ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > དུས་ཆེན།

བོད་ཀྱི་དམངས་ཁྲོད་གླུ་གཞས་ཀྱི་ཡུལ་སྐད་རང་བཞིན་དང་འབྲེལ་བའི་སྐོར་ལ་ཐོག་མར་དཔྱད་པ།

སྤེལ་དུས 2018-03-21 ཡོང་ཁུངས། ངེད་དྲ་བ། རྩོམ་པ་པོ། དགྲ་ལྷ་ཟླ་བ་བཟང་པོ།
          ཉེ་ལམ་ལོ་ཤས་རིང་ལ་བོད་ཀྱི་དམངས་ཁྲོད་གླུ་གཞས་སྐོར་ལ་ཞིབ་འཇུག་དང་དོ་སྣང་མཛད་མཁན་རྣམས་ཀྱིས་བོད་ཀྱི་དམངས་ཁྲོད་གླུ་གཞས་ཀྱི་གཞི་རྩའི་ཆོས་ཉིད་དང་། ལོ་རྒྱུས་འབྱུང་ཁུངས། རིགས་དང་རྣམ་གྲངས་སོགས་ལ་རྣམ་པ་འདྲ་མིན་གྱི་སྒོ་ནས་རྟོག་ཞིབ་དཔྱད་གླེང་བགྱིས་པར་གྲུབ་འབྲས་ལམ་ཙམ་ཐོབ་ཡོད། འོན་ཀྱང་བློ་ཕམ་ཞིང་ཉམས་དམའ་བ་ཞིག་ལ་ད་བར་བོད་ཡིག་རང་གི་ཐོག་ནས་དཔྱད་ཞིབ་བྱས་པའི་རྩོམ་ཡིག་ཉུང་ཁར། ཡོད་པ་དེ་དག་ཀྱང་ལྟ་མཁན་ཉུང་བས་ཁྱབ་གདལ་འགྲོ་དཀའ་བ་ཞིག་ཏུ་སྣང་། རྒྱུ་མཚན་དེ་ལྟ་བུའི་དབང་གིས་ཁོ་བོར་ཤ་ཚ་བའི་བློ་མཐུན་འགའ་ཞིག་ནས་ཀྱང་། བག་ཆགས་ཆེ་ཙམ་འཇོག་འདོད་ན་རབ་ལ་རྒྱ་ཡིག་ནས་ཐད་བྲིས། དེ་ནས་མ་བྱུང་ན་བོད་ཡིག་ནས་རྒྱ་ཡིག་ལ་བསྒྱུར་དགོས་ཞེས་ཁ་ཏ་བསླབ་བྱ་བྱས་མྱོང་། སྐད་ཆ་དེ་ལྟ་བུ་ཧོབ་སྟེ་ཉན་སྐབས་གནད་འགག་ཆེ་བ་རང་མི་འདུག་ཀྱང་། བསམ་བློ་ཞིབ་མོ་ཞིག་གཏོང་སྐབས་དངོས་གནས་སེམས་ལ་དངངས་འཚབ་སྐྱེ་དགོས་པ་ཞིག་རེད། ཁོང་ཚོའི་སྐད་ཆ་དེ་ནས་རང་གི་ལུང་པར་རང་གི་སྐད་ཡིག་མ་བྲིན་པ་ལྟ་བུ་དེ་མཚོན་ཐུབ་པ་མ་རེད་དམ། དེ་ལྟ་བུ་སུས་ལན་པ་ཡིན་ནམ་ཞེ་ན། བྱ་ཡིས་མ་ལན་སྤྲེའུས་ལན། །སྤྲེའུ་བྱ་བྱེད་མང་བས་ལན། །ཞེས་པའི་དཔེ་ལྟར་ཕྱི་རོལ་གྱི་རྒྱུ་རྐྱེན་ཕུད་ནང་རྐྱེན་གཙོ་བོ་སོ་སོ་རང་ཉིད་ཀྱིས་ལན་པ་ཡིན། རང་གི་སྐད་ཡིག་ལ་རང་གིས་མཐོང་ཆེན་མ་བྱས་པས་ལན་པ་ཡིན། རང་གི་སྐད་ཡིག་རང་གིས་བེད་སྤྱོད་མ་བྱས་པས་ལན་པ་ཡིན། རང་གི་སྐད་ཡིག་རང་གིས་སློབ་སྦྱོང་མ་བྱས་པས་ལན་པ་ཡིན། མཐར་གཏུགས་ནས་བཤད་ན། འཕྲལ་གྱི་ཁེ་གྲགས་དོན་དུ་གཉེར་དྲགས་པ་དེ་རང་གིས་ལན་པ་ཡིན་ནོ། །འོན་ཀྱང་དེ་ལྟར་ཡིན་པ་མ་ཚོར་བར་བོད་ཀྱི་སྐད་ཡིག་འདི་རང་གིས་ལན་ཞེས་སྨྲ་བའང་མང་ངོ་། །དོན་དམ་དུ་བོད་ཀྱི་རིག་གནས་ཤུལ་རྒྱུན་མྱུར་སྐྱོབ་བྱེད་པ་ལ་བོད་ཡིག་རང་ལ་མ་བརྟེན་ཐབས་མེད་ཡིན་ཞིང་། བོད་ཀྱི་རིག་གནས་ཀྱི་ཁྱབ་ཁོངས་གང་ཞིག་ལ་ཞིབ་འཇུག་བྱེད་པའི་ཚེ་ཡང་བོད་ཀྱི་རིག་གནས་ཀྱི་མ་ཕྱི་ལྟ་བུར་གྱུར་པའི་སྐད་ཡིག་དེ་ལ་མ་བརྟེན་ཐབས་མེད་ཡིན་ཕྱིར། བོད་ཀྱི་སྐད་ཡིག་ལ་མཐོང་ཆུང་དང་ཁྱད་གསོད་བྱེད་མཁན་ཀྱི་“བོད་རིག་པ་མཁས་ཅན་དུ་རློམ་པ་ཚོ་”ནི་རང་འཁྲུལ་གཞན་རྨོངས་ཀྱི་རྣམ་ཐར་སྐྱོང་བ་ལས་མ་འདས་སོ། །འོན་ཀྱང་བོད་ཡིག་ལ་བསྔགས་པ་ཙམ་གྱིས་བོད་ཀྱི་རིག་གནས་ལ་ཞེན་པ་ཡང་མཚོན་མི་ནུས་ཏེ། ལག་ལེན་དངོས་ཀྱི་ཐོག་ནས་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་བོད་ཀྱི་སྲོལ་རྒྱུན་དང་དེང་རབས་རིག་གནས་ཀྱི་མ་ལག་ཧྲིལ་པོར་ཞིབ་འཇུག་བྱེད་རྒྱུ་ནི་དེ་བས་འགངས་ཆེའོ །     
དང་པོ།  དམངས་ཁྲོད་གླུ་གཞས་ཀྱི་སྤྱི་ཁོག་དང་འབྲེལ་བའི་སྒོ་ནས་ཡུལ་སྐད་ཀྱི་ཆོས་ཉིད་བཤད་པ།
          དེ་ཡང་འདིར་སྐབས་སུ་བབས་པ་དམངས་ཁྲོད་གླུ་གཞས་ཀྱི་ཡུལ་སྐད་རང་བཞིན་དང་འབྲེལ་བའི་སྐོར་ལས་བརྩམས་ཏེ་གླེང་བར་བྱ་བ་ནི། དམངས་ཁྲོད་གླུ་གཞས་ཞེས་པའི་ཐ་སྙད་འདི་བཞིན་ཡོ་རོབ་གླིང་དང་། ཨ་མེ་རི་ཁ་གླིང་། དེ་བཞིན་རྒྱ་གར་དང་ཨེ་ཤ་ཡའི་རིག་གནས་གཞན་མའི་ནང་གྲོང་གསེབ་པའི་གླུ་གཞས་སམ་ཞིང་པའི་གླུ་གཞས་ལའམ། ཡང་ན་ངག་ཐོག་ནས་བརྒྱུད་སྤེལ་བྱས་པའི་གླུ་གཞས་ཀྱི་རིགས་ལ་འཇུག་ཅིང་། དུས་རབས་བཅུ་དགུ་པའི་ནང་དེ་ནི་གནའ་སྔ་མོ་ཞིག་ནས་དམངས་ཁྲོད་ཐུན་མོང་གིས་བརྩམས་པར་འདོད་ཀྱང་། དེང་སྐབས་ང་ཚོས་ངོས་འཛིན་ཐུབ་པ་ནི། དམངས་གཞས་དེ་ཡང་སྒྱུ་རྩལ་གླུ་གཞས་དང་འདྲ་བར་ཐོག་མར་རྩོམ་པ་པོ་ཞིག་ཡོད་ཀྱང་། དར་ཁྱབ་ཏུ་སོང་བའི་བརྒྱུད་རིམ་ནང་ཐུན་མོང་གིས་བཟོ་བཅོས་དང་ལས་སྣོན་བྱས་པ་ལས་གདོད་མའི་རྩོམ་པ་པོ་དེ་དམངས་ཁྲོད་དུ་སིམ་ཞིང་། གླུ་གཞས་དེ་ཡང་མི་རིགས་ཀྱི་རྣམ་པ་དང་ཁྱད་ཆོས་ལྡན་པ་ཞིག་ཏུ་གྱུར་པར་སྙམ།  
          ཡ་ཐོག་བོད་མིའི་དམངས་གཞས་དེ་ཡང་ཡ་ཐོག་བོད་མིའི་བློ་གྲོས་ལས་བྱུང་ཞིང་། དེའི་བརྗོད་དོན་གཙོ་བོ་ནི་རང་བྱུང་ཁམས་ལས་རྣམ་པར་རྒྱལ་ཐབས་ཀྱི་རེ་སྨོན་མཚོན་པ་ཞེ་གཅིག་རེད་ལ། གྲལ་རིམ་ཡོད་པའི་སྤྱི་ཚོགས་སུ་སླེབས་རྗེས་དམངས་གཞས་ཀྱི་བརྗོད་དོན་དང་རྣམ་གྲངས་ཉིན་བཞིན་མང་དུ་ཕྱིན་ཡོད། སྲོལ་རྒྱུན་གྱི་དམངས་ཁྲོད་གླུ་གཞས་ལ་བརྗོད་བའི་སྒོ་ནས་དབྱེ་ན། ངལ་རྩོལ་འཚོ་བ་མཚོན་པའི་ལས་གཞས་དང་། དབང་སྒྱུར་གྲལ་རིམ་ལ་ཟུར་ཟ་བྱེད་པའི་དུས་བསྟུན་ཁྲོམ་གཞས། ཕོ་མོའི་བར་གྱི་བརྩེ་དུང་ལ་རྒྱ་མཚོན་པའི་མཛའ་གླུ་དང་ཚིག་རྒྱག   དེ་བཞིན་ཆོས་ལུགས་ཀྱི་དད་མོས་མཚོན་པར་བྱེད་པའི་ཆོས་གླུ་དང་། རང་བྱུང་ཁམས་ཀྱི་མཇེས་ལྗོངས་སོགས་ལ་བསྟོད་པའི་བསྟོད་གླུ། གཞན་ཡང་གླུ་གར་གྱི་ནང་དོན་མཚོན་པའི་གླུ་གཞས་བཅས་ཤིན་ཏུ་མང་ངོ་། 
          གཞི་རྐང་བོད་རིགས་ཀྱི་དམངས་གཞས་གང་ཞིག་ཡིན་རུང་། དེའི་གཉུག་མའི་གནས་སྐབས་ནི་ཡུལ་སྐད་དང་ཁ་འབྲལ་ཐབས་མེད་ལ། དེའི་གཞས་ཚིག་རྣམས་ཀྱང་ཡུལ་སྐད་འབའ་ཞིག་ལ་བརྟེན་ནས་བྱུང་བ་ཡིན་ན། དམངས་གཞས་གྲུབ་དུས་ཀྱི་དབྱངས་རྟའི་ཁྱད་ཆོས་དང་ཡུལ་སྐད་བར་སྐལ་མཉམ་གྱི་འབྲེལ་བ་ཞིག་ལོས་ཡོད། དེས་ན་ང་ཚོས་ཡུལ་སྐད་ཀྱི་དབྱེ་མཚམས་འབྱེད་ལུགས་རྨང་གཞིར་བྱས་ཏེ། བོད་ཀྱི་དམངས་གཞས་ལ་ཡུལ་སྐད་དབང་གིས་ཁྱད་པར་ཇི་ལྟར་བྱུང་ལུགས་སྐོར་བརྗོད་ན།  སྤྱིར་བོད་རིགས་ཀྱི་དམངས་གཞས་ཡིན་ན་དེའི་གཞས་ཚིག་ནི་བོད་སྐད་ཡིན་པས་ཁྱབ་པ་གང་ཞིག་དེའི་གཞས་གདངས་དེ་ཡང་བོད་ཀྱི་རོལ་དབྱངས་ཀྱི་རིགས་སུ་གཏོགས་པས་ཀྱང་ཁྱབ། འོན་ཏང་བྱེ་བྲག་བོད་རིགས་ཀྱི་དམངས་གཞས་དེ་རང་ལ་ཡང་ཡུལ་མི་འདྲ་བའི་དབང་གིས་གཞས་ཚིག་དང་གདངས་འགྱུར་གང་གི་ཆ་ལ་ཡང་ཁྱད་པར་ཆེ་ཙམ་བྱུང་། དེ་ཡང་《རོལ་མོའི་བསྟན་བཅོས་》ལས།        
                                                                             དབུས་པ་རྣམས་ཀྱིས་ལྡིར་ཞིང་འགྱུར། །        
                                                                             གཙང་པ་འཚེར་ཞིང་གསལ་བ་ཡིན། །        
                                                                             གཙེར་ཞིང་མདུད་པ་མངའ་རིས་པ། །        
                                                                             ཁམས་པ་རྣམས་ནི་བརྗིད་ཅིང་གྱོང་། །       
                                                                             དེ་ལྟར་དེ་དག་རྣམས་ལ་ཡང་། །        
                                                                             སོ་སོར་ཕྱེ་ན་རྣམ་པ་མང་། །  
          ཞེས་བྱུང་བ་ལྟར། དབུས་པ་རྣམས་ཀྱི་སྐད་གདངས་ནི་ལྡིར་ཞིང་འགྱུར་བ་ངང་པ་དང་བུང་བའི་སྐད་འདྲ་བ་ཤས་ཆེ་བ་དང་། གཙང་པ་རྣམས་ཀྱི་སྐད་གདངས་གསལ་ཞིང་འཚེར་བ་ཁྱི་མ་བའམ་རྟ་སྐད་འདྲ་བ་ཤས་ཆེ་བ། མངའ་རིས་པ་རྣམས་ཀྱི་སྐད་གདངས་གཙེར་ཞིང་མདུད་པ་ར་ལུག་གི་སྐད་འདྲ་བ་ཤས་ཆེ་བ། ཁམས་པ་རྣམས་ཀྱི་སྐད་གདངས་སྦོམ་ཞིང་མི་ཁུགས་པས་བརྗིད་ཅིང་གྱོང་བ་བ་གླང་ངམ་མགྲིན་བཟང་གི་སྐད་འདྲ་བ་ཤས་ཆེ་བ་འབྱུང་བ་ཡིན་ལ། འདིར་བསྟན་དབུས་པ་ནི་ལྷ་ས་ལྟེ་བར་བྱས་པའི་དབུས་ཕྱོགས་ཀྱི་མི་རྣམས་ལ་ཟེར་ཞིང་། གཙང་ནི་ཆུ་ཀླུང་ཆེན་པོ་ལ་གཙང་པོར་འབོད་པ་ལས། དེའི་རྒྱུད་ན་ཆགས་པའི་ཡུལ་སྡེའི་སྐྱེ་བོ་རྣམས་ལ་གཙང་པ་ཞེས་སུ་གྲགས་ཤིང་། དེ་ཡང་གཞིས་ཀ་རྩེ་པས་གཙོས་པའི་གཙང་ཕྱོགས་ཀྱི་མི་རྣམས་ལ་གོ་དགོས། དེ་བཞིན་མངའ་རིས་ཞེས་པ་ཡང་དུས་ཕྱིའི་ཆོས་རྒྱལ་གྱི་གདུང་རྒྱུད་མགོན་གསུམ་གྱིས་ཡུལ་དེ་ཙམ་ལ་མངའ་མཛད་པ་ན། དེ་ཙམ་ཆབ་འབངས་སམ་མངའ་རིས་སུ་གནས་པའི་སྐྱེ་བོ་རྣམས་ལ་མངའ་རིས་པ་ཞེས་སུ་འབོད། ཁམས་ནི་སྔོན་གྱི་སྐད་ལ་སའི་མཐའ་ལ་བྱེད་ཅིང་། ཨ་མདོ་དང་བཅས་པ་རྣམས་ལ་ཁམས་ཡུལ་དུ་འབོད་པས་ན། སྤྱིར་ཡུལ་དེ་ཙམ་ལ་གནས་པའི་སྐྱེ་བོ་རྣམས་ལ་ཁམས་པ་ཞེས་སུ་ཐོགས་པ་བཅས་སོ། །དེ་ལྟ་བུའི་སྐད་དེ་དག་ལ་ཡང་ནང་གསེས་དབྱེ་བ་ཅི་ཙམ་བྱུང་ཞེ་ན། སྤྱིར་དབུས་ལ་དབྱེ་བ་དེ་ཙམ་མེད་མོད། གཙང་ལ་སྟོད་སྨད་གཉིས་སུ་བྱུང་བ་དང་། མངའ་རིས་ལ་སྐོར་གསུམ་དུ་བྱུང་བ། ཁམས་ལ་མདོ་སྟོད་མདོ་སྨད་སོགས་ཀྱི་དབྱེ་བ་མང་ངོ་། །དེ་ཡང་ཡུལ་ལུང་གང་ཞིག་གི་དམངས་གཞས་གཏོང་སྐབས་དེའི་ཡུལ་སྐད་ཀྱི་ཁྱད་ཆོས་རང་ཤུགས་སུ་མངོན་ཐུབ་པ་ནི་བརྗོད་མེད་ཡིན་ལ། དེ་ཡིན་བཞིན་དུ་ཡུལ་ལུང་གཞན་མའི་ཡུལ་སྐད་བཙན་སྒྲིག་བྱས་ཚེ། འདྲ་པོ་ཞིག་ཡོང་ཡང་དགོས་རྒྱུའི་བྲོ་བ་དངོས་དེ་འཆོར་འགྲོ་ངེས་ཡིན། དཔེར་ན་སྟོད་གཞས་ནང་མའི་རིགས་རྣམས་ཨ་མདོའི་ཡུལ་སྐད་ཐོག་ནས་ལེན་ན་མི་འཚམ་ལ། ཨ་མདོའི་ལ་གཞས་ལྟ་བུ་དབུས་གཙང་གི་ཡུལ་སྐད་ཐོག་ནས་ལེན་ན་མི་སྙན་པ་ལྟ་བུའོ །དེ་ལས་དམངས་གཞས་ཅི་འདྲ་ཞིག་ཡིན་རུང་དེའི་གཞི་རྩའི་གནས་སྟངས་ནི་ཡུལ་སྐད་དང་ཁ་འབྲལ་ཐབས་མེད་པར་མ་ཟད། ཡུལ་སྐད་ཀྱི་ཁྱད་ཆོས་དང་དམངས་གཞས་ཀྱི་དབྱངས་རྟའི་ཉམས་འགྱུར་བར་སྐལ་མཉམ་གྱི་འབྲེལ་བ་ཞིག་ཀྱང་ཡོད་པ་རྟོགས་ཐུབ་བོ། །  
          སྐབས་འདིར་ཡུལ་སྐད་ཀྱི་བྱུང་བར་དྲན་རྟོག་ཅིག་བྱས་ན། ཐོག་མར་རང་རེའི་ཡུལ་འདིར་སྐད་ལུགས་མང་པོ་དེ་ཙམ་མེད་ལ་སྤྱོད་ལམ་དང་ཆས་གོས་སོགས་ཀྱང་ཐུན་མོང་དུ་གནས། དེ་ནས་བོད་སིལ་བུར་ཐོར་བའི་རྗེས་སུ་ཡུལ་སྡེ་ཁག་ཀྱང་སྡེ་དཔོན་རེ་རེས་དབང་བསྒྱུར་བར་མ་ཟད། སྟོད་སྨད་བར་གྱི་འབྲེལ་ལམ་ཡང་ཉུང་དུ་སོང་བ་དང་། ཁྱད་པར་དབུས་གཙང་ཁུལ་དེ་ཡུལ་གྲུ་ཆེ་ཞིང་ཆབ་སྲིད་དཔལ་འབྱོར་སྐད་ལུགས་ཕྱོགས་གང་ཅིར་ཡར་རྒྱས་ཆེན་པོ་བྱུང་བ་དང་། སྨད་མདོ་ཁམས་ཁུལ་དུ་ཡོད་པའི་ཡུལ་སྡེ་དང་། སྟོད་རྒྱ་གར་གྱི་མཚམས་སུ་ཡོད་པའི་མངའ་རིས་སོགས་ཁུལ་དེ་དག་ནི་བཙན་ས་བཟུང་བ་ཙམ་ལས་ཡར་རྒྱས་ཆེན་པོ་མ་བྱུང་སྟབས། ཟླ་ལམ་དུ་མས་ཆོད་པའི་སྟོད་སྨད་ཀྱི་ཡུལ་གྲུ་དེ་གཉིས་ཀྱི་སྐད་ལུགས་དང་སྤྱོད་ལམ་ཆས་གོས་སོགས་ཀྱང་ཤིན་ཏུ་མཐུན་པ་སྟེ། 《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་》ལས་ཀྱང་།  
          “དབུས་གཙང་ཕྱོགས་ནི་ཡུལ་གྲུ་ཆེ་བས་སྤྱོད་ལམ་དང་སྐད་ལུགས་ཆས་གོས་སོགས་མང་དུ་འགྱུར་ཟིན་ཅིང་། སྐད་ཀྱང་ཨ་མདོ་དང་མི་འདྲ། ཆས་ཀྱང་མི་འདྲ་ཡང་། སྟོད་མངའ་རིས་དང་རྒྱ་གར་མཚམས་ཀྱི་མཐའ་ན་གནས་པའི་ཡུལ་ཆུང་མང་པོ་ཞིག་གི་སྐད་ཀྱང་ཨ་མདོའི་སྐད་དང་ཤིན་ཏུ་མཐུན། བུད་མེད་རྣམས་ཀྱི་ཆས་ཀྱང་རྒྱབ་ཏུ་རས་ལྷེབ་མོ་ཞིག་དཔྱངས་ཏེ་དེར་གཡུ་བསྒྲིགས་པ་ཨ་མདོ་དང་འདྲ།”
          ཞེས་བྱུང་བ་ལས་ཀྱང་ཤེས་ཐུབ། འོན་ཀྱང་འདིར་ནན་བཤད་བྱེད་དགོས་པ་ཞིག་ལ། བོད་ཀྱི་ཡུལ་གྲུ་གང་གི་ཡུལ་སྐད་གང་ཞིག་ཡིན་རུང་། དེར་དབྱངས་གསལ་སོ་བཞིས་མ་ཁྱབ་པ་མེད་ལ། ཡིག་ཐོག་ནས་གཅིག་གྱུར་ཡིན་ཏེ། དབུས་གཙང་གི་མི་ཞིག་གིས་བྲིས་པའི་རྩོམ་དང་། མདོ་ཁམས་ཀྱི་མི་ཞིག་གིས་བྲིས་པའི་རྩོམ། དེ་བཞིན་མངའ་རིས་ཀྱི་མི་ཞིག་གིས་བྲིས་པའི་རྩོམ་ལ་བལྟས་ཚེ་ཡུལ་སྐད་བྱེ་བྲག་གི་དབྱེ་བ་མེད་པར་ཡུལ་གཅིག་གི་མིའི་རྩོམ་ལྟ་བུ་ཞིག་ཡིན་ལ། དབྱངས་གསལ་སྔོན་རྗེས་མགོ་འདོགས་སོགས་གཏན་ལ་ཕབ་པ་ནས། ཡིག་གཟུགས་ལེགས་བཅོས་ཐེངས་འགའ་ཤས་དང་། སྐད་གསར་བཅད་ཀྱིས་ལེགས་བཅོས་ཐེངས་གསུམ་ཙམ་བྱས་ཡོད་ནའང་། ཆོས་རྒྱལ་ཚོའི་སྐབས་ལ་བཞེངས་པའི་རྡོ་རིང་སོགས་ལ་བལྟས་ཚེ་ཤར་མར་ཀློག་ཐུབ་པ་མ་ཟད་ཚིག་དོན་རགས་རིམ་གོ་ཐུབ་པ་ནི་དེང་དུས་བོད་ཡིག་ལ་བྱང་བ་ཀུན་ལ་ཡོད་ཅིང་། ཁྱད་པར་དཔར་འདེབས་ལག་རྩལ་ཐོན་པ་ནས་བཟུང་བོད་ཡིག་གི་གཟུགས་དང་དག་ཆ་སོགས་ཀྱང་གཅིག་གྱུར་དང་གཏན་འཁེལ་བྱུང་བས། ཆོས་སྲིད་གང་གི་ཆ་ལའང་ཡིག་ཐོག་ནས་གཅིག་གྱུར་ཡིན་པ་ནི་ཚང་མས་ཤེས་གསལ་ལྟར་རོ། །   
གཉིས་པ། དམངས་ཁྲོད་གླུ་གཞས་ཀྱི་ཚིག་གི་རྣམ་གཞག་དང་འབྲེལ་བའི་སྒོ་ནས་ཡུལ་སྐད་རང་བཞིན་བཤད་པ།
          སྤྱིར་རང་རེ་ཁ་བ་གངས་ཅན་གྱི་ལྗོངས་འདིའི་དམངས་ཁྲོད་གླུ་གཞས་གང་ཞིག་ཡིན་རུང་། དེའི་གཞས་ཚིག་ནི་ཚིགས་སུ་བཅད་པའི་ལམ་ལས་དྲངས་པ་ཞེ་གཅིག་ཡིན་ལ། ཚིགས་བཅད་གཅིག་ཅེས་པའང་ཚིག་རྐང་བཞི་ངེས་པར་ཚང་དགོས་པ་དེ་འདྲ་ཁོ་ན་མ་ཡིན་པར། ངག་དོན་འབྲེལ་ན་རྐང་པ་གཉིས་ནས་གསུམ་མམ། བཞིའམ། ལྔའམ། དྲུག་སོགས་གང་ཡང་རུང་བ་ལ་ཚིགས་བཅད་གཅིག་ཅེས་བཞག་ན་འགྲིག་པ་དང་། དབྱངས་དང་བཅས་པའི་ཚིག་ཕལ་ཆེར་ལ་ནི་ཚེག་བར་དྲུག་ལྡན་དང་། བདུན་ལྡན། བརྒྱད་ལྡན། དགུ་ལྡན་ལ་སོགས་པ་མཉམ་པའམ་མི་མཉམ་པ་གང་ཡང་རུང་ལ། ཚིགས་སུ་བཅད་པའི་རྣམ་གཞག་དེ་ཉིད་གོམས་བདེར་ཡོད་པ་ནི། 《རོལ་མོའི་བསྟན་བཅོས་》ལས་ཀྱང་།       
                                                                             རྐང་པ་གཉིས་ནས་དྲུག་གི་བར། །       
                                                                             ངག་དོན་འབྲེལ་ན་ཚིགས་བཅད་གཅིག །       
                                                                             དེ་ལ་རྗེས་སུ་བསྔགས་ལ་སོགས། །        
                                                                             ཇི་ལྟར་བདེ་བའི་རྣམ་གཞག་མ །       
                                                                             དབྱངས་དང་བཅས་པ་ཕལ་ཆེར་ནི། །        
                                                                             ཡི་གེ་མཉམ་ཡང་མི་མཉམ་ཡང་། །        
                                                                             ཚིགས་སུ་བཅད་པའི་རྣམ་གཞག་འཇུག །  
          ཅེས་བྱུང་བ་ལྟར་རོ། ། དེ་ཡང་དཔེ་མཚོན་རེ་རེའི་སྟེང་ནས་མཚོན་པར་བྱས་ན།   (གཅིག) ཚིག་རྐང་གཉིས་ཅན་ཀྱི་ལུས་ནི། ཨ་མདོའི་ཡུལ་དུ་དར་བའི་“འགོ་རྩོམ་པའི་གླུ་”ལས།   
                                                                             ༡. གླུ་མགོ་མ་མཆོད་རྟེན་དཀར་པོ་ལེན། །    
                                                                             ཕག་འཚལ་ན་ཛཱག་སྒྲིབ་འདག་ནི་ལེན། །  
                                                                             ༢. གླུ་བར་མ་ཁིས་ཁའི་ལབ་རྩེ་ལེན། །    
                                                                             དེ་བསྟད་ན་དགྲ་ལྷ་འཁོར་ནི་ལེན། །  
                                                                             ༣. གླུ་གཞུག་མ་ཆུ་ཆེན་ཟམ་པ་ལེན། །    
                                                                             དེ་འཕངས་ན་བསམ་དོན་འགྲུབ་ནི་ལེན། །ཞེས་པ་ལྟ་བུའོ།   
          (གཉིས།) ཚིག་རྐང་གསུམ་ཅན་གྱི་ལུས་ནི། མདོ་སྨད་ཁུལ་དུ་དར་བའི་“བསྟོད་གླུའི་”སྐོར་ལས།  
                                                                             ༡. སྟོད་གངས་རི་དཀར་པོ་ཇེ་དཀར་རེད། །    
                                                                             སེང་དཀར་མོ་གཡུ་རལ་ཇེ་རྒྱས་རེད། །    
                                                                             སེང་དཀར་མོ་འཚོ་བ་གངས་ལ་བརྟེན། །  
                                                                             ༢. བར་རྒྱ་རྫོང་ནགས་ཚལ་ཇེ་མཐུག་རེད། །    
                                                                             སྟག་འཛུམ་དྲུག་རི་མོ་ཇེ་ཡག་རེད། །    
                                                                             སྟག་དམར་ཡག་འཚོ་བ་ནགས་ལ་བརྟེན། །  
                                                                             ༣. སྡེ་ཆེན་པོ་ཁ་ཞེང་ཇེ་ཆེ་རེད། །    
                                                                             ཕ་ཨ་ཁུའི་བསོད་ནམས་ཇེ་རྒྱས་རེད། །    
                                                                             ནང་ཁྲོམ་པ་བདུད་རྩི་ཆང་ལ་བརྟེན། །ཞེས་པ་ལྟ་བུའོ།   
          (གསུམ།) ཚིག་རྐང་བཞི་ཅན་གྱི་ལུས་ནི། ལྷ་ས་ཁུལ་དུ་དར་བའི་“མཛའ་གཞས་”ལས།       
                                                                             སི་ཤན་སྐུད་པའི་མདུད་པ། །       
                                                                             སོ་དང་སེན་མོས་བཀྲོལ་ཆོག །       
                                                                             ང་གཉིས་སེམས་ཀྱི་མདུད་པ། །       
                                                                             བཀྲོལ་ཀྱང་གྲོལ་ས་མ་རེད། །ཅེས་པ་ལྟ་བུའོ།   
          (བཞི།) ཚིག་རྐང་ལྔ་ཅན་གྱི་ལུས་ནི། མདོ་སྨད་ཀྱི་“བཀྲ་ཤིས་འཇོག་གླུའི་”སྐོར་ལས།  
                                                                             ༡. སྟོད་དབུས་གཙང་གསེར་གྱི་མཆོད་རྟེན་རེད། །    
                                                                             རྗེ་བླ་མ་མགོ་ཡི་ཉི་ཟླ་རེད། །    
                                                                             བན་སེར་པོ་སྐེད་ཀྱི་བང་རིམ་རེད། །    
                                                                             ཆོས་ཀུན་རིག་ཁོག་གི་གཟུངས་གཞུག་རེད། །    
                                                                             ས་དེ་ནས་སྐྱེ་བའི་སྨོན་ལམ་འདེབས། །  
                                                                             ༢. སྨད་རྒྱ་ནག་དངུལ་གྱི་མཆོད་རྟེན་རེད། །    
                                                                             དམངས་དམག་གཉིས་སྐེད་ཀྱི་བང་རིམ་རེད། །    
                                                                             རྒྱ་གོང་མ་མགོ་ཡི་ཉི་ཟླ་རེད། །    
                                                                             ཐབས་དཔའ་རྩལ་ཁོག་གི་གཟུངས་གཞུག་རེད། །    
                                                                             ས་དེ་ནས་སྐྱེ་བའི་སྨོན་ལམ་འདེབས། །  
                                                                             ༣. གྲོང་ཆེན་པོ་དུང་གི་མཆོད་རྟེན་རེད། །    
                                                                             དྲིན་ཕ་མ་མགོ་ཡི་ཉི་ཟླ་རེད། །    
                                                                             ནང་སྤུན་ཟླ་སྐེད་ཀྱི་བང་རིམ་རེད། །    
                                                                             གླུ་རྩེད་མོ་ཁོག་གི་གཟུངས་གཞུག་རེད། །    
                                                                             ས་དེ་ནས་སྐྱེ་བའི་སྨོན་ལམ་འདེབས། །ཞེས་པ་ལྟ་བུའོ།   
          (ལྔ།) ཚིག་རྐང་དྲུག་ཅན་གྱི་ལུས་ནི། ལྷ་ས་ཁུལ་དུ་དར་བའི་“ཅང་གཞས་”ལས།       
                                                                             སྦུ་རིལ་ལྟག་ལུང་སྦུ་རིལ། །       
                                                                             སྦུ་ཐག་སྟོང་སྐུད་གསུམ་སྒྲིལ། །       
                                                                             དེ་ཡི་ནང་དུ་ཡོད་པའི། །       
                                                                             མཆོད་ཆང་ཨ་རག་བདུད་རྩི། །       
                                                                             བཀྱག་མཁན་དམན་ཆུང་བུ་མོ། །       
                                                                             བཞེས་མཁན་སྟག་ཤར་གཞོན་པ། །  
          ཞེས་པ་ལྟ་བུའོ། ། དེ་བཞིན་ཚིག་རྐང་བདུན་ཅན་དང་། བརྒྱད་ཅན། དགུ་ཅན་སོགས་ཀྱང་ཡོད་པས། ཞིབ་པར་སྟོད་མངའ་རིས་སྐོར་གསུམ་ནས་བར་དབུས་གཙང་རུ་བཞི་སྨད་མདོ་ཁམས་སྒང་དྲུག་བཅས་སུ་དར་ཁྱབ་ཆེ་བའི་དམངས་ཁྲོད་གླུ་གཞས་ཀྱི་རིགས་ལ་དོ་སྣང་ཅུང་ཆེ་ཙམ་བྱས་ཚེ་རྟོགས་ཐུབ་བོ །  
གཞན་ཡང་ཚེག་བར་དོ་མི་མཉམ་པའི་སྐོར་ལ་ཡང་། ཚེག་བར་དྲུག་དང་བདུན་བསྲེས་པའམ་ཡང་ན་བདུན་དང་བརྒྱད་བསྲེས་པ་སོགས་སྣ་ཚོགས་ཡོད་པས། འདིར་མང་མི་དགོས་པར་མཚོན་བྱེད་དཔེ་གཉིས་ཙམ་དྲངས་ན། མདོ་སྨད་ཁུལ་དུ་དར་བའི་“་སྐྱོ་གླུའི་”སྐོར་ལས།        
                                                                             སྒར་དང་དགོན་པ་དལ་སེ་རེད། །         
                                                                             གདུགས་དང་བླ་མ་བྲེལ་སེ་རེད། །         
                                                                             མཇལ་ཁ་གནང་དུས་ཕེབས་རྒྱུ་རེད། །        
                                                                             དེ་བསམས་ནས་བླ་མར་དད་པ་བྱོས། །  
          ཞེས་པ་ལྟ་བུ་གླུ་ཚན་པ་གཅིག་སྟེ། དེའི་ཚིག་རྐང་སྔ་མ་གསུམ་ནི་ཚེག་བར་བདུན་ལྡན་ཡིན་ཡང་། ཕྱི་མ་གཅིག་པུ་བརྒྱད་ལྡན་ཡིན་པས་དོ་མི་མཉམ་པ་དང་། ཡང་“བྲོ་གཞས་”ཤིག་ལས།         
                                                                             འདི་ནི་ཡུལ་ཁམས་ཆེན་པོ་རེད། །         
                                                                             ཚང་ཏེ་ཚངས་སྲས་རྒྱལ་པོ་རྒྱལ་བློན་ཆེ། །         
                                                                             བཙུན་མོ་ལྷ་སྲས་ཀོང་ཇོ་ལྷ་གཅིག་སྲས། །                       
                                                                             བསོད་ནམས་ལྡན་པའི་ཆོས་ནི། །         
                                                                             གངས་ཅན་བོད་ལ་རྒྱས་སོང་། །  
          ཞེས་པ་ལྟ་བུ་ནི་ཚེག་བར་བདུན་ལྡན་དང་དགུ་ལྡན་དྲུག་ལྡན་གསུམ་མཉམ་དུ་བསྲེས་པས་དོ་མི་མཉམ་པ་ཞིག་སྟེ། ད་དུང་དེ་དང་དེ་འདྲ་བའི་བསྲེ་ཚུལ་སྣ་ཚོགས་པ་ཞིག་འདུག་ཀྱང་འདིར་ཡིག་རྫོབ་ལ་འཇིགས་ཏེ་མ་བཀོད་དོ །  
          མདོར་ན་རང་རེ་ཁ་བ་ཅན་པའི་དམངས་ཁྲོད་གླུ་གཞས་ཀྱི་གཞས་ཚིག་སྡེབ་སྦྱོར་བྱ་ལུགས་དེ་ཡང་ཚིགས་སུ་བཅད་པའི་ལམ་ནས་དྲངས་པ་ཞེ་གཅིག་ཡིན་ལ། དེ་ཡང་ཚིག་རྐང་བཞི་ཁོ་ནར་ངེས་པ་དེ་འདྲའང་མ་ཡིན་པར། ངག་དོན་འབྲེལ་ན་རྐང་པ་མང་ཉུང་གང་ཡང་རུང་ལ། ཚེག་བར་ཡང་དྲུག་ཁོ་ནར་ངེས་པ་དེ་འདྲ་མ་ཡིན་པར། མང་ཉུང་སྣ་ཚོགས་པ་ཞིག་བྱུང་བ་གང་ཞིག་མཉམ་དང་མི་མཉམ་གཉིས་སུ་ཡོད་པའང་ཤེས་དགོས་པར་མ་ཟད། དེའི་ཆོས་ཉིད་དང་ཁྱད་ཆོས་སོགས་ཀྱང་རྟོགས་པར་བྱ་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ་བ་ལགས་སོ།།  
          དེ་ཡང་སྔ་དུས་བོད་ཀྱི་སྐད་ཡིག་ལ་ལུང་ཚན་བྲེ་བྲག་གི་དབྱེ་བ་དེ་ཙམ་མེད་པ་དེ་བཞིན་དུ། དམངས་ཁྲོད་གླུ་གཞས་ཀྱི་ཚིག་སྡེབ་སྦྱོར་བྱ་ལུགས་ལ་ཡང་གཅིག་གྱུར་གྱི་རང་བཞིན་ཆེ་ཙམ་ལྡན་ལ། ཕྱིས་དུས་ཀྱི་དབང་གིས་ལུང་ཚན་སོ་སོའི་སྐད་ལུགས་ལ་ཡང་བྱེ་བྲག་གི་དབྱེ་བ་བྱུང་བ་དང་སྦྲགས། གཞས་ཚིག་སྡེབ་སྦྱོར་བྱེད་སྟངས་ལ་འགྱུར་བ་མང་དུ་སོང་ནས་སོ་སོའི་ཁྱད་ཆོས་གཟེངས་སུ་ཐོན་པ་བྱུང་། དེ་ཡང་《རྒྱལ་ཁམས་རིག་པས་བསྐོར་བའི་གཏམ་རྒྱུད་གསེར་གྱི་ཐང་མ་》ལས།  
          “སྟོད་མངའ་རིས་དང་རྒྱ་གར་མཚམས་ཀྱི་མཐའ་ན་གནས་པའི་ཡུལ་ཆུང་མང་པོ་ཞིག་གི་སྐད་ཀྱང་ཨ་མདོའི་སྐད་དང་ཤིན་ཏུ་མཐུན། བུད་མེད་རྣམས་ཀྱི་ཆས་ཀྱང་རྒྱབ་ཏུ་རས་ལྷེབ་མོ་ཞིག་དཔྱངས་ཏེ་དེར་གཡུ་སོགས་བསྒྲིགས་པ་ཨ་མདོ་དང་འདྲ། ཐ་ན་གླུ་ལེན་སྟངས་ཀྱང་དབུས་པའི་གཞས་ལྟ་བུ་མ་ཡིན་པར། ཁམས་དང་ཨ་མདོ་བཞིན་གདངས་རིང་པོ་འཐེན་ཏེ་ལེན། གླུ་ཁོ་རང་ཡང་། དཔེ་ཚན་པ་གཉིས་ལ་ཚིགས་བཅད་སྐོར་གཉིས། དེ་ནས་དོན་ཚན་པ་གཅིག་ལ་ཚིགས་བཅད་སྐོར་གཅིག་སྟེ། ཁམས་དང་ཨ་མདོའི་གླུ་རྩོམ་སྟངས་དེ་འདྲ་རེད། དབུས་གཙང་དུ་དེང་སང་གླུ་གཞས་རྣམས་ཚིག་རྐང་བཞི་ཙམ་རེའི་ནང་དུ་བསྡུས་པ་ཤ་སྟག་ཡིན།”  
          ཞེས་བྱུང་བ་ལྟར། ཁམས་དང་ཨ་མདོ་མངའ་རིས་སོགས་ཀྱི་ལུགས་ཕལ་ཆེར་ལ་མི་རིགས་གཞན་པའི་ཤན་མ་ཞུགས་པར་ཡོད་པ་དེ་དག་ལ་བལྟོས་ནས་སྔོན་གྱི་ཚུལ་མང་པོ་ཞིག་དཔག་ནུས་པ་ཡིན་ལ། སྟོད་སྨད་ཀྱི་ཡུལ་དེ་དག་གི་གླུ་གཞས་རྩོམ་སྟངས་ཀྱང་ཧ་ལམ་མཐུན་པ་སྟེ། ཚིག་རྐང་གི་ཆ་ནས་གཉིས་ཅན་དང་། གསུམ་ཅན། བཞི་ཅན། ལྔ་ཅན། དྲུག་ཅན་སོགས་སྣ་ཚོགས་བྱུང་ལ། ཚེག་བར་སྡེབ་ལུགས་ཀྱང་བདུན་ལྡན་ནམ་བརྒྱད་ལྡན་ཤས་ཆེ་བ་གང་ཞིག ཚེག་བར་དོ་མི་མཉམ་པའི་ཚུལ་ཡང་མང་དུ་ཐོན་པ་ཡིན་འདུག དེ་བས་གཞན་དབུས་གཙང་ཁུལ་འདིའི་ལུགས་ཕལ་ཆེར་ལ་ནི་ཡུལ་ལུང་གཞན་པའི་རིགས་ཀྱི་ཤན་མང་དུ་ཞུགས་ཟིན་ཅིང་། སྐད་དང་ཆ་ལུགས་གང་གི་ཆ་ལ་ཡང་འཕེལ་འགྱུར་ཤུགས་ཆེ་བྱུང་བར་མ་ཟད། དམངས་ཁྲོད་གླུ་གཞས་རྣམས་ཀྱང་ཚིག་རྐང་བཞི་ཅན་ཚེག་བར་དྲུག་ལྡན་དུ་ངེས་པ་ཤས་ཆེ་བ་གང་ཞིག་ཚེག་བར་དོ་མི་མཉམ་པའི་རྩོམ་ལུགས་ནི་ཤིན་ཏུ་དཀོན་ནོ། །དེས་ན་ཁོ་བོའི་བསམ་པར་དབུས་གཙང་ཕྱོགས་ཀྱི་དམངས་གཞས་རྣམས་ཚིག་རྐང་བཞིར་ངེས་པའི་སྲོལ་ཡང་《སྙན་ངག་མེ་ལོང་》གི་གཞུང་བོད་དུ་བསྒྱུར་བའི་རྗེས། དེའི་ཤན་ཤུགས་ཟབ་མོ་ཞིག་ཐེབས་པ་ལས་མ་འདས་ཤིང་། དེ་ཡང་རང་དགར་རྡོ་ཆག་བཙན་སྒྲིག་བྱས་པ་ཞིག་མ་ཡིན་པར། དབུས་གཙང་ཁུལ་དེའི་ཡུལ་སྐད་འཕེལ་རིམ་དང་མཐུན་པ་གང་ཞིག རྩོམ་བདེ་ལེན་བདེ་གོ་བདེ་ངེས་བདེའི་རྩོམ་ལུགས་ཁྱད་པར་བ་ཞིག་ཀྱང་ཡིན་པར་སྙམ་མོ།།
གསུམ་པ། དམངས་ཁྲོད་གླུ་གཞས་ཀྱི་དབྱངས་ཀྱི་རྣམ་གཞག་དང་འབྲེལ་བའི་སྒོ་ནས་ཡུལ་སྐད་རང་བཞིན་བཤད་པ།
          གོང་གསལ་ཡུལ་སྐད་ཀྱི་ཁྱད་པར་དབང་གིས་གཞས་ཚིག་སྡེབ་སྦྱོར་བྱེད་ལུགས་འདྲ་མིན་བྱུང་བ་དེ་བཞིན་དུ། སྟོད་སྨད་བར་གསུམ་གྱི་དམངས་ཁྲོད་གླུ་གཞས་ཀྱི་གདངས་དབྱངས་ལ་ཡང་རང་རང་གི་ཁྱད་ཆོས་རེ་མངོན་རྒྱུ་ཡོད། ཅིའི་ཕྱིར་ཞེ་ན། དམངས་ཁྲོད་གླུ་གཞས་ནི་ངག་ཐོག་ནས་གསར་རྩོམ་བྱས་པ་ཞིག་ཡིན་ལ། གཞས་གདངས་དེ་ཡང་གཞས་ཚིག་ལ་བལྟོས་ནས་གྲུབ་པ་ནི་ངག་ཐོག་ནས་བརྒྱུད་རིམ་ནང་འཕེལ་རྒྱས་བྱུང་བའི་དམངས་ཁྲོད་གླུ་གཞས་ཀྱི་གནས་ལུགས་ཤིག་ཡིན་པའི་ཕྱིར་རོ། ། དེ་ཡང་《རོལ་མོའི་བསྟན་བཅོས་》ལས། བསྟན་བྱ་མེད་པའི་ང་རོ་དབྱངས། །དབྱངས་དང་ལྡན་པར་འགྱུར་མོད་ཀྱང་། །དོན་ལྡན་སྟོན་པ་ཚིག་ཡིན་ཏེ། །འདི་ཡང་སོ་སོའམ་སྤེལ་བ་ཡི། །ཚུལ་ལ་ཞིབ་པའི་བློ་ཡིས་དཔྱད། །ཅེས་གསུངས་པ་ལྟར་བསྟན་བའི་དོན་མེད་པའི་ང་རོ་རྐྱང་པ་ལ་དབྱངས་ཞེས་བྱ་ལ། དབྱངས་དང་ལྡན་པར་འགྱུར་མོད་ཀྱང་དོན་དང་ལྡན་པར་སྟོན་པ་ནི་ཚིག་ཅེས་བྱ་བ་ཡིན་ཞིང་། སྤྱིར་དམངས་ཁྲོད་གླུ་གཞས་ཡིན་ན། སྔོན་ལ་ཚིག་དང་རྗེས་སུ་གདངས་དབྱངས་གྲུབ་པ་གང་ཞིག གདངས་དབྱངས་ཀྱང་ཚིག་གི་ཉམས་འགྱུར་ལ་བལྟོས་ཏེ་གྲུབ་པ་ལས་གང་བྱུང་གང་བསམ་གྱི་ཚུལ་དུ་བསྒྲིགས་པ་ཞིག་ཡེ་ནས་མ་ཡིན། དེས་ན་ངག་ཐོག་ནས་གསར་རྩོམ་བྱས་ཤིང་ངག་ཐོག་ནས་བརྒྱུད་སྤེལ་བྱས་པའི་དམངས་ཁྲོད་གླུ་གཞས་དེ་དག་གི་གཞི་རྩ་ནི་ཚིག་ལ་ཐུག་ཡོད་ལ། ཚིག་གི་གཞི་རྩ་ཡང་སྐད་ལ་མ་བརྟེན་ཐབས་མེད་ཡིན་ཞིང་། སྐད་དེ་ཡང་རང་ཉིད་འོ་འཐུང་དུས་ནས་གོམས་བདེར་ཡོད་པའི་ཡུལ་སྐད་དེ་ཡིན་དགོས་ན། སྐད་ལུགས་ཀྱིས་ཚིག་གི་ངག་འདོན་སྡེབ་སྦྱོར་བྱ་ལུགས་ཐག་བཅད་པ་ཡིན་ལ། ཚིག་གི་ངག་འདོན་སྡེབ་སྦྱོར་བྱ་ལུགས་དེ་ཡིས་དབྱངས་རྟའི་ཉམས་འགྱུར་གཏན་ལ་ཕབ་པ་ཡིན་ཕྱིར། དབྱངས་ཁོ་རང་ལ་ཡང་ཡུལ་སྐད་རང་བཞིན་ཞིག་ཡོད་ཅེས་བརྗོད་ཀྱང་ཆོག་གོ། །  
          འོ་ན་དབྱངས་ཀྱི་ཡུལ་སྐད་རང་བཞིན་དེ་ཇི་ལྟར་བྱུང་བ་ཡིན་ནམ་ཞེ་ན། བོད་རིགས་ཀྱི་དམངས་ཁྲོད་གླུ་གཞས་དེ་ཡང་མི་རིགས་གཞན་པའི་དམངས་ཁྲོད་གླུ་གཞས་དང་འདྲ་བར་གཞས་ཚིག་དང་གཞས་གདངས་ཕྱོགས་གཉིས་ནས་གྲུབ་པ་ཞིག་ལགས་པས། དེའི་གནས་ལུགས་དངོས་ལ་རྟོག་ཞིབ་བགྱིད་སྐབས་ཕྱོགས་གཉིས་པོ་དེར་སྣང་ཆུང་གཏན་ནས་བྱེད་མི་རིགས། དེས་ན་ཁོ་བོས་གོང་དུ་གཞས་ཚིག་སྐོར་ལམ་ཙམ་བཤད་ཟིན་ཅིང་། མཚམས་འདིར་ཡང་གཞས་གདངས་སྐོར་ཅུང་ཟད་གླེང་ན། སྤྱིར་བོད་རིགས་ཀྱི་དམངས་ཁྲོད་གླུ་གཞས་ཚང་མ་བོད་ཀྱི་རོལ་མོའི་ཁོངས་སུ་གཏོགས་པར་མ་ཟད་ཐུན་མོང་གི་རང་བཞིན་ཆེ་ཙམ་ལྡན་མོད། འོན་ཀྱང་ས་གནས་མི་འདྲ་བ་སོ་སོའི་བོད་རིགས་ཀྱི་དམངས་ཁྲོད་གླུ་གཞས་ལ་ས་གནས་སོ་སོའི་གདངས་དབྱངས་ཀྱི་ཁྱད་ཆོས་རེ་མངོན་རྒྱུ་ཡོད་ཅིང་། དེ་ལྟའི་ས་གནས་རང་བཞིན་གྱི་ཁྱད་ཆོས་དེར་ཡང་དབྱངས་ཀྱི་ཡུལ་སྐད་རང་བཞིན་ཞེས་མིང་འདོགས་པ་ཡིན་ལ། དེ་ཡང་ཡུལ་སྐད་ཉིད་ཀྱི་ཆོས་ཉིད་དང་འབྲེལ་བ་ཡོད་པའི་དབང་གིས་རེད།  
          ཁོ་བོའི་བསམ་པར་ཡུལ་སྐད་ཅི་འདྲ་ཞིག་ཡིན་རུང་ཡུལ་ལུང་དེ་གའི་ཐོན་སྐྱེད་འཚོ་བ་དང་ཁ་འབྲལ་ཐབས་མེད་པ་ཞིག་ཡིན་གཤིས། འབྲོག་ཁུལ་དུ་འབྲོག་ལས་དང་འབྲོག་སྐད་འབྲོག་གླུ་སོགས་བྱུང་བ་ཡིན་ལ། རོང་ཁུལ་དུ་རོང་ལས་དང་རོང་སྐད་ལ་གཞས་སོགས་བྱུང་བ་ཡིན་ཞིང་། འབྲོག་གླུ་ནི་ཁེར་གཞས་ཀྱི་རྣམ་པ་གཙོ་ཆེ་ལ། འགྲོས་སྟབས་ཀྱང་ཡང་ཞིང་རང་བཞིན་ཉམས་འཆར་གྱི་ལྷུག་འགྲོས་ཀྱི་རྣམ་པ་བེད་སྤྱོད་པ་མང་བ་གང་ཞིག་ཡུལ་སྐད་དབང་གིས་ཚིག་སྦྱོར་འགྲོ་ལུགས་ཀྱང་ཚེག་བར་ཡ་ཆ་སྤེལ་བ་མང་ཞིང་། ཚིག་རྐང་རིང་ཐུང་ཡང་སྣ་ཚོགས་བྱུང་བ་ཤས་ཆེ་ལ། དབྱངས་ཡིག་རིང་པོར་འཐེན་དཀའ་བས། ལ་ལོ་དང་། ལེ་ལ། ཨ་ལ་ཡེ། ཨ་རི་ཡ། ཨ་ཙེ་ལ་སོགས་པའི་བར་འཇུག་ཚིག་རྒྱན་བེད་སྤྱོད་པ་མང་བ་དང་། ཞིང་ཁུལ་གྱི་དམངས་གཞས་ནི་མཉམ་གཞས་ཀྱི་རྣམ་པ་ཤས་ཆེ་ལ། འགྲོས་སྟབས་ཀྱང་ཅུང་ཟད་དྲག་ཅིང་། ཚིགས་འགྲོས་ཀྱི་རྣམ་པ་ཡང་གསལ་བ་གང་ཞིག ཡུལ་སྐད་དབང་གིས་ཚིག་སྦྱོར་འགྲོ་ལུགས་ཀྱང་ཆ་བསྡུས་ཚེག་བར་མང་ཞིང་། ཚིག་རྐང་བཞིར་ངེས་པ་ཤས་ཆེར་བྱུང་ལ། བར་འཇུག་ཚིག་རྒྱན་ནི་ཡང་གཅིག་སོང་ལ། གསུང་ལ་ཡར་འགྲོ། ལགས་སེ་མ་ལ་ཞེས་པ་སོགས་གཞས་ཚིག་དང་ཐད་ཀར་འབྲེལ་བ་དེ་ཙམ་མེད་ཀྱང་ངག་རྒྱུན་དུ་གོམས་བདེར་ཡོད་པའི་བསྐྱར་ཚིག་མང་དུ་བྱུང་བ་ཡིན་ནོ། །དེ་ལྟར་བྱུང་བའི་རྒྱུ་རྐྱེན་ཡང་། གཅིག་ནས་འབྲོག་ཁུལ་ནི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དུ་གནས་ཤིང་། དབྱར་དགུན་དུས་བཞིར་སྐྱས་སྤོ་དགོས་པས་གཞིས་ཆགས་གཏན་འཁེལ་མེད་པ་དང་། གཉིས་ནས་ཐོན་སྐྱེད་འཚོ་བ་ཡང་ཧ་ཅང་སྟབས་བདེ་བ་སྟེ། ཕྱུགས་རིགས་འཚོ་བ་དང་། འོ་མ་འཇོ་བ། ཞོ་དཀྲོག་པ། ལུག་བལ་འབྲེག་པ་སོགས་ཁེར་ལས་རང་བཞིན་ཆེ་ཙམ་ལྡན་པ་དེ་འདྲ་ཡིན་ལ། དེ་བས་ཞིང་ཁུལ་ལ་ཆ་བཞག་ན། ས་ཞིང་འདེབས་ལས་དང་། སྟོན་ཐོག་བརྔ་བསྡུ། ཨར་ལས་འཛུགས་སྐྲུན་ལ་སོགས་པ་ཤིན་ཏུ་རྙོག་ལ་མཉམ་ལས་རང་བཞིན་ཆེ་ཙམ་ལྡན་པ་དེ་ལྟར་ཡིན་པའི་ཕྱིར་རོ། །  
          གོང་གསལ་དེ་རྣམས་ནི་ཉེ་ལམ་ལོ་ཤས་རིང་ཁོ་བོས་བོད་ཀྱི་རིག་གནས་སྒྱུ་རྩལ་སྤྱི་དང་བྱེ་བྲག་དམངས་ཁྲོད་གླུ་གཞས་ལ་ཉམས་ཞིབ་ཕྲན་བུ་བྱས་པའི་འབྲས་བུ་ཞིག་ཡིན་ཞིང་། དེ་ཡང་གཅིག་ནས་རང་རིགས་ལ་མེས་པོ་བཀའ་དྲིན་ཅན་ཚོས་བཞག་པའི་སྒྱུ་རྩལ་བང་མཛོད་ཕུན་སུམ་ཚོགས་པོ་ཞིག་ཡོད་པར་བསྟན་ཆེད་དང་། གཉིས་ནས་སྒྱུ་རྩལ་བང་མཛོད་དེ་དག་གི་ཁྲོད་ལས་བོད་ཀྱི་དམངས་ཁྲོད་གླུ་གཞས་འདིར་ཡང་མི་རིགས་རིག་པ་དང་། དམངས་སྲོལ་རིག་པ། མིའི་རིགས་ཀྱི་རིག་པ། སྤྱི་ཚོགས་རིག་པ་སོགས་ཕྱོགས་གང་ཅིའི་ཐད་ནས་ཞིབ་འཇུག་བྱེད་རིན་ཡོད་པ། གསུམ་ནས་དེང་སྐབས་ཀྱི་ཆེད་ལས་སམ་ལས་ཞོར་གཞས་ཚིག་གམ་གཞས་གདངས་རྩོམ་པ་པོ་རྣམས་ཀྱིས་བོད་ཀྱི་སྲོལ་རྒྱུན་དམངས་ཁྲོད་གླུ་གཞས་ལ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་ཏེ། ཕྱིན་ཅི་མ་ལོག་པའི་སྒོ་ནས་དུས་རབས་རང་བཞིན་ལྡན་པའི་མི་རིགས་རོལ་དབྱངས་མང་ཙམ་གསར་རྩོམ་བྱ་རྒྱུར་སྐུལ་མ་ཐེབས་ཆེད་བཅས་ཀྱི་དམིགས་ཡུལ་གཞིར་བཟུང་ནས་བྲིས་པ་ཞིག་ཡིན་པས། དེར་དགེ་སྐྱོན་གྱི་ཆ་གང་ཡང་མཆིས་ངེས་ན། མཁྱེན་ལྡན་རྣམས་ཀྱིས་དཔྱད་པར་འཚལ་ལོ །། །།