ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཚ་ཤོས།

《ཁྲི་ཀའི་བསྡུས་སྒྲུང》རྒྱ་འགྱུར་མའི་དཔྱད་གཞིའི་དེབ་པར་དུ་སྐྲུན་པ།

སྤེལ་དུས 2022-06-21 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
        ཉེ་ཆར། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་དག་སྒྲིག་བགྱིས་པའི་རྒྱ་འགྱུར་མའི་དཔྱད་གཞིའི་དེབ《ཁྲི་ཀའི་བསྡུས་སྒྲུང་》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་པར་སྐྲུན་བྱས།

        《ཁྲི་ཀའི་བསྡུས་སྒྲུང་》ནི་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་དྲུག་ཅུ་པར་མཚོ་སྔོན་ཞིང་ཆེན་གྱིས་སྒྲིག་འཛུགས་བྱས་ནས་འཚོལ་སྡུད་དང་ཡིག་སྒྱུར་བྱས་པའི་གེ་སར་སྒྲུང་གི་དཔྱད་གཞིའི་ཡིག་རིགས་ཁྲོད་ཀྱི་རྩ་ཆེའི་པར་གཞི་ཞིག་ཡིན། དཔལ་རྒྱལ་(1901-1975)དང་ཝང་དབྱི་ནོན་(1907-1998)གཉིས་ཀྱིས་ཡིག་སྒྱུར་བྱས། སྐབས་དེ་དུས་སྒྲུང་ཡིག་འདིའི་བོད་ཡིག་པར་གཞི་ཐོག་མ་འཚོལ་སྡུད་བྱས་པ་དེས་མཚོ་སྔོན་ཞིང་ཆེན་ནི་ཀྲུང་གོ་གསར་པ་དབུ་བརྙེས་རྗེས་གེ་སར་སྒྲུང་ཡིག་འཚོལ་བསྡུ་དང་ལེགས་སྒྲིག་བྱེད་སྔ་ཤོས་ཀྱི་ས་ཁུལ་ཞིག་ཏུ་གྱུར་བ་དང་། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ནི་རྒྱལ་ཡོངས་གེ་སར་སྒྲུང་གི་འཚོལ་སྡུད་དང་། དག་སྒྲིག ལོ་ཙཱ་སོགས་བྱ་བ་བསྒྲུབས་པའི་ཐོག་མའི་ལས་ཁུངས་སུ་གྱུར་ཡོད།
        གེ་སར་སྒྲུང་གི་ཐོག་མའི་པར་གཞི་དང་ཐོག་མའི་རྒྱ་འགྱུར་མ་ལ་སློབ་སྦྱོང་དང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན། དེའི་ནང་རྒྱ་འགྱུར་མའི་དཔྱད་གཞི་སྐོར་ཞིག་ད་བར་དུ་ལེགས་སྒྲིག་དང་པར་སྐྲུན་བྱེད་ཐུབ་མེད་པས། ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོབ་དང་། རྒྱུན་འཛིན། འཕེལ་རྒྱས་བཅས་གཏོང་བ་དང་། གེ་སར་སྒྲུང་གི་ཞིབ་འཇུག་དང་གནད་ཁེལ་ཡིག་སྒྱུར་ལས་དོན་སྐུལ་འདེད་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱིས་རྒན་རབས་སྒྱུ་རྩལ་པ་ཚོར་དྲན་གསོ་ཞུ་བ་དང་། དཀའ་ཚེགས་ཤིན་ཏུ་ཆེ་བའི་ཁོར་ཡུག་འོག་རྒན་རབས་པ་ཚོས་དཀའ་ངལ་ཁྱད་དུ་བསད་ནས་ལྷག་བསམ་རྣམ་དག་གིས་གེ་སར་སྒྲུང་གི་མྱུར་སྐྱོབ་དང་སྲུང་སྐྱོབ་བྱ་བ་བསྒྲུབས་པའི་སྒེར་སེམས་མེད་པའི་སྙིང་སྟོབས་ལ་སློབ་སྦྱོང་ཞུ་ཆེད། རྩ་ཆེའི་རྒྱ་འགྱུར་མའི་དཔྱད་གཞི་དེ་དག་མྱུར་སྐྱོབ་རང་བཞིན་གྱི་ལེགས་སྒྲིག་བྱས་ཤིང་རིམ་བཞིན་པར་དུ་བསྐྲུན་རྒྱུའི་འཆར་གཞི་ཡོད་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།