ཀྱི། དྲག་ཤུལ་དང་འཇིགས་རུང་རྣམ་གཉིས་ལའང་སྙིང་རྗེའི་ཉམས་དང་ཞི་བའི་ཉམས་དག་འགལ་བར་སེམས་ནས་སྤོང་དགོས་ཏེ། སྤྱིར་དྲག་ཤུལ་དང་འཇིགས་རུང་གཉིས་ནི་ངོ་བོ་རྩུབ་ཅིང་བྱེད་ལས་གནོད་པ་ཡིན་པས་མི་སྡུག་པ་དང་མི་འགལ་ལ། སྙིང་རྗེ་དང་ཞི་བ་རྣམ་གཉིས་ནི་ངོ་བོ་འཇམ་ཞིང་བྱེད་ལས་ཕན་པའི་བདག་ཉིད་ཅན་ཡིན་པའི་ཕྱིར་རོ། །  
          ༥.བཞད་གད་ཀྱི་ཉམས་ནི། ཡུལ་ཡ་མ་གཟུགས་སམ་ཁྱད་མཚར་བ་ལྟ་བུར་དམིགས་ནས་ནང་དུ་དགོད་བྲོ་བའི་འགྱུར་བ་འཕེལ་བ་ཕྱི་ལུས་ཀྱི་སྟངས་སྟབས་རྣམ་འགྱུར་གྱི་སྟེང་ནས་མཚོན་པར་བྱེད་པ་ཞིག་སྟེ། དེ་ཡང་ལུས་ཡ་མ་གཟུགས་ཡན་ལག་རིང་ཐུང་ཆེ་ཆུང་ཤོར་བ་དང་། ཆས་ཡ་མ་གཟུགས་སྐྱ་མིན་སེར་མིན་ལྟ་བུ་ལ་སོགས་མཐོང་བའི་ཚེ་ནང་དུ་དགོད་བྲོ་བའི་འགྱུར་བ་འཕེལ་བ་ཕྱི་ལུས་ཀྱི་ཉམས་སུ་ཤར་བ་ལྟ་བུ་ཡིན། དེ་ལ་ཡང་སྤྱིར་རང་བཞིན་གྱིས་གད་མོ་འབྱིན་པ་ནི་བླུན་པོ་ངོ་ཚ་མི་ཤེས་པའི་སྤྱོད་ཚུལ་ལས་ཕལ་ཆེར་བྱུང་མོད། སྐབས་འདིར་བསྟན་པ་ནི་ཟློས་གར་མཁན་པོའི་སྒྱུ་རྩལ་གྱི་རྣམ་པའི་ཁྱད་པར་ལས་བྱུང་བ་ཁོ་ན་ཡིན་ཞིང་། དེ་ལ་ཡང་ལུས་ངག་ལས་བྱུང་བ་ནི་ནང་གི་བཞད་གད་ཀྱི་ཉམས་དང་། ཕྱི་རོལ་ཡུལ་དང་དངོས་རྟེན་ཡོ་བྱད་སོགས་ལས་བྱུང་བ་ནི་ཕྱིའི་བཞད་གད་ཀྱི་ཉམས་གཉིས་སུ་དབྱེ་ན་ཆོག སྤྱིར་ཟློས་གར་གྱི་ཡན་ལག་ལྔ་བརྗོད་སྐབས་ཟློས་གར་པ་དང་། མདོ་འཛིན་པ། རོལ་མོ་བ། ཆས་གཞུག་པ། བཞད་གད་པ་ཞེས་པའི་བཞད་གད་པ་ནི་ཟློས་གར་གྱི་གྲུབ་ཆ་ཞིག་ཏུ་ངེས་པ་སྟེ། བོད་ཀྱི་དགོན་སྡེ་ཁག་གི་ནང་དུ་གང་འདོད་ཟེར་བ་ལྟ་བུ་དང་། ལྷ་མོའི་ནང་དུ་རྒན་རྒོན་གཉིས་ལྟ་བུ་འཁྲབ་རྒྱུ་ཡོད་པ་དེ་དག་ལ་ཡང་བཞད་གད་ཀྱི་ཉམས་དང་ལྡན་དགོས་པ་ལོས་ཡིན་ཀྱང་། དེ་དག་ནི་འཁྲབ་གཞུང་དང་འབྲེལ་བ་ཡོད་པ་ཞིག་མ་ཡིན། འདིར་བཞད་གད་ཉམས་ཀྱི་དཔེ་མཚོན་སྐོར་ནས་ཞུས་ན། འཁྲབ་གཞུང་ནང་གི་མི་སྣ་གང་ཞིག་ཡིན་རུང་དེས་དགོད་བྲོ་བའི་ཡུལ་ཞིག་མཐོང་བའི་རྐྱེན་གྱིས་ནང་དུ་དགོད་བྲོ་བའི་འགྱུར་བ་འཕེལ་བའི་རྣམ་འགྱུར་ཕྱི་རོལ་དུ་འཛུམ་པ་དང་ཐལ་མོ་རྡེབ་པ་ལ་སོགས་པ་བྱེད་པ་ནི་བཞད་གད་ཀྱི་ཉམས་ཡིན་པའོ། །    དེ་ཡང་བཞད་གད་ཀྱི་ཉམས་གང་འདྲ་ཞིག་སྒྲུབ་རུང་དང་ཐོག་སྒྲུབ་པ་པོ་རང་ཉིད་ཀྱི་རྟོག་ངོར་བསྒྲུབ་བྱའི་བཞད་གད་ཉམས་དེ་ཡི་འབྱུང་རྐྱེན་གྱི་དོན་སྤྱི་འཆར་དགོས་པ་དང་། དེ་ནས་འབྱུང་རྐྱེན་དེ་ལ་བརྟེན་ནས་རང་ཉིད་ཀྱི་ཡིད་ལ་དགོད་བྲོ་བའི་འགྱུར་བ་ཞིག་འཕེལ་བ་དང་ཆབས་ཅིག་འཛུམ་པ་དང་ཐལ་མོ་རྡེབ་པ་ལ་སོགས་པའི་བཞད་གད་ཀྱི་ཉམས་འཐོན་པར་བྱ་དགོས་པའོ། །  
          གཞན་ཡང་། འདི་ལྟའི་ཉམས་སྐྱོན་བྲལ་ངང་བསྒྲུབ་པར་བྱ་བ་ལ། སྐབས་འགར་མི་སྡུག་པ་དང་ངམ་པའམ་རྔམ་པའི་ཉམས་སྦྱར་དུ་རུང་ཡང་། དྲག་ཤུལ་དང་། འཇིགས་རུང་། སྙིང་རྗེ། ཞི་བའི་ཉམས་ཀྱི་རིགས་སྦྱར་མི་རུང་སྟེ། དྲག་ཤུལ་དང་འཇིགས་རུང་གཉིས་ནི་ངོ་བོ་རྩུབ་ལ་བྱེད་ལས་ཞུམ་པར་བྱེད་པ་ཡིན་ལ། རྩུབ་ཅིང་ཞུམ་པར་བྱེད་པ་ནི་ངུར་འཇུག་པ་དང་འབྲེལ་གྱི་དགོད་པ་དང་མ་འབྲེལ། དེ་བཞིན་དུ་སྙིང་རྗེ་ནི་སྐྱོ་བ་དང་འབྲེལ་བ་དང་། ཞི་བའང་དེ་དང་ཆ་མཐུན་པས་དགོད་པ་དང་མ་འབྲེལ་བའི་ཕྱིར་འགལ་བར་སེམས་ཏེ་སྤོང་དགོས་སོ། །  
          ༦.འཇིགས་རུང་གི་ཉམས་ནི། ཡུལ་རང་ཉིད་ལས་དམན་པར་དམིགས་ནས་ནང་དུ་ཇི་མི་སྙམ་པའི་འགྱུར་བ་འཕེལ་བ་ཕྱི་ལུས་ཀྱི་སྟངས་སྟབས་རྣམ་འགྱུར་ལས་མཚོན་པར་བྱེད་པ་ཞིག་སྟེ། དེ་ཡང་ཕ་རོལ་སྐྲག་ཅིང་བག་ཁུམ་པར་བྱེད་པའི་བདག་ཉིད་དེ་ལུས་ཀྱི་རྣམ་འགྱུར་ཕུལ་དུ་བྱུང་བ་ཉིད་དོ། །དེ་ལ་ཡང་ཆོས་དང་འཇིག་རྟེན་གྱི་སྒོ་ནས་གཉིས་སུ་དབྱེ་ཚུལ་བྱུང་བ་ལྟར། སྦྱིན་སོགས་ཕ་རོལ་ཕྱིན་པ་དྲུག་ལ་སྤྱོད་པ་ལྟ་བུ་ཆོས་ཀྱི་འརྗིགས་སུ་རུང་བ་དང་། གནོད་སྦྱིན་དང་།  སྲིན་མོའི་ཆ་ལུགས། སེང་གེ་ལ་སོགས་པའི་སྤྱོད་ཚུལ་དེ་ལྟ་བུ་ནི་འཇིག་རྟེན་གྱི་འཇིགས་སུ་རུང་བའོ། །     དཔེར་ན་ཆོས་རྒྱལ་དྲི་མེད་ཀུན་ལྡན་ཆོས་ཀྱི་འཇིགས་སུ་རུང་བའི་ཉམས་དང་ལྡན་པའི་མི་སྣའི་གཟུགས་བརྙན་གྱི་དཔེར་འོས་སུ་བཞག་ན་ཆོག་པ་སྟེ། རྣམ་ཐར་གྱི་ནང་དུའང་ཆོས་རྒྱལ་དྲི་མེད་ཀུན་ལྡན་དེ་ཉིད་ཀྱིས་དབུལ་ཕོངས་ཉམ་ཐག་པ་རྣམས་སྡུག་བསྔལ་ལས་སྒྲོལ་ཕྱིར་ཕ་མེས་ཡང་མེས་ནས་བསགས་པའི་ནོར་རྫས་དང་། རྒྱལ་ཁབ་ཀྱི་ནོར་བུ་དགོས་འདོད་དཔུང་འཇོམས་གཞན་ལ་སྦྱིན་པར་མ་ཟད། ཐ་ན་སུས་ཀྱང་གཏོང་མི་ནུས་པའི་རང་གི་ཆུང་མ་དང་། ལྕམ་སྲིང་། མིག་འབྲས་བཅས་ཀྱང་རེ་དོགས་མེད་པར་གཞན་ལ་སྦྱིན་པར་བཤད་ཡོད་སྟབས། དེ་ལྟའི་འཇིགས་སུ་རུང་བའི་ཉམས་དེ་ཡང་ཟློས་གར་མཁན་པོས་སྒྲུབ་སྐབས། དང་ཐོག་སྒྲུབ་པ་པོ་རང་ཉིད་ཀྱི་རྟོག་ངོར་ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི་མཛད་ཚུལ་ཇི་མ་ཇི་བཞིན་འཆར་བར་བྱེད་དགོས་པ་དང་། དེ་ནས་རང་ཉིད་ཆོས་རྒྱལ་ཉིད་དང་གཉིས་སུ་མེད་པར་སེམས་ཏེ་རེ་དོགས་མེད་པར་སྦྱིན་པའི་ལས་ལ་གཞོལ་ཚུལ་རྣམས་སྟངས་སྟབས་ཀྱི་ལམ་ནས་འདྲེན་ཐུབ་པར་བྱ་དགོས། དེ་ལྟར་བྱེད་ཐུབ་ཚེ་གཞི་ནས་ལྟད་མོ་བའི་མིག་ལམ་དུ་སྦྱིན་སོགས་ལ་གཞོལ་བའི་ཆོས་རྒྱལ་དེ་ཉིད་ཀྱི་གཟུགས་བརྙན་བརྒྱུད་སྤྲོད་བྱེད་ཐུབ་ངེས་རེད།  
          གཞན་ཡང་འཇིག་རྟེན་པའི་འཇིགས་སུ་རུང་བའི་མི་སྣའི་གཟུགས་བརྙན་མཚོན་བྱེད་ལ་ཆ་བཞག་ན་སྲིན་མོའི་རྒྱལ་མོ་དཔེ་ལྟ་མགོན་སྐྱིད་ལྟ་བུ་ཡིན་ཏེ། 《པདྨ་འོད་འབར་གྱི་རྣམ་ཐར་》ལས། “དེ་ནས་ཡར་བྱོན་པས་སྲིན་མོའི་ཕོ་བྲང་ནམ་མཁའ་ལྡིང་ཆོས་ཀྱི་ཐོག་ཚད་དགུ་བཅུ་གོ་བརྒྱད་ལོན་པ་མཐོ་ལ་ཡངས་ཤིང་རིང་བ་ཞིག་འདུག་པས། དེའི་ནང་སྲིན་མོའི་རྒྱལ་མོ་དཔེ་ལྟ་མགོན་སྐྱིད་མ། སྐྲ་ཁམ་པ་གྱེན་དུ་ཟིངས་པ། མཆེ་བ་གངས་རི་ལྟར་གཙིགས་པ། བྲང་གི་གཉེར་མ་པུས་མོར་ལོན་པ། པུས་མོའི་གཉེར་མ་ས་གཞིར་རེག་པ། མི་ལྤགས་ཀྱི་གོས་གྱོན་པ། མི་མགོ་སྐམ་རློན་གྱི་དོ་ཤལ་བཏགས་པ། ཁ་ནང་ལ་མི་མགོ་སྐམ་པོ་མུར་མུར་བྱེད་པ་མཐོང་བ་ཙམ་གྱིས་འཇིགས་ཤིང་སྐྲག་པ་ཞིག་འདུག་”ཅེས་དང་། ཡང་‘་སྲིན་མོའི་རྒྱལ་མོ་དེས་ཧར་དེ་ལངས་ནས། ཨ་མ་མ་དེ་འདྲའི་དགའ་བ་ལ་དེ་རིང་ང་ལ་མཁའ་འགྲོའི་ཤ་འགྱེད་བྱུང་། མི་ཤ་ཚ་པོ་མ་བྱུང་ལོ་ཤས་སོང་། མི་ཁྲག་དྲོན་མོ་མ་བྱུང་ལོ་ཤས་སོང་། དེ་རིང་སྲིན་མོ་ང་རའི་གྲོགས་ཕྱྭ་ལ། ཧ་ལ་ལ་ཟེར་ཟ་རྒྱུ་ཡིན། ཧུ་ལུ་ལུ་ཟེར་བཏུང་རྒྱུ་ཡིན་ཟེར་ནས་པད་མ་འོད་འབར་ཚུར་བཟུང་སྟེ་ཕུར་ཕུར་བས་ཏེ་ཁྱུར་མིད་དུ་བཏང་བྱུང་བས་པད་མ་འོད་འབར་དེ་འཇིགས་ཤིང་དངངས་པས་མཆེ་བ་ལ་ཕྱག་གཉིས་ཀྱིས་འཆང་བཞིན་ལྕེ་ཆུང་ལ་རྡོག་ཏོ་བུས་ནས་....”ཞེས་སོགས་བྱུང་བ་ལྟར་དེ་ལྟའི་འཇིག་རྟེན་པའི་འཇིགས་སུ་རུང་བའི་ཉམས་ལྡན་པའི་མི་སྣའི་གཟུགས་བརྙན་སྒྲུབ་སྐབས། ཡུལ་པད་མ་འོད་འབར་དམན་པའི་དབང་དུ་བྱས་ཤིང་། རང་ཉིད་སྲིན་མོའི་རྒྱལ་མོ་ཡིན་ཁུལ་དུ་བྱས་ཏེ་པད་མ་འོད་འབར་མཐོང་མ་ཐག་ཟ་བར་ཇི་མི་སྙམ་པའི་བློའི་འགྱུར་བ་འཕེལ་བ་དག་ཕྱི་ལུས་ཀྱི་སྟངས་སྟབས་རྣམ་འགྱུར་སྟེང་ནས་མཚོན་པར་བྱེད་དགོས་པའོ །  
          གཞན་ཡང་། འཇིགས་རུང་གི་ཉམས་སྐྱོན་བྲལ་ངང་བསྒྲུབ་པར་བྱ་བ་ལ་དཔའ་བ་དང་། མི་སྡུག་པ། རྔམ་པའི་ཉམས་དགོས་བསྟུན་གྱིས་སྦྱར་ན་རུང་ཡང་། སྙིང་རྗེ་དང་ཞི་བའི་ཉམས་དག་འགལ་བར་སེམས་ཏེ་སྤོང་དགོས་པ་ནི་དྲག་ཤུལ་སྐབས་དང་མཚུངས་པའོ །  
༧.སྙིང་རྗེའི་ཉམས་ནི། ཤིན་ཏུ་གཅེས་པར་འོས་པའི་ཡུལ་ལ་དམིགས་ནས་ནང་དུ་མྱ་ངན་གྱི་འགྱུར་བ་འཕེལ་བ་ཕྱི་ལུས་ཀྱི་སྟངས་སྟབས་རྣམ་འགྱུར་སྟེང་ནས་མཚོན་པར་བྱེད་པ་ཞིག་སྟེ། དེ་ལ་ཡང་མཆོག་དམན་གྱི་དབྱེ་བས་གཉིས་སུ་འདོད་དེ། བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་མཐོང་ངམ་ཐོས་ནས་སེམས་མི་བཟོད་ཅིང་། དད་པའི་སྤུ་ལོང་ལྡང་། བརྩེ་བའི་མཆི་མ་གཡོ་བ་ལྟ་བུ་མཆོག་ལ་སྐྱེ་བའི་སྙིང་རྗེའི་ཉམས་དང་། ངན་འགྲོར་ལྷུངས་པ་དང་བཀྲེས་སྐོམ་གྱིས་མནར་བའི་སེམས་ཅན་མཐོང་བའི་ཚེ་བརྩེ་ཞིང་མྱ་ངན་འཕེལ་བ་ལས་མིག་ཆུ་གཏོང་བ་དང་། སྨྲེ་སྔགས་འདོན་པ་སོགས་ནི་དམན་པ་ལ་སྐྱེ་བའི་སྙིང་རྗེའི་ཉམས་ཡིན་པ་ལྟ་བུའོ། ། དེ་ཡང་འགྲེལ་པ་འདོད་འཇོར།        
                                                                               མྱ་ངན་རྒྱས་པའི་བདག་ཉིད་ནི་སྙིང་རྗེ་སྟེ། །        
                                                                               འདོད་པའི་ནོར་རྣམས་ལྷུང་བ་དང་། །        
                                                                               གསོད་དང་འཆིང་དང་བརྡེག་པ་དང་། །        
                                                                               སྨོད་པ་ཉོན་མོངས་གདུང་སོགས་ཀྱིས། །        
                                                                               བསྐྱེད་པའི་ཉམས་གང་སྙིང་རྗེའོ །  
          ཞེས་པ་ལས་སྙིང་རྗེའི་ཉམས་ཇི་ལྟར་སྐྱེད་ཚུལ་གྱི་རྒྱུ་བཤད་པའོ། །དེ་ཡང་དཔེར་ན་《འགྲོ་བ་བཟང་མོའི་རྣམ་ཐར་》དུ། “ལྕམ་སྲིང་གཉིས་ཀྱི་ཕྱག་གཉིས་རྒྱབ་ཏུ་དམ་པར་བཀྱིགས། དགྲ་མི་ཤ་ཟིན་པ་ལྟར་སྔ་ཐག་ཕྱི་ཐག་བྱས་ཏེ། ཉ་པ་གཉིས་ཀྱིས་མར་ཁྲིད་ནས་སྐམ་སྐྲས་ལ་འདྲུད་མ་བཤལ་བྱས་ནས་སོང་ངོ་། །གྲོང་ཁྱེར་གྱི་འགག་དེར་ཕེབས་པ་དང་། གྲོང་མི་རྒན་གཞོན་ཀུན་ཚོགས་ནས་མྱ་ངན་གྱི་སྨྲེ་ངག་འདི་སྐད་ཟེར་རོ། །ལྷ་སྲས་ཉི་ཟླ་ལྟ་བུའི་ལྕམ་སྲིང་གཉིས། །མེ་ཏོག་ཞལ་ཕྱེ་མཆོད་ཁང་མ་འགྲིམས་པར། །མེ་ཏོག་སད་ཀྱིས་ཁྱེར་བ་ཤིན་ཏུ་ཕངས། །ཟེར་ནས་མཆི་མ་མང་དུ་བཏང་སྟེ། སྡུག་བསྔལ་བཟོད་གླགས་མེད་པ་བྱུང......”ཞེས་སོགས་བྱུང་བ་ལྟར། སྐབས་འདིར་ཡང་སྙིང་རྗེའི་ཉམས་དང་ལྡན་པའི་མི་སྣ་ནི་ལྷ་སྲས་ལྕམ་སྲིང་གཉིས་ལ་སྙིང་བརྩེ་བའི་གྲོང་མི་རྣམས་ཡིན་དགོས་ལ། ལྷ་སྲས་ལྕམ་སྲིང་གཉིས་ནི་སྙིང་རྗེའི་ཉམས་མིག་ཆུ་གཏོང་བ་དང་། སྨྲེ་སྔགས་འདོན་པ་ལ་སོགས་པའི་རྒྱུ་ཡིན་གྱི་ཉམས་ཅན་དེ་ཉིད་མིན་ནོ། །  
གཞན་ཡང་། སྙིང་རྗེའི་ཉམས་སྐྱོན་བྲལ་ངང་བསྒྲུབ་པར་བྱ་བ་ལ། ཞི་བ་ནི་སྙིང་རྗེ་དང་མི་འགལ་བས་སྐབས་བསྟུན་གྱིས་སྦྱར་རུང་ཡང་། སྒེག་པའི་ཉམས་དང་། དཔའ་བའི་ཉམས། བཞད་གད་ཀྱི་ཉམས། འཇིགས་རུང་གི་ཉམས་རྣམས་འགལ་བར་སེམས་ཏེ་སྤོང་དགོས་པའོ། །   
          ༨.རྔམ་པའི་ཉམས་ནི། ཡུལ་འགྲན་ཟླ་ཅན་ལ་དམིགས་ནས་ནང་དུ་ངོ་མཚར་བ་འཕེལ་བ་ཕྱི་ལུས་ཀྱི་སྟངས་སྟབས་ཀྱི་རྣམ་འགྱུར་སྟེང་ནས་མཚོན་པར་བྱེད་པ་ཞིག་སྟེ། དེའི་མིང་གི་རྣམ་གྲངས་ལ་རྨད་བྱུང་དང་། ངམ་པ་ཞེས་ཀྱང་བྱུང་། དེ་ལ་ཡང་ཆོས་དང་འཇིག་རྟེན་གཉིས་ཀྱི་སྒོ་ནས་དབྱེ་བར་འདོད་དེ། རིགས་གཟུགས་ལང་ཚོ་དང་ནོར་ལོངས་སྤྱོད་ལ་སོགས་པ་གཞན་ལས་ཁྱད་དུ་འཕགས་པ་དེ་རྣམས་འཇིག་རྟེན་པའི་རྔམ་པ་ཡིན་ལ། བློ་གྲོས་དང་ཡོན་ཏན་ལ་སོགས་པ་གཞན་ལས་ཁྱད་དུ་འཕགས་ཤིང་ཕ་རོལ་པོ་ཟིལ་གྱིས་གནོན་པར་བྱེད་པ་ནི་ཆོས་ཀྱི་རྔམ་པ་ཡིན་ནོ །འདི་ལྟའི་ཉམས་ཀྱི་དཔེར་འོས་མི་སྣར་བློན་པོ་མགར་ལྟ་བུ་བཞག་ན་ཆོག་སྟེ། 《རྒྱ་བཟའ་བལ་བཟའི་རྣམ་ཐར་》ལས། བློན་པོ་མགར་སྟོང་བཙན་ནི་བོད་རྒྱལ་སྲོང་བཙན་སྒམ་པོའི་བློན་པོ་རིག་པ་ཅན་ཞིག་ཡིན་པ་དང་། དེས་རྒྱའི་ཡུལ་དུ་ཕེབས་ནས་གེ་སར་དམག་གི་རྒྱལ་པོའི་བློན་པོ་དང་། ཏ་ཟིག་ནོར་གྱི་རྒྱལ་པོའི་བློན་པོ། བྷ་ཏ་ཧོར་གྱི་རྒྱལ་པོའི་བློན་པོ་བཅས་ལས་རིག་པས་རྒྱལ་བར་བྱས་ཏེ་ལྷ་གཅིག་ཀོང་ཇོ་དེ་ཉིད་བོད་རྒྱལ་གྱི་ཁབ་ཏུ་བླངས་ཚུལ་བྱུང་བ་ལྟར། བློ་གྲོས་དང་ཡོན་ཏན་ལ་སོགས་པ་གཞན་ལས་ཁྱད་དུ་འཕགས་ཤིང་ཕ་རོལ་པོ་ཟིལ་གྱིས་གནོན་པ་འདི་རིགས་ནི་ཆོས་ཀྱི་རྔམ་པར་ངེས་ཤིང་། རྔམ་པའི་ཉམས་འདི་དང་ལྡན་པའི་མི་སྣའི་གཟུགས་བརྙན་སྒྲུབ་སྐབས། དང་ཐོག་ཟློས་གར་མཁན་པོའི་རྟོག་ཡུལ་དུ་བློན་པོ་མགར་ཉིད་ཀྱི་མཛད་སྤྱོད་རྣམས་ཇི་མ་ཇི་བཞིན་ཡོད་དགོས་པ་དང་། དེ་ནས་སྟངས་སྟབས་རྣམ་འགྱུར་གྱི་སྟེང་ནས་རྔམ་པའི་ཉམས་འདི་ལྟ་བུ་དང་ལྡན་པའི་མི་སྣའི་གཟུགས་བརྙན་དེ་ཉིད་བསྒྲུབ་དགོས་པ་ཡིན།  
          གཞན་ཡང་རྔམ་པའི་ཉམས་སྐྱོན་བྲལ་ངང་བསྒྲུབ་པར་བྱ་བ་ལ། དགོས་དབང་དང་བསྟུན་ཏེ་སྒེག་པ་དང་། དཔའ་བ། བཞད་གད། དྲག་ཤུལ། འཇིགས་རུང་བཅས་སྦྱར་རུང་གི། སྙིང་རྗེ་དང་ཞི་བ་གཉིས་ནི་འགལ་བར་སེམས་ཏེ་སྤོང་དགོས། དེ་ཡང་སྙིང་རྗེ་དང་ཞི་བ་གཉིས་ནི་ངོ་བོ་འཇམ་ཞིང་གཞན་ལ་ཕན་འདོགས་པར་བྱེད་པའི་བྱེད་ལས་ཅན་ཡིན་ལ། རྔམ་པ་ནི་ངོ་བོ་རྩུབ་ཅིང་གཞན་ལ་གནོད་པར་བྱེད་པའི་བྱེད་ལས་ཅན་ཡིན་པའི་ཕྱིར་རོ། །  
          ༩.ཞི་བའི་ཉམས་ནི། ཡུལ་དྲག་ཞན་དགྲ་གཉེན་བདེ་སྡུག་སོགས་ལ་དམིགས་ནས་ནང་དུ་བཏང་སྙོམས་པའི་འགྱུར་བ་འཕེལ་བ་ཕྱི་ལུས་ཀྱི་སྟངས་སྟབས་རྣམ་འགྱུར་སྟེང་ནས་མཚོན་པར་བྱེད་པ་ཞིག་སྟེ། དེ་ཡང་ང་རྒྱལ་དང་རྒྱགས་ཤིང་དྲེགས་པའི་ཆོས་སྤོང་བའི་རྣམ་པ་ཅན་ནོ། །དེ་ལ་ཡང་ཆོས་དང་འཇིག་རྟེན་གཉིས་ཀྱི་སྒོ་ནས་དབྱེ་ན། རིགས་དང་། གཟུགས་དང་། སྟོབས་དང་། ལོངས་སྤྱོད་དང་། རྒྱལ་སྲིད་སོགས་ལ་དམིགས་པའི་དྲེགས་པ་འཇོམས་པར་བྱེད་པའི་འགྱུར་བ་འཕེལ་བ་ཕྱི་ལུས་ཀྱི་སྟངས་སྟབས་རྣམ་འགྱུར་ལས་མཚོན་པར་བྱེད་པ་ནི་འཇིག་རྟེན་པའི་ཞི་བ་དང་། བློ་གྲོས་དང་ཡོན་ཏན་ལ་དམིགས་པའི་དྲེགས་པ་འཇོམས་པར་བྱེད་པའི་འགྱུར་བ་འཕེལ་བ་ཕྱི་ལུས་ཀྱི་སྟངས་སྟབས་རྣམ་འགྱུར་ལས་མཚོན་པར་བྱེད་པ་ཆོས་ཀྱི་ཞི་བའི་ཉམས་ཡིན། དེ་ལྟའི་ཉམས་སྒྲུབ་སྐབས། སྐབས་བབ་མི་སྣའི་གཟུགས་བརྙན་དང་བསྟུན་ཏེ་རྐང་ལག་གི་སྟངས་སྟབས་དལ་ཞིང་ལྷོད་པའི་སྒོ་ནས་བསྒྲུབ་དགོས་པ་དཔེར་ན། 《འགྲོ་བ་བཟང་མོའི་རྣམ་ཐར་》ནང་གི་བྲམ་ཟེ་རྒན་རྒོན་གཉིས་ལྟ་བུ་ཞི་བའི་ཉམས་དང་ལྡན་པའི་མི་སྣའི་དཔེར་འོས་སུ་བཞག་ན་ཆོག་སྟེ། དེ་ཡང་རྣམ་ཐར་དེ་ལས་“ཁང་པའི་སྒོ་དེ་ཕྱེ་བ་དང་། རྒྱལ་པོ་དཔོན་གཡོག་རྣམས་ཀྱིས་ཁང་པའི་ནང་དུ་བྱོན་ནས། ཁྱིམ་ཁུག་མེད་ལ་ཁྱི་མོ་བཙལ་བས་མ་རྙེད་པས། སྒོ་གསུམ་འདུག་པའི་བར་གཅིག་ན། བྲམ་ཟེ་རྒན་མོ་མགོ་བོ་དུང་ལྟར་དཀར་བ། མིག་གཡུ་ལྟར་སྔོ་བ། ཁ་ན་སོ་མུ་ཏིག་ཙམ་ཡང་མེད་པ། ལུས་འཁར་བ་ལ་བརྟེན་ནས་ལང་དགོས་པ་གཅིག་མ་ཎི་འདྲེན་བཞིན་འདུག རྒྱལ་པོའི་ཐུགས་དགོངས་ལ། བྲམ་ཟེ་རྒན་རྒོན་གཉིས་ཚེ་རིང་ཞིང་ནོར་ལོངས་སྤྱོད་ཕུན་སུམ་ཚོགས་པ་ནི། ཡི་དམ་ཐུགས་རྗེ་ཆེན་པོའི་བྱིན་རླབས་ཡིན་འདུག་པས......”ཞེས་སོགས་བྱུང་བ་ལྟར། དེ་ལྟའི་འཁྲབ་གཞུང་ནང་གི་མི་སྣའི་གཟུགས་བརྙན་བསྒྲུབ་པར་བྱ་བ་ལ། གནས་ཁྱད་པར་ཅན་དབེན་ཞིང་ནགས་ཀྱིས་གང་བ་ཞིག་ཏུ། རྟེན་ཁྱད་པར་ཅན་ཚེ་རིང་ནོར་ལོངས་སྤྱོད་ལྡན་པ། བསམ་པ་ཁྱད་པར་ཅན་བཏང་སྙོམས་པའི་སེམས་དང་ལྡན་པ་ཞིག་ཏུ་བྱས་ཏེ་འགྲོ་འོང་སྟངས་སྟབས་ཀྱི་རྣམ་འགྱུར་དལ་ཞིང་ལྷོད་ལ། ཁ་ནས་ཡིག་དྲུག་མ་ཎི་འདོན་པ་དང་། མིག་ཟུང་ཟིམ་ཟིམ་དུ་གཡོ་བ་ལྟ་བུར་འཁྲབ་དགོས་པ་ལགས།  
          གཞན་ཡང་། ཞི་བའི་ཉམས་སྐྱོན་བྲལ་ངང་བསྒྲུབ་པར་བྱ་བ་ལ། དགོས་བསྟུན་གྱིས་སྙིང་རྗེའི་ཉམས་ཅུང་ཟད་སྦྱར་ན་མི་འགལ་ཞིང་། སྒེག་པ་དང་། དཔའ་བ། བཞད་གད། དྲག་ཤུལ། འཇིགས་རུང་། རྔམ་པ་བཅས་འགལ་བར་སེམས་ནས་སྤོང་དགོས་པ་ཡིན་ཏེ། སྙིང་རྗེ་དང་ཞི་བ་གཉིས་ནི་ཕན་འདོགས་ཤིང་དུལ་བའི་རང་བཞིན་ཡིན་ལ། སྒེག་པ་ནི་འཕྱར་བ་དང་གཡེང་ཞིང་རྣམ་པར་མ་ཞི་བའི་ཆོས་ཡིན་པའི་ཕྱིར་རོ། །དེ་བཞིན་དུ་སྙིང་རྗེ་དང་ཞི་བ་གཉིས་ནི་ཡིད་བདེ་ཞིང་དུལ་བའི་རང་བཞིན་ཡིན་ལ། དཔའ་བ་དང་། བཞད་གད་དང་། དྲག་ཤུལ་དང་། འཇིགས་རུང་བཅས་ནི་དེ་དག་ལས་ལྡོག་པ་ཉིད་ཡིན་པའི་ཕྱིར་རོ། །  
གོང་གསལ་ཉམས་དགུ་པོ་དེ་དག་ཀྱང་རང་ལུགས་ལྟར་བྱས་པ་ཡིན་ལ། སྤྱིར་དཔེ་རྒྱུན་ཁ་ཅིག་ནང་དུ་སྒེག་པ་དང་། དཔའ་བ། མི་སྡུག་པ་སྟེ་ལུས་ཀྱི་ཉམས་གསུམ་དང་། དྲག་ཤུལ། བཞད་གད། འཇིགས་རུང་སྟེ་ངག་གི་ཉམས་གསུམ། སྙིང་རྗེ་དང་། རྔམ་པ། ཞི་བ་སྟེ་ཡིད་ཀྱི་ཉམས་གསུམ་དུ་དབྱེ་སྲོལ་བྱུང་ཡང་། རིགས་པས་བརྟག་ཚེ་དྲག་ཤུལ་དང་། བཞད་གད། འཇིགས་རུང་གསུམ་པོ་ངག་དང་འབྲེལ་བ་ཡོད་ཀྱང་། སྐབས་འདིར་ལུས་ཀྱི་སྟངས་སྟབས་རྣམ་འགྱུར་རམ་ཆ་བྱད་ལ་གོ་དགོས་པས་ལུས་ཀྱི་ཉམས་རང་དུ་ངེས་ཤིང་། ཁྱད་པར་སྙིང་རྗེ་དང་། རྔམ་པ། ཞི་བ་བཅས་གསུམ་ཡང་སྐབས་འདིར་ལུས་ཉམས་རང་དུ་བཞག་ན་གར་ཉམས་ཀྱི་མཚན་ཉིད་དང་མི་འགལ་བར་སེམས། ཅིའི་ཕྱིར་ཞེ་ན། གར་ཞེས་པ་ནི་ལུས་དང་རྐང་ལག་གི་རོལ་སྒེག་རྣམ་འགྱུར་ལ་འཇུག་པའི་ཐ་སྙད་ཅིག་ཡིན་ན། ཉམས་དེ་ཡང་ལུས་དང་རྐང་ལག་གི་རོལ་སྒེག་རྣམ་འགྱུར་གྱི་སྟེང་ནས་བཞག་ན་འོས་ཤིང་། ཡིད་ལ་གར་གྱི་ཐ་སྙད་འཇུག་ཏུ་མེད་པའི་ཕྱིར་རོ། །གཞན་ཡང་གར་གྱི་ཉམས་དང་ལྡན་པའི་ལྷའི་སྣང་བརྙན་ལ་ཆ་བཞག་ན། རྒྱན་མདངས་ཀྱིས་སྒེག་པ་དང་། འགྱིང་ལ་རོལ་བས་དཔའ་བ་དང་། སྤྱན་ལོག་ཁྲོ་གཉེར་གྱིས་མི་སྡུག་པ་དང་། འཛུམ་ཞིང་ཧ་ཧའི་སྒྲས་དགོད་པ་དང་། ཧི་ཧི་དང་ཧྥུཾ་ཕཊ་སྒྲོག་པས་དྲག་ཤུལ་དང་ལྡན་པ་དང་། སོ་ཐམ་པ་དང་མགོ་གུག་ཅིང་མཚོན་ཆ་ཕྱར་གདེངས་ཀྱིས་འཇིགས་སུ་རུང་བ་དང་། སྤྱན་དམར་ཟིམ་ཟིམ་དང་གཞོན་ཤས་སྙིང་རྗེ་དང་། ཞལ་གདངས་རྐན་རྡེབ་པས་རྔམ་པ་དང་། མཉེན་ལྕུག་འཇམ་པའི་མིག་སྣ་རྩེར་བལྟས་པས་ཞི་བ་སྟེ། ལྷ་སྐུའི་སྣང་བརྙན་གྱི་ཉམས་དགུ་པོ་དེ་རྣམས་ཀྱང་གར་ནས་བྱུང་བ་ཞིག་ཡིན་ལ། གར་གྱི་གར་ཉམས་དགུ་པོ་གང་ཞིག་ཡིན་རུང་། བརྟན་གཡོའི་གཟུགས་བརྙན་གཅིག་བསྡུས་ཀྱི་མཛེས་པ་ཞིག་ཡིན་དགོས་སོ། །   
གསུམ་པ། ཉམས་དང་འགྱུར་བའི་གནས་ལུགས་སྐོར་ལ་དཔྱད་པ།
          སྤྱིར་ཉམས་དང་འགྱུར་བ་གཉིས་སུ་ཕྱེ་བའི་བློའི་འཆར་སྒོ་ལ་འགྱུར་བ་དང་། འགྱུར་བ་དེ་ཕྱི་ལུས་ངག་གི་ཐོག་ནས་ཕྱིར་མངོན་པ་ལ་ཉམས་ཞེས་བརྗོད་པ་དཔེར་ན། དགའ་བ་དང་། སྐྱོ་བ། ཁྲོ་བ་སོགས་ནི་འགྱུར་བ་ཁོ་ན་ཡིན་ཞིང་ཉམས་མ་ཡིན། འོན་ཀྱང་དེ་ལྟའི་འགྱུར་བ་འཕེལ་བ་ལས་འཛུམ་མདངས་བསྟན་ཅིང་སྒེག་པའི་བྲོ་འཁྲབ་པ་དང་། མིག་ཆུ་གཏོང་བཞིན་སྙིང་རྗེའི་རྣམ་འགྱུར་སྟོན་པ། ཁྲོ་གཉེར་བསྡུས་ཤིང་ཕ་རོལ་འདུལ་སྟངས་བྱེད་པ་སོགས་ནི་འགྱུར་བ་དེ་ཕྱི་ལུས་ཀྱི་ཐོག་ནས་མངོན་པའི་ཉམས་ཡིན། དེ་ལ་རང་བཞིན་གྱི་ཉམས་དང་། སྒྲུབ་པའི་ཉམས་གཉིས་ཡོད་ཀྱང་། སྐབས་འདིར་བཤད་པའི་གར་གྱི་ཉམས་ཞེས་པ་ནི་སྒྲུབ་པའི་ཉམས་ཡིན་གྱི་རང་བཞིན་གྱི་ཉམས་ནི་མིན། འོ་ན་དེ་གཉིས་བར་འབྲེལ་བ་མེད་པ་ཡིན་ནམ་ཞེ་ན། དེ་ཡང་མ་ཡིན་ཏེ། སྤྱིར་དེ་གཉིས་བར་བརྗོད་བྱ་དང་རྗོད་བྱེད་ལྟ་བུའི་འབྲེལ་བ་གཏིང་ཟབ་ཡོད། དེ་ཡང་རང་བཞིན་གྱི་ཉམས་ནི་བརྗོད་བྱའི་ཉམས་ལྟ་བུ་ཡིན་ལ། སྒྲུབ་པའི་ཉམས་ནི་རྗོད་བྱེད་ཀྱི་ཉམས་ལྟ་བུ་ཡིན། ཅིའི་ཕྱིར་ཞེ་ན། དང་པོ་ནི་འཚོ་བ་དངོས་དང་ཐད་ཀར་འདྲེས་ནས་གནས་པ་ཞིག་ཡིན་ལ། གཉིས་པ་སྤྱི་ཚོགས་ཀྱི་འཚོ་བ་དངོས་ཀྱི་ནང་ནས་བྱུང་ཡང་། འཚོ་བ་དངོས་ལས་ཚད་མཐོ་ཞིང་གཅིག་བསྡུས་ཀྱི་རང་བཞིན་ལྡན་པ་ཞིག་ཡིན་པར་མ་ཟད། འཚོ་བ་དངོས་དེ་རྣམས་མཚོན་བྱེད་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་གཤིས། དང་པོ་ནི་འཚོ་བའི་ཉམས་དང་། གཉིས་པ་ནི་སྒྱུ་རྩལ་གྱི་ཉམས་ཡིན་ཞེས་བརྗོད་ནའང་མི་འགལ་བར་སེམས།  
          གཞན་ཡང་སྒྱུ་རྩལ་ལ་རོལ་བའི་བརྒྱུད་རིམ་སྟེང་ནས་བཤད་ན། ཉམས་དང་འགྱུར་བ་གཉིས་ནི་རྒྱུ་འབྲས་སུ་འགྲོ་བ་ཡིན་ཏེ། ཉམས་ཀྱི་སྔ་ལོགས་སུ་བྱུང་བའི་འགྱུར་བ་ནི་དེ་སྐྱེད་བྱེད་ཀྱི་རྒྱུ་ཡིན་ལ། ཉམས་ཀྱི་ཕྱི་ལོགས་སུ་བྱུང་བའི་འགྱུར་བ་ནི་དེའི་འབྲས་བུ་ཡིན། དེ་ཡང་ཡུལ་ཡུལ་ཅན་གྱི་རྣམ་གཞག་སྟེང་ནས་གསལ་བར་བཤད་ན། དཔེར་ན་ཡུལ་ཅན་སྒེག་སོགས་གར་ཉམས་གང་རུང་སྒྲུབ་པ་པོ་ཞིག་ལ་གར་ཉམས་དེ་སྒྲུབ་བྱེད་ཀྱི་ཡིད་འགྱུར་མེད་ན་གར་ཉམས་དེ་སྒྲུབ་མི་ཐུབ་ལ། དེ་སྒྲུབ་མ་ཐུབ་ན། ཡུལ་ལྟད་མོ་བའི་ཡིད་ལ་དེ་དང་རྗེས་མཐུན་གྱི་འགྱུར་བ་ཞིག་      འཕེལ་མི་ཐུབ་པ་དེ་ལྟར་ལགས། དེས་ན་ང་ཚོས་བརྗོད་བྱ་དོན་དང་ལྡན་པའི་ཟློས་གར་གང་ཞིག་འཁྲབ་པ་ཡིན་རུང་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ལ་དོ་སྣང་བྱེད་དགོས་པ་ཡིན་ཏེ། གལ་ཏེ་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ལ་རྨོངས་ན་ཟློས་གར་འཁྲབ་པའི་དོན་གོ་མི་འབྱུང་བ་ཡིན། འོ་ན་སྐབས་འདིར་བསྟན་གྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་གང་ཞེ་ན། དེ་ཡང་འཁྲབ་གཞུང་ནང་དུ་གསལ་བའི་མི་སྣའི་གཟུགས་བརྙན་དེ་དང་དེ་ལྟ་བུ་ནི་གཞི་རྒྱུ། མི་སྣའི་གཟུགས་བརྙན་དེ་ལྟ་བུ་སྟངས་སྟབས་རྣམ་འགྱུར་སྟེང་ནས་མཚོན་པར་བྱེད་པ་ནི་ལམ། མཐར་ལྟད་མོ་བའི་ཡིད་ལ་མི་སྣའི་གཟུགས་བརྙན་དེ་ཇི་མ་ཇི་བཞིན་བརྒྱུད་སྤྲོད་བྱས་པ་ནི་དེའི་འབྲུས་བུ་ཡིན་པར་བཤད་ན་མི་འགལ་བར་སེམས་པའོ།།།