གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > དུས་ཆེན།

བོད་ཀྱི་ལོ་སར་གྱི་བྱུང་འཕེལ་སྐོར་རགས་ཙམ་གླེང་བ།

སྤེལ་དུས 2018-08-02 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་དོན་གྲུབ།
ནང་དོན་གནད་བསྡུས། ལོ་སར་ནི་བོད་ལ་མཚོན་ན་གཟབ་རྒྱས་ཆེ་ཤས་ཀྱི་དུས་སྟོན་ཞིག་ཡིན་ལ། སྤྱིའི་ཆ་ནས་མི་རིགས་གཞན་དང་ཉེ་འཁོར་རྒྱལ་ཁབ་གཞན་ལས་གཞི་རྒྱ་ཆེ་ཤས་ཡོད་པར་སྣང་། དེང་སྐབས་གོ་ལ་ཧྲིལ་བོ་ཅན་གྱི་གོམ་སྟབས་ཇེ་མགྱོགས་སུ་སོང་བ་བསྟུན་ནས། མི་རིགས་དང་རྒྱལ་ཁབ་ཕན་ཚུན་བར་གྱི་རིག་གནས་མཉམ་འདྲེས་ཀྱི་མྱུར་ཚད་མངོན་གསལ་གྱིས་ཇེ་མགྱོགས་སུ་སོང་ཡོད་པ་དང་། བོད་ཀྱི་ལོ་སར་གཏོང་སྲོལ་ཡང་འཕེལ་རྒྱས་ཀྱི་ཆོས་ཉིད་ཅིག་དང་འགྲོགས་ནས་འགྱུར་ལྡོག་བྱུང་དང་འབྱུང་བཞིན་ཡོད། དེ་བཞིན་བོད་ཀྱི་ལོ་སར་གྱི་འབྱུང་ཁུངས་དང་འཕེལ་རིམ་སྐོར་ལ་བཞེད་པ་མི་མཐུན་པ་འགའ་ཞིག་ཡོད་མོད། ང་རང་གིས་བལྟས་ན་དེ་ནི་བོད་ཀྱི་མི་རྒྱུད་དང་འགྲོགས་སྟེ་དུས་སྐབས་ངེས་ཅན་ཞིག་ནས་རིམ་བཞིན་འཕེལ་རྒྱས་སུ་ཕྱིན་པའི་དམངས་སྲོལ་རིག་གནས་ཤིག་གམ་མི་རིགས་་ཀྱི་རིག་གནས་ཕུན་སུམ་ཚོགས་པ་ཞིག་ཏུ་འདོད་ལ། འཕེལ་རིམ་དེའི་ཁྲོད་ནས་མི་རྣམས་ཀྱིས་ཡུལ་དུས་དང་བསྟུན་ནས་རང་ཉིད་ཀྱི་རིག་གནས་འཕེལ་རྒྱས་དང་རྒྱུན་འཛིན་བྱས་པ་དང་། ལོ་སར་ཡང་དེ་དང་འདྲ་བར་བོད་ཁུལ་གྱི་ས་གཤིས་དང་ནམ་ཟླ། འཕེལ་རྒྱས་ཀྱི་དུས་རིམ་སོ་སོའི་འཕེལ་ཕྱོགས་དང་བསྟུན་ནས་འགྱུར་ལྡོག་དང་ཆ་ཚང་དུ་གྱུར་བར་སྙམ་མོ། །
བརྡ་ཆད་གཙོ་བོ། བོད་ཀྱི་ལོ་སར།  དོན་སྙིང་།  འབྱུང་ཁུངས།  འཕེལ་རིམ།
གླེང་གཞི།
          ལོ་སར་ནི་བོད་ཀྱི་དམངས་སྲོལ་རིག་པའི་ཞིབ་འཇུག་བྱ་ཡུལ་གལ་ཆེན་ཞིག་ཡིན་ལ། དམངས་སྲོལ་རིག་པའི་ནང་དོན་ཆེས་གཙོ་བོ་ཞིག་ཀྱང་ཡིན་པ་དང་། བོད་ཀྱི་དམངས་སྲོལ་རིག་གནས་ཀྱི་བང་མཛོད་ཅིག་ཏུ་བལྟ་ཆོག དེ་ཡང་དམངས་སྲོལ་རིག་པ་དེ་ཨ་རི་གཙོས་པའི་ཕྱི་གླིང་རྒྱལ་ཁབ་དག་ལ་སྤྱི་ལོ་དུས་རབས་བཅོ་བརྒྱད་པའི་བསྟོད་ཙམ་ལ་དར་འགོ་ཚུགས་པར་བཤད་ལ། རང་རྒྱལ་ལ་དུས་རབས་བཅུ་དགུ་བའི་ལོ་རབས་ཉི་ཤུ་བ་ནས་དར་འགོ་ཚུགས། རང་རེའི་བོད་ལ་འོད་སྟོང་འབར་བའི་རིག་གནས་དང་ངོ་མཚར་བའི་ལོ་རྒྱུས་ཀྱི་བཞུད་ལམ་མཆིས་ལ། བཞུད་ལམ་དེ་དང་འགྲོགས་པའི་ཕུན་སུམ་ཚོགས་པའི་དམངས་སྲོལ་རིག་གནས་ཀྱང་མཆིས་མོད། འོན་ཀྱང་། དམངས་སྲོལ་རིག་གནས་དེ་དག་གཞུང་ལུགས་ཀྱི་སྒོ་ནས་དབྱེ་ཞིབ་བྱེད་པའི་རིག་པ་དེ་དར་འགོ་ཚུགས་ནས་ཅུང་འགོར་མེད་ལ། ད་དུང་འཕེལ་རྒྱས་ཀྱི་ཐོག་མའི་དུས་རིམ་ན་གནས་ཡོད། འོ་ན། ཅི་ཞིག་ལ་དམངས་སྲོལ་རིག་པ་ཟེར་རམ་ཞེ་ན། དབྱིན་ཇིའི་མཁས་དབང་ཐང་མུའུ་སི་ཡིས་“ཞིང་གྲོང་གི་མང་ཚོགས་གཙོས་རྒྱལ་འབངས་ཐམས་ཅད་ལ་དམངས་ཟེར། ”①ཞེས་དང་། ཡང་ཁོས་“མང་ཚོགས་ཀྱི་ཤེས་བྱ་དང་གནའ་སྲོལ་ལ་སྲོལ་ཟེར། ”②ཞེས་དམངས་སྲོལ་ནི་རྒྱལ་ཁབ་བམ་ས་ཁུལ་ཞིག་གི་མི་རྣམས་ལ་ཐུན་མོང་དུ་ཡོད་པའི་གོམས་སྲོལ་དང་རིག་གནས་ཤིག་ལ་གོ་ན་ལེགས་སྙམ་ལ། གོམས་སྲོལ་རིག་གནས་དེ་རིག་པའི་གཞུང་ལུགས་ཀྱིས་ཆོས་ཉིད་ལྡན་པའི་ངང་ཕྱོགས་བསྡུས་དང་དབྱེ་ཞིབ་བྱེད་པའི་རིག་པ་ཞིག་ལ་དམངས་སྲོལ་རིག་གནས་ཞེས་གོ་ན་ལེགས་པར་མཐོང་ངོ་། ། བོད་མི་རིགས་ནི་རིག་གཞུང་གི་མཚོ་མོ་མཁའ་ལ་འཕྱོ་བའི་མི་རིགས་ཤིག་ཡིན་ལ། དམངས་སྲོལ་རིག་གནས་ཕུན་སུམ་ཚོགས་པའི་མི་རིགས་ཤིག་ཡིན་པས། དམངས་སྲོལ་རིག་གནས་དེ་དག་ལ་ཞིབ་འཇུག་བྱེད་རྒྱུ་ནི་ཁ་ཚ་དགོས་གཏུགས་ཀྱི་བྱ་བ་ཞིག་ཏུ་མཐོང་ལ། རང་ནུས་ཅི་ལྕོག་གིས་འདིའི་ཕྱོགས་ལ་འབད་པ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་འདོད་དོ། ། འདིར་བོད་ཀྱི་དམངས་སྲོལ་རིག་གནས་ལས་ལོ་སར་བྱུང་འཕེལ་སྐོར་རགས་ཙམ་གླེང་བར་བྱ།
དང་པོ། བོད་ཀྱི་ལོ་སར་གྱི་དོན་སྙིང་།
          ལོ་སར་ནི་དུས་ཀྱི་ཆུ་རྒྱུན་རིང་མོ་དེ་ཆོས་ཉིད་ལྡན་པའི་སྒོ་ནས་དབྱེ་མཚམས་བཀལ་ནས། འདས་སོང་གི་ལོ་གཅིག་གི་བྱ་བ་རྣམས་བདེ་ལེགས་ངང་མཇུག་བསྡུས་སྟེ། འབྱུང་འགྱུར་གྱི་ལོ་གསར་བའི་ནང་བྱ་བ་ལམ་འགྲོ་ཡོང་བ་དང་། གཟའ་མི་ཡོངས་ལྷན་དུ་འཛོམས་ནས་དགའ་བའི་གླུ་གར་ལ་རོལ་བའི་དུས་ཆེན་ཞིག་ཡིན།  <<དུང་དཀར་ཚིག་མཛོད>>དུ་“ལོ་གསར་ནི་ལོ་སྔ་མ་མཇུག་རྫོགས་ནས་ལོ་རྗེས་མའི་འགོ་ཚུགས་པ་ལ་ཟེར་”ཞེས་ལོ་སར་ལ་འགྲེལ་ཧ་ཅང་སྟབས་བདེ་ཞིག་རྒྱབ་ཡོད། དེ་ཡང་ལོ་གསར་དང་ལོ་སར་ཞེས་པ་དོན་གཅིག་མིང་གི་རྣམ་གྲངས་ཏེ། སར་བ་ཞེས་པ་གསར་བ་ཡི་འབྲི་ཚུལ་གཞན་ཡིན་ཞེས་<<དག་ཡིག་གསར་བསྒྲིགས>>སུ་བཀོད་ཡོད་པ་དང་། དམངས་ཁྲོད་དུ་ཡང་ལོ་སར་ཞེས་འབོད་པ་ལས་ལོ་གསར་ཞེས་སྔོན་འཇུག་ག་ཡིག་གི་སྒྲ་དག་པར་ཐོན་པ་ཤིན་ཏུ་ཉུང་། ཡང་རྨང་གཞི་ས་ལ་སྔོན་འཇུག་ག་སྦྱར་བ་ཚང་མ་དམངས་ཁྲོད་དུ་ས་རུ་ཀློག་པ་ཡིན་ནམ་ཞེ་ན་མ་ཡིན་ཏེ། ཕྲུ་གུ་གསོས་དང་ཕག་གསོད་ལྟ་བུའི་སྔོན་འཇུག་གི་སྒྲ་དག་པར་ཐོན་གྱི་ཡོད་པས། སར་ཞེས་པ་གསར་རིམ་འགྱུར་བྱུང་བ་ཡིན་ནམ་སྙམ་ཏེ། དམངས་ཁྲོད་དུ་དེ་དང་འདྲ་བའི་མིང་བརྡ་རེ་འགའ་ཡོད་པ་འདིར་འགོད་མི་བདེ་བས་བསྡུས་པ་དཔྱད་པར་འཚལ་ལོ། །  དུས་སྐབས་དང་ས་ཆ་གང་ཞིག་ཡིན་རུང་། ལོ་སར་གྱི་གཞི་རྒྱ་དང་ལོ་སར་གཏོང་སྲོལ་ལ་བར་ཁྱད་ཆེན་པོ་ཡོད་པ་སྨྲས་མ་དགོས་མོད། འོན་ཀྱང་། དེ་ནི་ཧ་ཅང་གལ་ཆེ་བའི་དུས་སྟོན་ཞིག་ཡིན་པ་འདྲ་འདྲ་ཡིན། བོད་ལ་མཚོན་ན་དམངས་ཁྲོད་ཀྱི་སྲོལ་རྒྱུན་རིག་གནས་མང་པོ་ཞིག་ལོ་སར་གྱི་སྐབས་སུ་སྤེལ་སྲོལ་ཡོད་པས། དེ་ནི་ཧ་ཅང་རྒྱ་ཆེ་ཞིང་གཏིང་ཟབ་པའི་བོད་ཀྱི་དམངས་ཁྲོད་རིག་གནས་ཀྱི་ཆུ་གཏེར་ཞིག་ཏུ་བལྟ་ཆོག་སྙམ། ལོ་སར་གཏོང་སྲོལ་ཉམས་པར་གྱུར་ཚེ་རིམ་བཞིན་བོད་ཀྱི་དམངས་སྲོལ་རིག་གནས་མང་པོ་ཞིག་ཀྱང་དེ་དང་བསྟུན་ནས་ཉམས་པར་འགྱུར་སྲིད་དེ། མར་ཁེ་སིའི་གཞུང་ལུགས་སུ་སྤྱི་ཚོགས་ཀྱི་གནས་པས་སྤྱི་ཚོགས་ཀྱི་འདུ་ཤེས་ཐག་གཅོད་ཀྱི་ཡོད་པར་བཤད་པ་དང་། དམངས་སྲོལ་འཕེལ་རྒྱས་སུ་འགྲོ་སའི་ཁོར་ཡུག་དེ་སྤྱི་ཚོགས་ཀྱི་གནས་པ་ཞིག་ཡིན་པའི་ཆ་ནས། དངོས་རྗས་མ་ཡིན་པའི་རིག་གནས་སུ་འབོད་པའི་བོད་ཀྱི་དམངས་ཁྲོད་རིག་གནས་སམ་སྤྱི་ཚོགས་ཀྱི་འདུ་ཤེས་མང་པོ་ཞིག་དེ་དང་བསྟུན་ནས་དར་རྒུད་འབྱུང་བ་འཕེལ་རྒྱས་ཀྱི་ཆོས་ཉིད་ཅིག་ཏུ་མཐོང་ངོ་། །
          དབལ་ཤུལ་བསོད་ནམས་དར་རྒྱས་ཚང་གིས་“དེ་དགོས་པའི་རྒྱུ་མཚན་ནི། ལོ་སྔོན་མ་དེའི་ནང་ཁྱིམ་མི་དང་ཉེ་འབྲེལ་ཚང་མ་བདེ་གནས་ཡིན་པ་དང་གནམ་ལོ་འདིའི་ནང་བདེ་སྐྱིད་འབྱུང་བར་རྟེན་འབྲེལ་སྒྲིག་པ་གཉིས་ཀྱི་དགོས་ཆེད་ལ་དམིགས་ཏེ་དགའ་སྟོན་རྟེན་འབྲེལ་བྱ་བ་ཡིན། ”③ཞེས་ལོ་སར་གྱི་ཐད་ཀའི་དོན་སྙིང་ངམ་ངོ་བོ་མདོར་བསྡུས་ཤིག་བསྟན་ཡོད། དོན་ངོ་མར་ལོ་སར་ནི་ལོ་སར་ཁོ་ན་ཙམ་མ་ཟད། དེ་ནི་བོད་ཀྱི་དམངས་སྲོལ་རིག་གནས་མཉམ་འདུས་ཀྱི་ཕུང་བོ་ཆེན་པོ་ཞིག་ཡིན་ཏེ། གཉེན་སྟོན་དང་ཁང་སྟོན། གྱ་སྟོན། བྱིས་པའི་ཞབས་འཛུགས་ཀྱི་དགའ་སྟོན། རྟ་རྒྱུགས་འགྲན་ཚོགས་དང་མདའ་རྩེད་སོགས་ཕུན་སུམ་ཚོགས་པའི་བོད་ཀྱི་དམངས་སྲོལ་རིག་གནས་གཅིག་འདུས་ཀྱི་དུས་ཆེན་ཞིག་ཡིན་ལ། དེ་དག་ཀྱང་ཚད་ངེས་ཅན་ཞིག་གི་སྟེང་ནས་ལོ་སར་དང་འབྲལ་དུ་མེད་པའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད།
གཉིས་པ། བོད་ཀྱི་ས་ཁུལ་སོ་སོའི་ལོ་སར་རོལ་སྟངས་ཀྱི་ཁྱད་པར།
          དེ་ཡང་བོད་ཀྱི་ཡུལ་གྲུ་ནི་རྒྱ་ཆེ་ཞིང་ཁོད་ཡངས་པ་དང་། སའི་གོ་ལའི་སྟེང་འཕྲེད་གཞུང་ཐིག་གི་བརྒལ་ཚད་ཅུང་ཆེ་ཙམ་ཡོད་པས། ས་ཁུལ་སོ་སོའི་ས་བབ་དང་ནམ་ཟླ་ལ་བར་ཁྱད་ཆེན་པོ་ཡོད། 《ཀྲུང་གོའི་བོད་རིགས》ཞེས་པའི་དེབ་ཆུང་དུ“བོད་ཀྱི་ས་ཁུལ་སོ་སོ་ནམ་ཟླའི་བར་ཁྱད་དང་ཐོན་སྐྱེད་བར་ཁྱད་ཀྱིས་ལོ་སར་གྱི་དུས་ཚོད་ཡོངས་སུ་གཅིག་མཐུན་མིན། ”④ཞེས་བཀོད་ཡོད་པ་ལྟར། བོད་མི་དམངས་ཀྱིས་ནམ་ཟླ་དང་བསྟུན་ནས་ནོར་ལུག་འཚོ་སྐྱོང་དང་རུ་སྤོར་བ། ཞིང་འདེབས་པ། སྟོན་བསྡུ་བ་སོགས་ཀྱི་ལས་ལ་འབད་ཀྱིན་ཡོད་པས། ལོ་སར་གྱི་དུས་ཚོད་གཅིག་མཐུན་མིན་པ་སྟེ། ལྷ་ས་ལྟེ་བ་བྱས་པའི་མཐའ་འཁོར་གྱི་བོད་མི་རྣམས་ཀྱིས་བོད་ཟླ་དང་པོའི་ཚེས་གཅིག་ནས་ལོ་སར་ལ་རོལ་གྱིན་ཡོད་པ་དང་། གཞིས་ཀ་རྩེ་ལྟེ་བ་བྱས་པའི་མཐའ་འཁོར་གྱི་བོད་མི་རྣམས་ཀྱིས་བོད་ལུགས་ལོ་སར་མ་སླེབས་གོང་ལོ་སར་ལ་རོལ་སྲོལ་ཡོད་ལ། ཁོ་ཚོས་དེ་ལ་སོ་ནམ་ལོ་སར་ཟེར། ཁམས་ཁུལ་དང་ཨ་མདོའི་ས་ཁུལ་མང་ཆེ་བ་ཞིག་གིས་ལུགས་རྙིང་ལོ་སར་ལ་རོལ་སྲོལ་ཡོད་པ་དང་། དེ་ལས་ད་དུང་སྡེ་བ་ལ་ལར་ཡང་རང་ཉིད་ཀྱི་ལོ་སར་ཡོད་དེ། ཀན་ལྷོ་ཀླུ་ཆུའི་ས་ཁུལ་དུ་ཉིན་པའི་གོར་ལོ་ཞེས་པའི་ལུགས་རྙིང་གི་ཟླ་བཅུ་གཉིས་པའི་ཚེས་གཅིག་ཉིན་ལོ་སར་ལ་རོལ་སྲོལ་ཞིག་ཡོད་ལ། ངག་རྒྱུན་ལྟར་ན་སྡེ་བ་དེར་རིམས་ནད་ཅིག་གམ་འདྲེ་གདོན་ཞིག་གིས་གཙེས་པས་བླ་མར་ཞུས་པ། བླ་མས་ལོ་སར་འདི་བཀོད་སྒྲིག་བྱས་པར་བཤད། འོན་ཀྱང་། ལུགས་རྙིང་ལོ་སར་ནི་ཁོ་ཚོའི་ལོ་སར་གཙོ་བོ་ཡིན། དེ་ལྟར་གཞིས་ཀ་རྩེ་ས་ཁུལ་གྱིས་ཀྱང་གཙོ་བོ་བོད་ལུགས་ལོ་སར་ལ་རོལ་བས། བོད་ཀྱི་ལོ་སར་ལ་གཙོ་བོ་བོད་ཟླ་བཅུ་གཉིས་པ་རྫོགས་རྗེས་ཀྱི་ལོ་རྗེས་མའི་ཟླ་དང་པོའི་ཚེས་གཅིག་ནས་ལོ་སར་ལ་རོལ་བ་དབུས་གཙང་དང་ཁམས་ཕྱོགས་ཀྱི་ས་ཁུལ་ཁ་ཤས་ཀྱི་ལོ་སར་སྟངས་དང་། ལུགས་རྙིང་གི་ཟླ་བཅུ་གཉིས་པ་འདས་རྗེས་ཀྱི་ལོ་གསར་བའི་ཟླ་དང་པོའི་ཚེས་གཅིག་ནས་ལོ་སར་ལ་རོལ་བ་ཨ་མདོའི་ས་ཁུལ་དང་ཁམས་ཕྱོགས་ཀྱི་ས་ཁུལ་མང་ཆེ་བའི་ལོ་སར་སྟངས་ཡོངས་གྲགས་ཀྱི་དཔྱིད་གསར་དུས་ཆེན་གཉིས་ལས་མེད།
གསུམ་པ། བོད་ཀྱི་ལོ་སར་གྱི་བྱུང་འཕེལ།
          དེ་ཡང་གཅན་ཚ་བཀྲ་བྷོས་“ལོ་ཟླ་ཚེས་ཞག་གི་དུས་སྟོན་གྱི་བྱུང་བ་ལ་མེད་དུ་མི་རུང་བའི་གྲུབ་ཆ་གཉིས་ཡོད་དེ། བལྟོས་འཇོག་གི་གཏན་འཁེལ་དུས་བཅད་དང་། དུས་བཅད་སྐབས་ཀྱི་དམངས་སྲོལ་བྱ་འགུལ་གཉིས་སོ། ། བྱ་འགུལ་དེའི་རིགས་ནི་ཡང་འཁོར་བསྐྱར་འཁོར་གྱིས་མི་རབས་ནས་མི་རབས་ལ་བརྒྱུད་སྤེལ་བྱས་འོང་བ་རེད། ”⑤ཞེས་བཤད་པ་ལྟར། ལོ་སར་ཡང་ཆོས་ཉིད་འདི་ལས་མ་འདས་པར་འདོད་ལ། ཁོས་གཉའ་ཁྲི་བཙན་པོའི་སྐུ་རིང་ནས་བོད་ལ་ནམ་ཟླ་བརྟག་དཔྱད་ཀྱི་རྩིས་རིག་བྱུང་བ་དང་། རིམ་གྱིས་འཕེལ་རྒྱས་སུ་ཕྱིན་པར་བཤད། དེ་ལྟར་ཡིན་ན་བལྟོས་འཇོག་གི་གཏན་འཁེལ་དུས་བཅད་མ་བྱུང་གོང་ནས་དམངས་སྲོལ་བྱ་འགུལ་བྱུང་ཡོད་པར་ངེས་ཏེ། དམངས་སྲོལ་བྱ་འགུལ་དེ་རིམ་གྱིས་ལོ་ཟླ་རྩི་སྲོལ་དང་འབྲེལ་ཏེ་ད་སྐབས་ཀྱི་ལོ་སར་སྟངས་འདི་གྲུབ་པར་སྙམ། དེང་སྐབས་བོད་ཁུལ་གྱི་ལོ་སར་དུས་བཅད་མི་འདྲ་རུང་ལོ་སར་སྟངས་ཕལ་ཆེར་འདྲ་མཚུངས་ཡིན་པའང་ཆོས་ཉིད་འདི་དང་འབྲེལ་བ་ཡོད་པར་འདོད་དོ། ། ལོ་སར་དུས་ཆེན་འདི་བོད་མི་རིགས་མ་ཟད། རྒྱ་དང་སོག་པོ། རང་རྒྱལ་དང་ཐག་ཉེ་བའི་ཉི་ཧོང་དང་ཀོ་རི་ཨ་ལྷོ་བྱང་གཉིས། སིང་ཀ་ཕོར། བལ་བོ་སོགས་མི་རིགས་གཞན་དང་རྒྱལ་ཁབ་གཞན་གྱིས་ཀྱང་མཐོང་ཆེན་བྱེད་བཞིན་པའི་དུས་ཆེན་ཞིག་ཡིན། དེ་བས་ལོ་སར་ཐོག་མར་གང་ནས་བྱུང་བ་བཤད་ཧ་ཅང་དཀའ་མོད། འོན་ཀྱང་། ལོ་རྒྱུས་ཀྱི་འཕེལ་འགྱུར་ཁྲོད་མི་རིགས་དང་རྒྱལ་ཁབ་ཕན་ཚུན་བར་གྱི་དམག་འཁྲུག་དང་མནའ་འབྲེལ། ཚོང་འབྲེལ་སོགས་འབྲེལ་འདྲིས་ཀྱིས་མི་རིགས་ཕན་ཚུན་བར་ཤུགས་རྐྱེན་ཐེབས་ཡོད་པ་ལོ་རྒྱུས་ཀྱི་ཆོས་ཉིད་ཡིན། འོན་ཏེ། མི་རིགས་ཤིག་གི་རིག་གནས་ཤིག་མི་རིགས་གཞན་ཞིག་ནས་མཆེད་པར་ལབ་ན་ཧ་ཅང་ཐལ་དྲག་པའི་སྐད་ཆ་ཡིན་པས་ང་ཚོའི་གླེང་གཞིར་མི་འོས་པར་སྙམ་མོ། །
          བོད་ཀྱི་ལོ་སར་དུས་ཆེན་དུས་ནམ་ཞིག་ལ་བྱུང་བ་ཡིན་ཞེ་ན། <<རེབ་གོང་རིག་གནས་སྒྱུ་རྩལ་ཞིབ་འཇུག>>ཏུ། “དེ་ནི་སྔོན་རྒྱ་གར་འཕགས་པའི་ཡུལ་གྱི་གྲོང་ཁྱེར་གཉན་ཡོད་དུ་སྟོན་པ་བཅོམ་འདན་འདས་སངས་རྒྱས་ནས་ལོ་བདུན་ཅུ་སོང་བའི་ཚེ། མུ་སྟེགས་རྫོགས་བྱེད་སོགས་ཀྱིས་འགྲན་སློང་བ་ལ་རྫུ་འཕྲུལ་གྱིས་བཅོམ་པའི་དུས་ནི་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་ཡིན་པ་དང་། དེའི་ཕྱིས་སུ་ཆོས་རྒྱལ་མྱ་ངན་མེད་སོགས་སྦྱིན་བདག་མཛད་དེ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བཙུགས་པར་བཤད་ཅིང་། སྔོན་བྱུང་དུས་ཁྱད་པར་ཅན་དེ་རྗེས་སུ་མཐུན་པར་གངས་རིའི་སྨན་ལྗོངས་སུ་རབ་བྱུང་བདུན་པའི་ས་གླིང་ལོར་མི་དབང་གྲགས་པ་རྒྱལ་མཚན་སོགས་སྦྱིན་བདག་མཛད་དེ་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་ལྷ་སའི་གཙུག་ལག་ཁང་དུ་ལྷ་སའི་ཆོ་འཕྲུལ་ཆེན་མོའི་སྨོན་ལམ་བཙུགས་པར་མཛད། དེ་ནས་བཟུང་བོད་ཀྱི་ཡུལ་གྲུ་སོ་སོར་དར་ཁྱབ་བྱུང་བས་ལོ་སར་ནི་ཆོ་འཕྲུལ་སྨོན་ལམ་དང་འབྲེལ་བའི་དུས་སྟོན་སྨད་དུ་བྱུང་བ་ཞིག་ཏུ་རྩི་བཞིན་ཡོད། ”⑥ཅེས་ལོ་སར་གྱི་བྱུང་རབས་སྐོར་བྲིས་ཡོད་མོད། ནང་དོན་ནི་ཆོ་འཕྲུལ་སྨོན་ལམ་དང་ལོ་སར་གཉིས་དུས་གཅིག་ཏུ་ཇི་ལྟར་ཁེལ་བ་ཡིན་པ་ལས། བོད་ཀྱི་ལོ་སར་འདི་ནས་བཟུང་བྱུང་བ་ཡིན་ཞེས་བཤད་ན་མི་འོས་པར་འདོད་དོ། ། འཕྲིན་ལས་ཆོས་གྲགས་ཞེས་པ་ཞིག་གིས་“བོད་ཀྱི་སྐར་རྩིས་དང་དབུས་ཁུལ་རིག་གནས་གཉིས་བར་དུའང་འབྲེལ་འདྲིས་བྱུང་བར་བརྟེན། བོད་ཀྱི་སྐར་རྩིས་རིག་པ་དེ་སྔར་ལས་ཆ་ཇེ་ཚང་དང་སྣ་ཇེ་འཛོམས་སུ་གྱུར། ཁྱད་པར་དུ་ཐང་རྒྱལ་རབས་སྐབས་སུ་རྒྱ་བཟའ་བོད་དུ་ཕེབས་དུས་ཆོས་གཞུང་མང་དུ་ཁྱེར་ཡོང་ལ། དེའི་ཁྲོད་དུ་སྐར་རྩིས་རིག་པའི་གཞུང་ལུགས་ཀྱང་ཡོད་དོ་སྐད། དེས་བོད་པའི་སྐར་རྩིས་རིག་པ་ཆ་ཚང་དང་འཕེལ་རྒྱས་ལ་ཕན་ནུས་གལ་ཆེན་ཐོན་ཡོད་པ་མ་ཟད། སྐབས་དེ་ནས་བཟུང་ལོ་གསར་བའི་ཉིན་དང་པོའི་རྩིས་ཐབས་ནི་སྔོན་ཆད་ཟླ་བའི་འཕེལ་འགྲིབ་ཙམ་པོའི་ཆ་ནས་རྩིས་པའི་རིག་པ་ལས་གཟའ་སྐར་གྱི་རྒྱུ་ཕྱོགས་གཙོ་བྱས་ནས་རྩིས་པའི་ཐབས་སུ་མདུན་སྐྱོད་བྱས། འོན་ཀྱང་སྐབས་དེ་དག་ཏུ་ད་དུང་བོད་ལུགས་ལོ་སར་ནི་སྔར་བཞིན་ཟླ་བ་བཅུ་གཅིག་པའི་ཚེས་གཅིག་ལ་གཏོང་རྒྱུ་ཡོད། འགྲོ་མགོན་འཕགས་པའི་ས་སྐྱའི་སྲིད་དབང་གིས་བོད་ལ་ཁ་ལོ་སྒྱུར་བཞིན་པའི་དུས་དེ་དག་ཏུ་བོད་ལུགས་ཀྱི་ལི་ཐོ་རྩིས་ལུགས་དེ་ཡོངས་སུ་ཆ་ཚང་དུ་གྱུར། ”⑦ཞེས་བཤད་པ་ལྟར་རྒྱ་ནག་གི་ཤུགས་རྐྱེན་ཡང་ཐེབས་ཡོད་པར་འདོད་ལ། <<དུང་དཀར་ཚིག་མཛོད>>དུ་བོད་ཟླ་ལ་ཧོར་ཟླ་ཞེས་ཐོགས་དོན་འགྲེལ་ཞོར་དུ། ཡོན་རྒྱལ་རབས་ཀྱི་རྒྱལ་བོ་ཇིང་གུར་ཧན་གྱིས་སྤྱི་ལོ་1216ལོའི་ཟླ་བ་བཅུ་གཅིག་པའི་ཡར་ངོའི་ཚེས་བཅོ་བརྒྱད་ལ་མི་ཉག་གི་ཡུལ་དུ་དམག་དྲངས་ནས་སྤྱི་ལོ་1227ལོའི་ཟླ་བ་གསུམ་པའི་ནང་མི་ཉག་གི་ཡུལ་ཡོངས་རྫོགས་མངའ་འོག་ཏུ་བསྡུས་ནས་དགའ་སྟོན་རྟེན་འབྲེལ་བྱས་པ་དེ་ལ་ལོ་སར་དུ་རྩིས་ཏེ་ལོ་འགོ་བསྒྱུར་བ་དེ་ནས་བཟུང་ཧོར་ཡུལ་དུ་ལོ་འགོ་དེ་ལ་ལོ་སར་གཏོང་སྲོལ་བྱུང་ཞིང་། བོད་དུ་ས་སྐྱས་དབང་བསྒྱུར་བྱེད་པ་ནས་ཧོར་ལུགས་ཀྱི་སྲོལ་ལྟར་ལོ་ཟླ་རྩི་དགོས་པའི་བཀའ་ཕབ་སྟེ་རྒྱ་རྩིས་ཀྱི་ཟླ་བ་གསུམ་པར་བོད་ཀྱི་ལོ་སར་གཏོང་སྲོལ་བྱུང་བ་ཡིན་ཞེས་གསལ་བོར་བཤད་ན་བོད་ཀྱི་ལོ་སར་ནི་སོག་པོ་ལས་མཆེད་པ་ཡིན་པར་གསུངས་ཡོད། འོན་ཀྱང་། འདིར་བརྗོད་པའི་ཧོར་གྱི་ལོ་སར་གཏོང་སྲོལ་འདི་ཡང་ཐོག་མར་དམག་རྒྱལ་བར་དགའ་སྟོན་བྱས་པ་ཞིག་ལས་ལོ་སར་གྱི་རྣམ་པ་དངོས་མིན་པ་ལྟར། བོད་ལ་ཡང་འདིའི་ཡར་སྔོན་ནས་ལོ་སར་དང་འབྲེལ་བའི་དུས་ཆེན་ཡོད་ལ། གོང་དུ་བརྗོད་པའི་བལྟོས་འཇོག་གི་གཏན་འཁེལ་དུས་བཅད་ཡར་སྔོན་གྱི་དམངས་སྲོལ་རིག་གནས་དེ་ལྟ་བུ་ཞིག་སྔ་མོ་ནས་ཡོད་པ་ཆ་ཚང་བ་ཞིག་ཏུ་གྲུབ་མེད་པ་རིམ་བཞིན་ལོ་རྒྱུས་གྱི་འཕེལ་རིམ་དང་འགྲོགས་ནས། གཏན་འཁེལ་གྱི་དུས་བཅད་མི་འདྲ་བ་མང་བོ་བརྒྱུད་མྱོང་བར་འདོད་དེ། གནའ་སྔ་མོར་བོད་པ་ཚོས་འབྲུ་རིགས་སྨིན་པའམ་སྟོན་བསྡུས་ཚར་བ་དེ་ལོ་གཅིག་གི་ལོ་འགོར་རྩིས་ཏེ་སྟོན་མོ་བཤམས་སྲོལ་ཡོད་ལ། རྗེས་ནས་རིམ་གྱིས་ཟླ་བའི་འཕེལ་འགྲིབ་ལས་ཟླ་ཚེས་རྩི་སྲོལ་བྱུང་བ་དང་། རིམ་གྱིས་བོད་རང་དང་རྒྱ་གར་ནག་གཉིས་ཀྱི་རིག་གཞུང་མཉམ་དུ་བསྲེས་པའི་བོད་རྩིས་བྱུང་སྟེ། སྤྱི་ལོ་1027ལོ་ནས་བོད་ཀྱི་ཁྱད་ཆོས་ལྡན་པའི་ལོ་སར་སྟངས་འདི་ཆ་ཚང་བར་གྲུབ་པ་ཡིན་ཞེས་བཤད་སྲོལ་ཡོད་པ་དོན་དང་མཐུན་པར་འདོད་དེ། འབྲུག་ཐར་ལགས་ཀྱིས་“བོད་ཀྱི་རྒྱལ་རབས་དགུ་བ་བཙན་པོ་སྤུ་དེ་གུང་རྒྱལ་སྐབས། བོན་པོའི་ལོ་ཚིགས་རྩི་ཐབས་སྟབས་བདེ་ཞིག་ཡོད་པ་དེ་ནི་གཙོ་བོ་ཟླ་བའི་འཕེལ་འགྲིབ་དང་ཟླ་ཚེས་ལ་གཞིགས་ནས་ཟླ་ཐོ་རྩིས་པ་ཡིན། སྤྱི་ལོ་1027ལོར་བོད་རྩིས་དངོས་སུ་བེད་སྤྱོད་གཏོང་མགོ་ཚུགས་པ་དང་། དེ་ནས་བཟུང་བོད་རིགས་ས་ཁུལ་ཁག་དང་རྒྱ་ནག་གི་བར་རིག་གནས་སྤེལ་རེས་བྱེད་པ་དང་བོད་ཀྱི་ལོ་ཐོ་རྩིས་ལུགས་གོང་འཕེལ་དང་འཐུས་ཚང་དུ་ཕྱིན་པ་རེད། སུང་རྒྱལ་རབས་སྐབས་ནས་བཟུང་བོད་རྩིས་དང་རྒྱ་རྩིས་སམ་ལུགས་རྙིང་ལོ་ཐོ་གཅིག་གྱུར་བྱུང་བ་དང་། ཡོན་རྒྱལ་རབས་སྐབས་བོད་རྩིས་ཧ་ཅང་འཐུས་ཚང་ཞིག་ཆགས་པ་དང་། ལོ་གསར་གཏོང་སྟངས་ཀྱང་གཏན་འཇགས་བྱུང་། ”⑧ཞེས་བྲིས་ཡོད་པ་གོང་གི་བཤད་ཚུལ་དེའི་འཕེལ་རིམ་དང་རྡོ་ཆག་བཙན་བསྒྲིགས་བྱས་པ་མ་ཡིན་པར་ཧ་ཅང་ཁ་འཕྲོད་ཡོད་དེ། <<དུང་དཀར་ཚིག་མཛོད>>དུ་བརྗོད་པའི་ཡོན་རྒྱལ་རབས་སྐབས་ནས་བོད་ལ་ལོ་སར་སྲོལ་བྱུང་ཞེས་པའང་དོན་ལ་དེ་ནས་བཟུང་ཅུང་གཏན་འཇགས་ཀྱི་ལོ་སར་གཏོང་སྟངས་བྱུང་བ་ཡིན་ཞེས་པར་གོ་ན་ལེགས་སམ་སྙམ། སྤུ་དེ་གོང་རྒྱལ་གྱི་སྐུ་རིང་ལ་ལོ་ཚིགས་རྩི་སྲོལ་བྱུང་བ་ཡིན་ན། བོད་མི་ཚོས་དེའི་ཡར་སྔོན་ནས་བཟུང་སྟོན་བསྡུས་རྗེས་སྟོན་མོ་བྱས་ནས་ལོ་རྙིང་བ་ཕལ་བསྐྱལ་ཅིང་ལོ་གསར་བ་ཚུར་བསུ་སྲོལ་ཡོད་པ་ལོ་ཟླ་རྩི་སྟངས་མེད་པ་མ་གཏོགས། ངོ་བོའི་སྟེང་ནས་ལོ་སར་དང་གཉིས་སུ་མེད་དེ། ཁོ་ཚོས་སྟོན་བསྡུས་པ་དེ་ལོ་གཅིག་གི་མཇུག་བསྡུ་བྱེད་དང་ལོ་གཞན་ཞིག་གི་འགོ་རྩོམ་བྱེད་དུ་འཛིན་ལ། ལོ་སྔོན་མའི་ངལ་རྩོལ་ལ་འབྲས་བུ་བྱུང་བར་རྟེན་འབྲེལ་དང་ལོ་རྗེས་མར་ལོ་ལེགས་འབྱུང་བའི་སྨོན་འདུན་གྱི་ཚུལ་དུ་སྟོན་མོ་བྱེད་པ་དེ། ད་ལྟའི་ང་ཚོའི་སྣང་ངོར་ཆགས་པའི་ལོ་སར་གྱི་རྣམ་པར་གྲུབ་མེད་པ་མ་གཏོགས་དོན་དངོས་སུ་ལོ་སར་གྱི་ངོ་བོར་འཐིམས་ཡོད་ཅེས་བརྗོད་ཆོག་པ་དང་། བོད་ཀྱི་གནའ་སྔ་མོའི་ལོ་སར་གྱི་རྣམ་པ་ཡིན་ཞེས་བཤད་ཆོག་པར་འདོད་དོ། ། སྟོན་མོ་དེ་ལྟ་བུས་ཚད་ངེས་ཅན་ཞིག་གི་སྟེང་ནས་ལོ་ཟླའི་ཆུ་རྒྱུན་རིང་མོར་དབྱེ་མཚམས་བཀོད་ནས། བསྐྱར་བཟློས་རང་བཞིན་གྱི་མིའི་རིགས་ཀྱི་འཚོ་བའི་ཆོས་ཉིད་ལ་བསྡོམས་ཚིག་ཅིག་བཞག་པ་དང་། ཁྱིམ་མི་ལྷན་དུ་འཛོམས་ནས་དགའ་སྤྲོའི་དུས་ཆེན་ལ་རོལ་བ་བོད་ཀྱི་ཆེས་ཐོག་མའི་ལོ་སར་གྱི་རྣམ་པ་ཡིན་ཞེས་བཤད་ན་ལུང་རིགས་གཉིས་དང་མི་འགལ་ལ། མི་རིགས་གང་ལ་ཡང་གནོད་པ་མེད་པས་བོད་ཀྱི་ལོ་སར་གཏོངས་སྟངས་ཀྱི་འགོ་འདི་ལྟར་བཙུགས་པ་ལས་ཡིན་སྙམ་མོ། །
          དེ་ལྟར་བོད་ཀྱི་ལོ་སར་གྱི་འབྱུང་ཁུངས་སྐོར་ལ་བཤད་ཚུལ་མི་མཐུནན་པ་སྣ་ཚོགས་ཡོད་དེ། རྒྱ་གར་ནས་སྟོན་པ་བཅོམ་འདན་འདས་སངས་རྒྱས་ནས་ལོ་བདུན་ཅུ་སོང་བའི་ཚེ། མུ་སྟེགས་རྗོགས་བྱེད་སོགས་ཀྱིས་འགྲན་སློང་བ་ལ་རྫུ་འཕྲུལ་གྱིས་བཅོམ་པའི་དུས་ནི་ཟླ་དང་པོའི་ཚེས་གཅིག་ནས་བཅོ་ལྔའི་བར་ཡིན་པ་རྗེས་སུ་རིམ་གྱིས་ལོ་སར་དང་འབྲེལ་དེ་བོད་དུ་དར་བ་འདོད་པ་དང་། སྲོང་བཙན་སྒམ་པོས་རྒྱ་བཟའ་ཀོང་ཇོ་ཁབ་ཏུ་བཞེས་པས་ཇོ་མོས་རྒྱ་ཡུལ་ནས་ལུགས་སྲོལ་འདི་བོད་དུ་ཁྱེར་འོང་བར་འདོད་པ། ཧོར་དམག་གཡུལ་ལས་རྒྱལ་ཏེ་དགའ་སྟོན་ལ་རོལ་བ་ལོ་སར་དུ་གྲུབ་པ་ས་སྐྱ་བའི་བཀའ་བཞིན་བོད་དུ་དར་བར་འདོད་པ་དང། བོད་ལྗོངས་ལྷོ་ཁ་ས་ཁུལ་ནས་རྙེད་པར་གྲགས་པའི་ལོ་རྒྱུས་ཡིག་ཆ་ལྟར་སྤུ་དེ་གུང་རྒྱལ་གྱི་རིང་ལ་བོན་གྱི་ལོ་ཚིགས་རྩི་སྲོལ་“རྒན་མོ་བལ་མའི་ཟླ་རྩིས”དང་འགྲོགས་ནས་བྱུང་བར་འདོད་པ་སོགས་ཡོད་མོད། ཞིབ་པར་དཔྱད་ན་བོད་མི་དམངས་ཀྱིས་སྟོན་བསྡུས་རྗེས་སྟོན་མོ་བྱེད་སྲོལ་ཡོད་པ་དེ་ནི་བོད་ཀྱི་ཆེས་ཐོག་མའི་ལོ་སར་གྱི་རྣམ་པ་ཡིན་པར་འདོད་དོ། གཞན་ཡང་། ད་ལྟའི་ཨ་མདོ་ས་ཁུལ་གྱི་ལུགས་རྙིང་ལོ་སར་ནི་རྒྱ་ནག་དཔྱིད་གསར་དུས་ཆེན་གྱི་ཤན་ཞུགས་པ་སྨོས་མ་དགོས་སྟེ། མིང་ལའང་རྒྱ་ལོའི་ལོ་སར་ཞེས་འབོད་ཀྱིན་ཡོད་པའོ། ། འོན་ཀྱང་། དེ་དུས་ཀྱི་སྟེང་ནས་ཨ་མདོའི་ས་ཁུལ་གྱི་ནམ་ཟླའི་འགྱུར་བ་དང་ཐོན་སྐྱེད་ངལ་རྩོལ་ལ་འཕྲོད་པས། བོད་ཀྱི་རིག་གནས་ཤིག་ཏུ་ཆགས་པ་གོང་དུ་བརྗོད་པ་ལྟར། མ་གཞི་ནས་ཡོད་པའི་བོད་ཀྱི་དམངས་སྲོལ་རིག་གནས་ཤིག་བལྟོས་འཇོག་གི་གཏན་འཁེལ་དུས་བཅད་ལུགས་རྙིང་ལོ་ཚིགས་དང་ཁ་འཕྲོད་སོང་བ་མ་གཏོགས། ལོ་སར་ཞེས་པའི་བོད་རང་གི་སྲོལ་རྒྱུན་རིག་གནས་ཀྱིས་ཡོངས་སུ་བཏུམས་པའི་དམངས་སྲོལ་རིག་གནས་ཧྲིལ་བོ་རྒྱ་ནག་ནས་མཆེད་པ་མིན་པར་རྟོགས་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་གདའ། དེ་ལ་དུས་ད་ལྟའང་ཤོག་སྦག་རྒྱག་པ་དང་འོད་ཁང་འགལ་བ་སོགས་རེ་འགའ་མ་གཏོགས་བོད་ཀྱི་སྲོལ་རྒྱུན་རིག་གནས་གཙང་མ་ཞིག་ཏུ་ངེས་ལ། ཤོག་སྦག་དང་འོད་ཁང་གཉིས་ཀྱང་ཞིབ་པར་དཔྱད་ན་སྔོན་བོད་མི་རིགས་ཀྱིས་ལོ་སར་གཏོང་སྐབས་འདྲེ་གདོན་ཕྱི་ལ་སྐྲོད་ཕྱིར་ཆོས་པ་གདན་དྲངས་ནས་རྔ་དང་སྦུབ་ཆལ་རྡུང་སྲོལ་ཡོད་པ་རིམ་གྱིས་ཤོག་སྦག་གིས་ཚབ་བྱས་པ་དང་། འོད་ཁང་ཡང་ལྷ་ལ་མཆོད་མེ་དྲངས་ནས་རང་ཉིད་ཚེ་འདི་ཕྱི་གཉིས་དང་ལྷག་པར་ཕྱི་མའི་ཡུལ་གྱི་་མུན་པ་ལས་རྒྱལ་བའི་སྨོན་ལམ་ཡིན་པ་རིམ་གྱིས་གློག་སྒྲོན་གྱིས་ཚབ་བྱས་པ་ལས་ཡིན་སྙམ་མོ། །
མཇུག་གི་གཏམ།
          གང་ལྟར་ལོ་སར་ནི་བོད་ཀྱི་དམངས་སྲོལ་རིག་གནས་ཆེས་གལ་ཆེན་དེ་ཡིན་ལ། བོད་ཀྱི་དམངས་ཁྲོད་སྲོལ་རྒྱུན་རིག་གནས་ཀྱི་བང་མཛོད་ཆེན་མོ་ཞིག་ཡིན། ལོ་སར་གྱི་སྐབས་སུ་བོད་ཀྱི་རྒྱལ་ཁབ་དང་འཛམ་གླིང་རིམ་པའི་དངོས་རྫས་མ་ཡིན་པའི་རིག་གནས་མང་པོ་ཞིག་འཛོམས་ཡོད་པས། དེ་ལ་སྲུང་སྐྱོབ་དང་དར་སྤེལ་གཏོང་རྒྱུ་ནི་ང་ཚོའི་འོས་འགན་ཡིན་ལ། དེ་ལ་རང་ནུས་ཅི་ལྕོག་གིས་ཞིབ་འཇུག་བྱེད་རྒྱུ་ནི་དོན་སྙིང་ལྡན་ལ་གཟི་བརྗིད་ཀྱི་བྱ་བ་ཞིག་ཡིན། ལོ་སར་ནི་དམངས་སྲོལ་རིག་པ་དང་མིའི་རིགས་རིག་པ། སྤྱི་ཚོགས་རིག་པ། མཛེས་དཔྱོད་རིག་པ་སོགས་རིག་པའི་གཞུང་ལུགས་གང་མང་མང་ཞིག་ལ་འབྲེལ་བ་ཟབ་མོ་ཡོད་པའི་བོད་ཀྱི་དམངས་ཁྲོད་ཀྱི་སྲོལ་རྒྱུན་རིག་གནས་ཤིག་ཡིན་པ་དང་། དེའི་བྱུང་བ་ལའང་བཤད་ཚུལ་མི་མཐུན་པ་སྣ་ཚོགས་ཡོད་ཀྱང་། ཕལ་ཆེར་གོང་དུ་བརྗོད་པ་ལྟར་གནའ་སྔ་མོར་སྟོན་བསྡུས་རྗེས་སྟོན་མོ་བྱེད་སྲོལ་ཡོད་པ་རིམ་གྱིས་ལོ་ཚིགས་རྩི་སྲོལ་གྱི་འགྱུར་ལྡོག་དང་བསྟུན་ནས་ལོ་སར་དུ་གྱུར་བར་སྙམ་ལ། སྟོན་མོ་ཞེས་པའི་མིང་འདིའང་སྟོན་བསྡུས་པ་ལ་རྟེན་འབྲེལ་ཞུས་པ་ཞིག་ཡིན་པའི་ཆ་ནས་ཐོགས་པ་མི་ནམ་རང་གིས་འདོད་དོ། །
དཔྱད་གཞིའི་ཡིག་ཆ།
①②高丙中《民俗文化与民俗生活》中国社会科学出版社2000年1出版 10页和19页
③དབལ་ཤུལ་བསོད་ནམས་དར་རྒྱས།  《གསེར་ཐར་གྱི་ལོ་རྒྱུས་དང་སྲོལ་རྒྱུན》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།   2006ལོའི་ཟླ་12པའི་པར་ཐེངས་དང་པོ།   ཤོག་གྲངས་143ལ་གསལ།
④ 苏发祥 《中国藏族》宁夏人民出版社 2012年5月第1版 136页
⑤གཅན་ཚ་བཀྲ་བྷོ།《དམངས་སྲོལ་རིག་པའི་སྤྱི་དོན》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་།  2008ལོའི་ཟླ་1པའི་པར་ཐེངས་དང་པོ།
⑥རྨ་ལྷོ་ཁུལ་ཚན་རྩལ་ཅུའུ། རྨ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་།  《རེབ་གོང་རིག་གནས་སྒྱུ་རྩལ་ཞིབ་འཇུག》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2009ལོའི་ཟླ་2པའི་པར་ཐེངས་དང་པོ།   ཤོག་གྲངས་317ལ་གསལ། 
⑦赤列曲扎 《西藏风土志》西藏人民出版社 第148页
⑧འབྲུག་ཐར།    《མདོ་སྨད་བྱང་ཤར་གྱི་བོད་ཀྱི་ཚོ་བ་ཤོག་པའི་ལོ་རྒྱུས་དང་རིག་གནས་བཅས་པར་དཔྱད་པ། 》 མི་རིགས་དཔེ་སྐྲུན་ཁང་། 2002ལོའི་ཟླ་5བའི་པར་ཐེངས་དང་པོ།   ཤོག་གྲངས་685ལ་གསལ།