ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > ཚ་ཤོས།

ལོ་རྒྱུས་ཡུན་རིང་ལྡན་པའི་རྫ་ཡུལ་རོང་གི་རྫབ་ཕོར་གྱི་ཁྱད་ཆོས།

སྤེལ་དུས 2022-11-21 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར། རྩོམ་པ་པོ། བསོད་ནམས་དབང་ཕྱུག
     རྫ་ཡུལ་ནགས་ཀྱི་རྒྱ་མཚོ། རྫབ་ཕོར་ཤིང་གི་ཕ་ས།
     ——བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་བློ་བཟང་ཆོས་འཕེལ་ལ་བཅར་འདྲི་ཞུས་པ།
     རི་ཀླུང་གང་སར་གདོད་མའི་ནགས་ཚལ་གྱིས་བརྒྱན་ཅིང་། སྔོ་ཐིང་ངེར་གནས་པའི་རྫ་ཡུལ་རྫོང་ནི། བོད་ལྗོངས་ཀྱི་རྫོང་གཞན་དང་འདྲ་བར་འཛུགས་སྐྲུན་གྱི་ཁང་པ་སྟར་པ་མང་པོ་ཡོད་པ་མིག་ལམ་དུ་མཐོང་ཚེ་དགའ་ལྷང་ལྷང་གི་སྣང་བ་ཞིག་འགོག་མེད་དུ་འཁོར།

     ནམ་མཁའ་གཡའ་དག་པའི་ཉིན་ཞིག་གསར་འགོད་པ་རྫ་ཡུལ་རྫོང་གི་ཁྲོམ་གཞུང་དུ་སྐྱོད་སྐབས། མིག་ལམ་དུ་ཡུལ་དེ་གའི་ཁྱད་ཆོས་ལྡན་པའི་ཤིང་ཕོར་ཚོང་ཁང་ཞིག་མཐོང་བྱུང་། ཚོང་ཁང་དེ་ནི་རྫ་ཡུལ་རོང་སྟོད་ཤང་ནས་ཡིན་པའི་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ཁོངས་གཏོགས་རྫ་ཡུལ་ཤིང་ཕོར་བཟོ་རྩལ་གྱི་རྒྱུན་འཛིན་པ་བློ་བཟང་ཆོས་འཕེལ་གྱིས་བཙུགས་པ་ཞིག་རེད་འདུག གོ་སྐབས་དེ་དང་བསྟུན་ནས་གསར་འགོད་པས་ཚོང་ཁང་གི་སྦྱིན་བདག་བློ་བཟང་ཆོས་འཕེལ་ལ་བཅར་འདྲི་ཞུ་འགོ་ཚུགས། ཁོང་གིས། ངའི་ཤིང་ཕོར་ཚོང་ཁང་འདི་2008ལོར་བཙུགས་ནས་ད་བར་ལོ་གྲངས་14ལྷག་སོང་བ་དང་ཅ་ལག་ཚང་མ་ཕ་ཡུལ་གྱི་ལག་ཤེས་བཟོ་རྩལ་ལས་ཐོན་པ་ཤ་སྟག་ཡིན། མ་གཞི་རྫ་ཡུལ་རྫོང་གྲོང་དུ་ཤིང་ཕོར་ཚོང་ཁང་ཆེ་ཆུང་ཁ་ཤས་མཐོང་རྒྱུ་ཡོད་མོད། འོན་ཏེ་རང་ཉིད་ཀྱི་ཤིང་ཕོར་ཚོང་ཁང་དུ་ཡུལ་འདི་གའི་ཤིང་རིགས་སྣ་ཁ་མང་པོ་ལས་བཟོས་པའི་སྒོག་ཕོར་དང་། ཇ་ཕོར། རྩམ་ཕོར། སྤོས་ཕོར། ཇ་ཅོག ཐལ་ཕོར། ཕྲེང་བ། སྣ་རུ། གྲྭ་ཕོར། མར་ཕོར་སོགས་ཀྱིས་ཁེངས་ཡོད་ལ། ད་དུང་སྒྲིག་གཤོམ་རྒྱན་ཆ་སོགས་བཟོ་རྩལ་སྤུས་ཀ་དག་པ་མ་ཟད། ལྷག་དོན་དུ་ང་ཚོའི་མི་རབས་ལྔ་ནས་བརྒྱུད་པའི་ཤིང་ཕོར་བཟོ་བའི་ལག་རྩལ་བྱང་ཆུབ་པ་ཞིག་ཡོད་ལ། སྣ་ཁ་འཛོམས་པ་ཞིག་ཡོད་པས། དྲ་ཐོག་ནས་ཀྱང་ཤིང་ཕོར་མངགས་ཉོ་བྱེད་མཁན་མི་ཉུང་བ་ཞིག་ཡོད་པར་བཤད།

     ཁོང་གིས། བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་ཞིག་ཡིན་པའི་ངོས་ནས། ངས་རྫ་ཡུལ་ཤིང་ཕོར་གྱི་བཟོ་རྩལ་ཐད་རང་གིས་རང་ལ་རེ་བ་ནན་པོ་བཏོན་ནས་སྤུས་ཚད་ཐད་འཛད་སྤྱོད་པར་བློ་བདེ་པོའི་ངང་སྤྱོད་ཆོག་གི་ཡོད་པ་མ་ཟད། སྤུས་ཚད་འགན་ལེན་ཡོད་པའི་ཤིང་ཕོར་དེ་རིགས་སློབ་གྲོགས་དང་། གྲོགས་པོ། ལས་རོགས་སོགས་ལ་ལག་རྟགས་སྤྲད་ན་སྤྲོད་རིན་ཆེན་པོ་ཡོད་པ་སྨོས་མེད་ཡིན། དེ་བས་རྫབ་ཡག་གི་སྒོག་ཕོར་དང་ཇ་ཕོར་སོགས་ཆེ་ཆུང་གང་འདྲ་ཞིག་དཀྲུག་དགོས་ཚེ་སྤུས་ཚད་འགན་ལེན་དེ་བས་གང་ཐུབ་བྱས་དང་བྱེད་བཞིན་ཡོད་། གང་ཡིན་ཟེར་ན། རྫབ་ཀྱི་རིགས་ཚང་མ་ནི་རིན་གོང་ཤིན་ཏུ་ཆེ་བས་གང་བྱུང་དུ་འཕྲོ་བརླག་གཏོང་མི་ཉན། རྫ་ཡུལ་གྱི་ཤིང་ཕོར་ལ་ཁྱད་ཆོས་གང་དང་གང་ལྡན་མིན་སྐོར་གླེང་སྐབས་བློ་བཟང་གིས། རྫ་ཡུལ་གྱི་ཤིང་ཕོར་བཟོ་བའི་རྒྱུ་ཆ་གཙོ་བོ་ནི་ལག་ཁྲ་ཤིང་དང་། གར་དམར་ཤིང་། མ་གལ་ཤིང་སོགས་རེད། ཤིང་དེ་དག་ལས་བཟོས་པའི་སྒོག་ཕོར་ཡིན་ཕྱིན་བེད་སྤྱོད་བཏང་ནས་ཡུན་རིང་སོང་ཡང་། སྤྱིར་ན་གས་པ་དང་། བཟོ་ལྟ་དང་མདོག་འགྱུར་བ་སོགས་ཀྱི་གནས་ཚུལ་ཧ་ལམ་ཐོན་མི་སྲིད། ལྷག་པར་དུ་རྫ་ཡུལ་ནས་ཐོན་པའི་ཤིང་ཕོར་དེ་དག་མང་ཆེ་བ་ཤིང་དེ་རང་གི་མདོག་ཡིན་པ་ལས་དཀྲུག་རྒྱག་མཁན་གྱིས་རྩི་བཏང་བ་གཏན་ནས་མིན། ང་ཚོ་རྫ་ཡུལ་གྱི་ཤིང་ཕོར་གང་འདྲ་ཞིག་ཡིན་ཕྱིན་ཤིང་དེ་རང་གི་ཁྲ་དང་རི་མོ་གང་ཡིན་པ་དེ་རང་སོར་འཇོག་པ་ལས་རྩི་བཏང་ནས་མདོག་བསྒྱུར་བ་མེད། དེ་ལས་གལ་ཆེ་བ་ཞིག་ནི། ཤིང་ཕོར་གྱི་རྒྱུ་ཆ་ནི་མང་ཆེ་བར་ཤིང་གང་ཞིག་ལས་ལྦ་བ་བཀོག་པ་ཡིན་སྟབས་གས་སླ་བ་དང་ཆག་བདེ་བ་སོགས་ཀྱི་སྐྱོན་ཆ་ཐོན་པ་ཧ་ཅང་ཉུང་ཉུང་ཡིན་ཞེས་བརྗོད། གསར་འགོད་པས་ཤེས་རྟོགས་བྱས་པ་བརྒྱུད། ཚོང་ཁང་དེའི་ནང་གི་རྫབ་ཀྱི་སྒོག་ཕོར་རྩེ་གྲར་སྒོར་ཁྲི་ལྔ་ལྷག་དང་། སྤྱིར་བཏང་ཞིག་ལའང་སྒོར་ཁྲི་བརྒལ་གྱི་འདུག ད་དུང་རྫབ་ཀྱི་ཇ་ཕོར་ཡག་ཤོས་ལ་སྒོར་ཁྲི་གཉིས་ལྷག་ཙམ་བྱས་ནས་འཚོང་གི་ཡོད་པ་དང་། ཚོང་ཁང་གི་ལོ་རེའི་ཡོང་འབབ་སྒོར་ཁྲི་70ལྷག་ཟིན་གྱི་ཡོད་ཅེས་གསར་འགོད་པར་བཤད།

     རྫ་ཡུལ་ཤིང་ཕོར་གྱི་རྒྱུན་འཛིན་པ་བློ་བཟང་ཆོས་འཕེལ་ལ་རྫ་ཡུལ་ཤིང་ཕོར་གྱི་ལེགས་ཆ་གང་ཡོད་མེད་དང་། རྒྱུ་ཆ་འཚོལ་སྟངས། ཤིང་ཕོར་བཟོ་བའི་བརྒྱུད་རིམ་ཐུན་མོང་མ་ཡིན་པ་གང་འདྲ་ཡོད་མེད་སྐོར་འདྲི་སྐབས། ཁོང་གིས། རྫ་ཡུལ་དུ་ཤིང་རིགས་སྣ་ཁ་ཤིན་ཏུ་མང་ཡང་མང་ཆེ་བར་ཕོར་པ་བཟོ་སྲོལ་མེད། སྔ་ནས་ད་བར་མང་ཆེ་བས་གར་མར་ཤིང་དང་། ལག་ཁྲ་ཤིང་། མ་གལ་ཤིང་སོགས་སྤྱད་ནས་རྫབ་ཕོར་བཟོ་ཞིང་། ཤིང་དེ་དག་ནི་སྤྱིར་བཏང་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཚད་སྨི་3200མན་ལ་སྐྱེ་ཡི་ཡོད། ཤིང་ཕོར་བཟོ་བྱེད་དེའི་མིང་ལ་ཕོར་རྡོར་དང་སྒ་བཟོ་བྱེད་ཀྱི་མིང་ལ་སྒ་རྡོག་ཅེས་ཟེར། ཕོར་རྡོར་དེ་དག་མང་ཆེ་བར་ཤིང་སྡོང་གི་ལྦ་བ་ལས་བཀོག་པ་ཤ་སྟག་རེད། གལ་སྲིད་ལྦ་བ་ལས་མ་བཀོག་པར་ཤིང་སྡོང་ཐད་ཀར་བཅད་ནས་དཀྲུག་པ་ཡིན་ན་དེ་ལ་སྡོང་དཀྲུག་ཅེས་ཟེར་གྱི་ཡོད། རྒྱུས་ཡོད་མཁན་གྱིས་སྡོང་དཀྲུག་བརྒྱབ་པའི་ཕོར་པ་ཉོ་མཁན་ཉུང་ཉུང་རེད། གང་ལགས་ཤེ་ན། སྡོང་དཀྲུག་ལས་བཟོས་པའི་སྒོག་ཕོར་རམ་ཇ་ཕོར་གང་འདྲ་ཞིག་ཡིན་རུང་ཆག་སླ་བ་དང་གས་སླ་བས་རེད། ཕོར་པ་དེ་དག་རིན་གོང་ཡང་ལྡབ་ཁ་ཤས་ཀྱིས་ཆུང་བ་ཡོད།

     ཤིང་ཕོར་བཟོ་བྱེད་ཀྱི་ཕོར་རྡོག་དེ་དག་དེ་རིང་བཀོག་ནས་ལམ་སེང་བཟོ་ཆོག་ཀྱང་། དེ་ལྟར་བྱས་ན་ལོ་ཤས་སམ་ཡང་ན་ཟླ་ཤས་མ་འགོར་བར་ཕོར་པ་གས་པ་དང་འཇོང་འཇོང་ཆགས་འགྲོ་ཡི་ཡོད། དེར་བརྟེན་ཕོར་རྡོག་རྣམས་ཐོག་མར་ཉིན་ཕྱེད་ཙམ་བཙོས་ནས་ཤིང་གི་ཁུ་བ་ཕྱིར་འདོན་དགོས་པ་དང་། དེ་ནས་ལམ་སེང་བཟོས་མ་ཐུབ་ཚེ་རྒྱུག་ཆུར་སྦངས་པ་དང་དེ་རྗེས་གྲིབ་སྐམ་ཟླ་བ་གཅིག་ལྷག་བཏང་སྟེ་གཞི་ནས་ཕོར་པ་བཟོས་པ་ཡིན་ན་གས་ཁག་པ་དང་ཤིང་ཕོར་ལ་འགྱུར་བ་ཧ་ལམ་འགྲོ་མི་སྲིད། ཤིང་ཕོར་དང་རྫབ་ཕོར་གང་འདྲ་ཞིག་ཡིན་ཕྱིན་དེའི་ནང་དུ་ཆང་དང་ཨ་རག་བླུག་རྒྱུ་མེད། གལ་སྲིད་ཨ་རག་བླུགས་ན་ཤིང་གི་མདོག་འགྱུར་ནས་ནག་པོར་གྱུར་སྲིད་ཅེས་དང་། རང་ཉིད་ཀྱི་ཤིང་ཕོར་ཡིན་ན་ཉིན་ལྟར་འཁྲུ་མི་དགོས། མཇུག་ཏུ་ཁོང་གིས། དེ་སྔོན་ང་རང་རྫ་ཡུལ་ཡོངས་ཀྱི་ལུང་པ་ཐག་རིང་ཤོས་ཏེ། རྫ་ཡུལ་རོང་སྟོད་ཨ་སྤྲ་ལུང་ཁུག་ཏུ་འཚོ་བ་སྐྱེལ་གྱི་ཡོད། འོན་ཀྱང་གོང་རིམ་གྱིས་ང་རང་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལས་རྫ་ཡུལ་ཤིང་ཕོར་བཟོ་རྩལ་གྱི་རྒྱུན་འཛིན་པར་བདམས་པས། རིམ་གྱིས་ལྷ་ས་དང་ཉིང་ཁྲི་སོགས་སུ་སྤེལ་བའི་ཚོང་འདུས་འགྲེམས་ཁག་མང་པོར་ཞུགས་རྒྱུའི་གོ་སྐབས་ཐོབ་བྱུང་ལ། གོང་རིམ་དབུ་ཁྲིད་དང་རྒྱ་ཆེའི་འཛད་སྤྱོད་པ་མང་པོས་ངའི་ཤིང་ཕོར་ལག་རྩལ་ལ་གདེང་འཇོག་དང་ཁས་ལེན་གང་ལེགས་གནང་བྱུང་བས། སླད་ཕྱིན་ངས་རང་གི་ལག་རྩལ་དེ་མི་དེ་བས་མང་བར་བསླབས་ནས། རྫ་ཡུལ་ཤིང་ཕོར་བཟོ་རྩལ་དེ་མི་རབས་ནས་མི་རབས་བར་རྒྱུན་འཛིན་གང་ལེགས་ཐུབ་པ་བྱེད་ཀྱི་ཡིན་ཞེས་བརྗོད།
རྩོམ་སྒྲིག་པ། སྣང་རྡོར།