ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

ལོ་རྒྱུས་རིང་བའི་བོད་ཀྱི་ཀོ་ཆས་བཟོ་རྩལ།

སྤེལ་དུས 2019-03-15 ཡོང་ཁུངས། གངས་ལྗོངས་ཉི་གཞོན། རྩོམ་པ་པོ།

        ཡངས་ཤིང་རྒྱ་ཆེ་བའི་མཚོ་བོད་ས་མཐོའི་ཐོག་ནོར་ལུག་ཁྱུ་དང་ཁྱུ་འཚོ་བའི་པགས་པ་དེ་དག་ནི་བོད་ཀྱི་ཀོ་ཆས་ལག་ཤེས་ཀྱི་རྒྱུ་ཆ་ལྷད་མེད་ཅིག་ཡིན་ཞིང་། ལོ་ངོ་སྟོང་ཕྲག་མང་པོའི་ནང་ནོར་ལུག་གི་པགས་པས་བཟོས་པའི་ཕྱུ་པ་དང་། ཞྭ་ལྷམ། སྟོད་གོས་སོགས་མགོ་ལུས་ཆ་ཚང་ལ་ཁྱབ་པའི་གྱོན་གོས་དང་ཉལ་གདན་སོགས་དང་། རྩམ་ཁུག་དང་། ཇ་ཁུག་ཚྭ་ཁུག ཆང་སྣོད་སོགས་ལྟོ་སྣོད། རྟ་སྒྲོ་དང་། དངུལ་ཁུག ཁབ་ཤུབས་དང་ཀོ་སྒམ་སོགས་སྤྱོད་ཆས། དེ་བཞིན་རྒྱན་ཆའི་རིགས་དང་འགྲིམ་འགྲུལ་ཡོ་བྱད། འབག་སོགས་སྒྱུ་རྩལ་དངོས་པོ་ཅི་རིགས་ཀྱིས་བོད་མི་དམངས་ཀྱི་ཟས་གོས་གནས་མལ་དང་འགྲོ་ཆགས་སྡོད་གསུམ་ཚང་མའི་དགོས་མཁོ་སྐོང་བཞིན་ཡོད། ལྷག་དོན་དུ་དེ་སྔ་འབྲོག་ཁུལ་གྱི་མི་ཚོས་གྱོན་པའི་སློག་པ་ནི་གཅིག་གོ་མང་ཆོད་ཀྱི་ཕྱུ་པ་ཞིག་ཡིན་ཞིང་། ཕུ་ཐུང་རིང་ལ་ཐུལ་ཆེ་བའི་སློག་པ་དེ་གནམ་གཤིས་གྲང་ངར་ཆེ་སྐབས་གྲང་འགོག་གི་ནུས་པ་ཆེ་བ་དང་། གནམ་གཤིས་དྲོ་པོ་ཡོད་དུས་ཕུ་ཐུང་ཡ་གཅིག་གམ་གཉིས་ཀ་ཕུད་ནས་བདེ་ཆས་སྤྲས་ཆོག་པ། ཡང་སྐེ་རགས་བཅིང་ན་གྱོན་གོས་ཡིན་པ་དང་སྐེ་རགས་བཤིག་ན་ཉལ་ཆས་ཀྱི་གོ་ཡང་ཆོད་པ་མ་ཟད། ཐུལ་ཆེ་བའི་ཨམ་ཕྲག་ནི་ལྟོ་ཕད་ཆུང་གྲས་ཤིག་ལུས་ལ་བཏགས་པ་ལྟར་ཉིན་མཁོའི་དངོས་པོ་ཐམས་ཅད་བླུག་ཐུབ་ཀྱི་ཡོད་ལ་འབྲོག་ཁུལ་བུད་མེད་ཚོས་ཕྲུ་གུ་ཡང་ཨམ་ཕྲག་ནང་བཅུག་པ་མཐོང་ཆོས་ལྟར་ཡིན་པ་དེར་སེམས་ཁམས་ཞིབ་འཇུག་པ་འགའ་ཞིག་གིས་ཕྲུ་གུ་སྐྱོང་སྟངས་དེ་ནི་མ་བུའི་བར་བརྩེ་སེམས་ཟབ་ཏུ་གཏོང་ཐབས་ལེགས་པོ་ཞིག་ཡིན་པའི་བརྟག་དཔྱད་འབྲས་བུ་ཡང་བཏོན་ཡོད། ལྷག་དོན་ཕྱུ་པའི་མཐའ་ཆགས་དང་། རྟ་སྒྲོའི་ངོས། ཁབ་ཤུབས་དང་དངུལ་ཁུག་སོགས་ལ་ཁྱི་སྣ་དང་པ་ཊ་སོགས་ཚོན་མདངས་སྤེལ་མའི་རི་མོ་སྣ་ཚོགས་བརྒྱབ་ནས་མཛེས་སྡུག་ལྡན་པ་ཞིག་ཡོད་ལ་རི་མོ་སྣ་ཚོགས་ཀྱིས་མཛེས་པར་བརྒྱན་པའི་ཀོ་བའི་སྡེར་མ་ཡང་ཉུང་ཤས་མཐོང་རྒྱུ་ཡོད་པ་ནི་ཆེས་ངོ་མཚར་ཆེ་བའི་རིག་དངོས་ཤིག་ཡིན། སྤྱོད་གོ་ཆེ་ལ་མཛེས་ཉམས་དོད་པའི་ཀོ་ཆས་དེ་དག་གིས་ས་མཐོའི་མི་དམངས་ཀྱི་དམིགས་བསལ་མཛེས་དཔྱོད་ཀྱི་རིན་ཐང་མངོན་ཐུབ་ལ་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་ཀྱི་རྒྱབ་ལྗོངས་ཀྱང་མངོན་བཞིན་ཡོད།
        ལྷ་ལྡན་གཙུག་ལག་ཁང་སོགས་ཀྱི་ལྡེབས་རིས་ལས་ཕོ་བྲང་པོ་ཏ་ལ་གསར་བཞེངས་བྱེད་སྐབས་མཉན་པ་ཚོས་ལྷ་ས་སྐྱིད་ཆུའི་ནང་དུ་ཀོ་བ་བཏང་ནས་རྡོ་ཤིང་དབོར་འདྲེན་བྱས་ཚུལ་ལ་གཞིགས་ན། བོད་དུ་བཙན་པོ་སྲོང་བཙན་སྒམ་པོའི་སྐུ་དུས་ནས་ཀོ་བཟོའི་ལག་རྩལ་དར་བ་མ་ཟད། ཆུ་ཚད་ཀྱང་ངེས་ཅན་ཞིག་ཏུ་སླེབས་པ་མཚོན་ཡོད། འོན་ཀྱང་བོད་དུ་ཀོ་ཆས་དར་ནས་ལོ་རྒྱུས་ཡུན་རིང་སོང་བའི་ནང་འཚོ་བའི་སྤྱོད་ཆས་ཐད་ཀྱི་བཟོ་རྩལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་རུང་ཀོ་གྲུ་ཧ་ཅང་དཀོན་པོ་ཡོད་པ་མངོན་སྟེ། སྤྱི་ལོ་1385ཙམ་ལ་ཕེབས་པའི་གྲུབ་ཆེན་ཐང་སྟོང་རྒྱལ་པོ་མཆོག་ས་ཕྱོགས་ཁག་ཏུ་གདུལ་བྱ་འདུལ་བར་ཕེབས་སྐབས་ཁོང་ཆུ་སྒྲོལ་བར་གང་སར་སྐུ་ངལ་འཕྲད་པ་དང་ལྷ་གདོང་ཤན་ཁར་མཉན་པས་ཁོང་ཀོ་གྲུར་མ་བཅུག་པ་མ་ཟད། ཤན་སྐྱ་དབུ་ལས་གཞུས་པའི་ཉེར་ལེན་ལས་ལྕགས་ཟམ་བསྐྲུན་རྒྱུའི་དམ་བཅའ་ཐུགས་ལ་བཅངས་ལུགས་སོགས་ལས་ཀོ་གྲུ་ཧ་ཅང་དཀོན་པོ་ཡོད་པ་མཚོན་ཡོད་ལ། སྐབས་དེར་འགྲིམ་འགྲུལ་ཡོ་བྱད་ཧ་ཅང་དཀོན་པོ་ཡོད་རུང་ཀོ་བ་གཏོང་མཁན་དཀོན་པ་ནི་ཐོན་སྐྱེད་རྗེས་ལུས་ཀྱི་སྣང་ཚུལ་ཙམ་མིན་པར་སྤྱི་ཚོགས་ཀྱི་རིམ་གྲས་ཁག་གི་དབྱེ་བ་ཆེས་ཟབ་པའི་ངན་འབྲས་ཤིག་ཀྱང་ཡིན།
        དོན་གྱི་རྡོ་ཁ་ཚིག་གི་སྙིང་པོར་འདྲིལ་ན། དེང་རབས་ཀྱི་འཚོ་བའི་ནང་སྲོལ་རྒྱུན་ཀོ་ཆས་ཀྱི་བེད་སྤྱོད་རིམ་བཞིན་ཇེ་ཉུང་དུ་འགྲོ་གི་ཡོད་སྟབས་ཀོ་ཆས་འཚེམ་བཟོ་བྱེད་མཁན་ཚོར་ཡང་ཤུགས་རྐྱེན་ངེས་ཅན་ཐེབས་ཡོད་རུང་། བློ་རིག་བཀྲ་བའི་ལག་ཤེས་པ་ཚོས་མཛེས་ཤིང་སྟབས་བདེ་བའི་བཟོ་རྩལ་ཐོན་རྫས་བཟོ་རྒྱུར་ཁ་ཕྱོགས་ནས་ལྟོ་ཕད་ཆེ་ཆུང་སྣ་ཚོགས་དང་། དངུལ་ཁུག ལག་ཐོགས་ཁ་པར་གྱི་ཤུབས། ས་མཐོའི་སྲོག་ཆགས་དང་ཀོ་གྲུ་ཆུང་ངུ་ཡན་བཟོ་འཚེམ་བྱས་པར་ཉར་ཚགས་མཁན་དང་རྒྱ་ཆེའི་ཡུལ་སྐོར་བས་ཉོ་སྒྲུབ་བྱས་ཏེ་ཚོང་ལམ་ཡངས་ཤིང་རྒྱ་ཆེ་བ་ཞིག་ཡོད་པས་ཀོ་ཆས་ཀྱི་འཚོ་བའི་སྤྱོད་གོར་ཉམས་རྒུད་བྱུང་རུང་སྒྱུ་རྩལ་ཐོན་རྫས་ཀྱི་ཁྲོམ་རར་གསོན་ཤུགས་ཀྱི་དཔལ་འབར་བཞིན་ཡོད། སྣང་ཚུལ་དེའི་དཔེ་མཚོན་དུ་འོས་པ་ཞིག་ནི་ཆུ་ཤུར་རྫོང་འཇུན་པ་གྲོང་ཚོ་ཡིན་ཞིང་། གྲོང་མི་ཚོ་སྲོལ་རྒྱུན་གྱི་ཉ་ལས་དང་ཀོ་ཆས་ལས་སྣོན་བྱེད་མཁས་པོ་ཡོད་སྟབས་ཁོང་ཚོས་ཕྱུགས་རིགས་ཀྱི་པགས་པ་དང་ཉའི་པགས་པ་སྤྱད་ནས་དབྱིབས་ཆུང་གི་ཀོ་གྲུ་དང་། ཇ་ཁུག རྩམ་ཁུག་སོགས་འཚོ་བའི་མཁོ་ཆས་དང་། ཀོ་ལྷམ་སོགས་གྱོན་པ། ཌ་མ་རུ་སོགས་རྫས་སྣ་ཚོགས་བཟོ་བ་མ་ཟད། གྲོང་མི་70%ཙམ་གྱིས་ལག་ཤེས་དེ་རིགས་ཤེས་ཀྱི་ཡོད་པས་གྲོང་ཚོ་དེ་ཉེ་རིང་གང་སར་གྲགས་པའི་ལག་ཤེས་པའི་གྲོང་ཚོ་ཞིག་ཏུ་གྱུར་ཡོད།
        ད་ཆ་སྤྱི་དམངས་ཀྱི་འཚོ་བའི་ནང་ཀོ་ཆས་ཀྱི་དགོས་མཁོ་ཆེན་པོ་མེད་རུང་། རིག་གནས་ཀྱི་སྣང་ཚུལ་གཞན་ཞིག་གི་ཐོག་ནས་ཀོ་ཆས་ཀྱི་དགོས་མཁོ་སྔར་བཞིན་ཆེན་པོ་ཡོད་པ་རེད། དེ་ཡང་ལྷ་མོ་བའི་རྔ་དང་། ལྷོ་ཁའི་བྲོ་སོགས་ཀྱི་སྐེད་རྔ་དང་། ཆབ་མདོ་སོགས་ཀྱི་བྲོ་པའི་ལག་རྔ། ཆོས་རྔ་སོགས་ནི་སྔར་བཞིན་དགོས་མཁོ་ཆེན་པོ་ཡོད་ལ་ད་ཆ་ཚབ་བྱེད་ཀྱི་དངོས་པོ་ཡང་ཐོན་མེད་པ་རེད། དགོན་པའི་ནང་རྒྱུན་དུ་བེད་སྤྱོད་གཏོང་བའི་རྔ་ནི་ཧ་ཆང་ཆེན་པོ་ཡོད་པ་དང་། བཀྲ་ཤིས་རྟེན་འབྲེལ་སོགས་ཀྱི་སྐབས་ཕྱིར་འཁྱེར་རྒྱུའི་ལག་རྔ་ནི་ཅུང་ཆུང་བ་ཡོད། ད་དུང་ཌ་མ་རུ་དང་ཐུན་དམ་ཞེས་པའི་ཌ་རུའི་རིགས་ཆེ་ཆུང་གཉིས་ཡོད་པ་རེད། རྔ་ལ་གཡོག་རྒྱུའི་པགས་པ་ནི་སྤྱིར་ན་ར་ལྤགས་ཡིན་པ་ལས་འབྲི་གཡག་གི་ཀོ་བ་སྤྱོད་སྲོལ་མེད་པ་རེད། ད་ཆ་རྔའི་རིགས་ནི་སྒྱུ་རྩལ་དངོས་པོ་ཙམ་མིན་པར་རིག་གནས་ཐོན་རྫས་ཤིག་ཡིན་ལ་རིམ་པ་ཁག་གི་མངོན་མིན་རིག་གནས་ཤུལ་བཞག་ཅིག་ཀྱང་ཡིན་པ་མ་ཟད། ཆོས་ལུགས་རིག་གནས་ཀྱི་ཁྱབ་ཁོངས་སུ་པགས་པའི་སྒྱུ་རྩལ་དངོས་པོ་དེ་རིགས་སྔར་བཞིན་དགོས་མཁོ་ཆེན་པོ་ཡོད་པ་རེད།
        (རྩོམ་ཡིག་འདི་བོད་ལྗཽངས་ཉིན་རེའི་ཚགས་པར་ཁང་གི་འཕྲིན་སྟེགས་ལས་བཤུས།)
རྩོམ་སྒྲིག་པ། སྣང་རྡོ།