ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

དགོན་པའི་རག་དུང་ངམ་དུང་ཆེན་སྐོར་རོབ་ཙམ་གླེང་བ།

སྤེལ་དུས 2019-03-27 ཡོང་ཁུངས། གངས་ལྗོངས་ཉི་གཞོན་གྱི་འཕྲིན་སྟེགས། རྩོམ་པ་པོ།
                                                               ལྷ་རྩེའི་ཁུ་བྱུག

     1 རག་དུང་གི་བྱུང་བ་བརྗོད་པ།
        རག་དུང་ངམ་དུང་ཆེན་དང་དེ་འབུད་སྟངས་ཀྱི་དབྱངས་རྟའི་རི་མོ་འདི་དང་ཚུལ་བཞིན་འབུད་པའི་སྲོལ་འདི་ཡང་སྒྲ་ཡངས་འཇུག་གིས་བཤད་ན་དགོན་པའི་དབྱངས་ཀྱི་རིག་གནས་བྱེ་བྲག་པ་ཞིག་ཡིན། དང་པོ་ནས་བོད་རང་གིས་བཟོས་པའི་རོལ་ཆ་ཞིག་ཡིན་འདུག་སྟེ་ཟ་ཧོར་གྱི་མཁན་པོ་ཞི་བ་འཚོ་དང་། ཨོ་རྒྱན་པདྨ་འབྱུང་གནས་རྣམ་གཉིས་བོད་ལ་སྤྱན་དྲངས་ཏེ་བསམ་ཡས་གཙུག་ལག་ཁང་བཞེངས་ཟིན་པའི་རབ་གནས་དགའ་སྟོན་སྐབས།
                                                                                 ཟངས་དུང་ཆ་ལང་མཁར་རྔ་གླིང་བུ་དང་༔
                                                                                 རྫ་རྔ་པི་ཝང་ཕེག་རྡོབ་རོལ་མོའི་ཚོགས༔
        ཞེས་བྱུང་བས་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་སུ་རང་རེའི་ཡུལ་འདིར་ཟངས་དུང་འདི་ཡོད་པར་ངེས་ཤིང་། དེ་རྗེས་སུ་མངའ་རིས་སུ་ལྷ་བླ་མ་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་སྤྱན་འདྲེན་སྐབས་རྒྱུ་རག་ལས་ཆེད་དུ་བཟོས་པས། ལོ་པན་སྤྱན་འདྲེན་རག་དུང་ཞེས་མིང་བཏགས་པ་དང་། དེ་ནས་ཆོས་ལུགས་ཡོ་ཆས་སམ་མཆོད་རྫས་གྲས་སུ་གཏོགས་པར་གྲགས། 

        2 རག་དུང་གི་མིང་འདོགས་ཚུལ།
        ཕྱིས་དགོན་པའི་གྲྭ་པ་ཚོས་དུང་དམར་ཞེས་པ་འབོད་སྲོལ་འདི་ཡང་རྒྱུ་ཆ་ཟངས་ལ་བཟོས་པའི་ཆ་དང་ཁ་དོག་དམར་བའི་ཆ་ནས་བཏགས་ཤིང་ཟངས་དུང་འབོད་པ་ཡང་དོན་དུ་གཅིག་ཡིན། རག་དུང་ནི་རྒྱུ་བ་རག་གིས་བཟོས་པའི་དུང་ཆེན་ཞེས་ཚིག་མཛོད་སོགས་ལས་གསལ། 
        3 རག་དུང་གི་རྒྱུ་ཆ།
        དགོན་པ་སོ་སོས་ད་ལྟ་གསེར་དངུལ་བཀྲ་མ་དང་། སྟོང་རག་བཀྲ་མ། ཟངས་རག་བཀྲ་མ་སོགས་ཀྱིས་བཟོས་ཏེ། རོལ་མོ་འདི་དགོན་པའི་རོལ་ཆ་ཀུན་ལས་རིང་ཤོས་དེ་ཡིན་ལ། ཆེ་ཚད་ལ་མི་གཅིག་གིས་ཐེག་ཙམ་ནས་འཁྱེར་བདེ་བ་ཅི་རིགས་ཡོད་ཀྱང་རྩ་བའི་མཚན་ཉིད་ཚང་དགོས་པ་གཅིག་ཡིན། སེར་སྦྲེང་སྐབས་སུ་བན་ཆུང་རེས་དུང་དམར་ལ་ལུང་ཐག་བཏགས་ཏེ་ཁུར་དགོས།
        4 ཟངས་དུང་ངམ་དུང་དམར་གྱི་དབྱིབས།
        སྲིད་དུ་རིང་ཐུང་ཇི་ལྟར་བྱུང་ཡང་རྩ་མདའ་ཐེ་བའི་ལྷུ་བཞི་ལས་གྲུབ་ཅིང་། སྟོད་ནས་རིམ་བཞིན་ཇེ་སྦོམ་དུ་སོང་བའི་སྨད་མཐར་ཁ་བོ་ཆེ་རྒྱ་གླིང་ཁ་ལྟར་གཡེར་བ་དང་།  ལྷུ་སོ་སོའི་བར་ན་ཡང་ལྦ་ཚིགས་ཚགས་དཀྲོལ་གྱི་པ་ཏྲས་མཛེས་པ། མགྲིན་པ་གྱེན་ལ་རིམ་བཞིན་ཕྲ་བའི་སྟེང་དུ་སྦུ་གུ་དང་སྤྲད་པའི་ཁ་ཡི་མེ་ཏོག་གམ་ཏིང་ཤགས་མཆུ་རྟེན་སྦུབས་ཅན་འདི་ལ་སྐྱོ་བྲག་སོགས་ནས་ཕུ་འཁྱིལ་ཞེས་འབོད་སྲོལ་ཡོད། མགྲིན་པའི་སྦུ་གུའི་ཕྱོགས་གསུམ་སྒྲོ་འདབ་ཅེས་ཟངས་ཀྱི་ཐུར་མ་གསུམ་གྱི་པྲ་ཆོས་བྱས་པ་ཞིག་ཡིན།


        5 རག་ཚིགས་སམ་རག་དུང་དབྱངས་རྟའི་རི་མོ།
        རོལ་མོ་འདི་ལ་དབྱངས་ཀྱི་སྦོམ་ཕྲ་དང་འདེགས་འཇོག གྲིམ་ལྷོད་སོགས་དབུགས་ཀྱི་འགྲོས་དང་མཐུན་པར་རི་མོའི་ལམ་ནས་སྦྱངས་ཏེ། བསྡུས་ན་འདོར་དང་། བརྒྱངས། འུར། ཞི་ཏིར། དྲག་འགུག ཧ། ཕྱེད་བཅད། རྦད་བཅད་སོགས་ཀྱི་མིང་བཏགས་པ་བཞིན་རག་དུང་ཡང་སྐད་དེ་འདྲ་སྙན་པོ་ཡོང་གི་ཡོད། གོང་གི་མིང་འདི་དགོན་པའི་རག་ཚིགས་སུ་བཀོད་པ་ལྟར་ཡིན་པས་དག་མིན་བརྗོད་དཀའ་ཡང་།  ཕལ་ཆེར་དུང་སྐད་རང་གི་ཐོག་ནས་མིང་འདི་བཏགས་པར་སེམས་ཏེ། འབུད་སྟངས་མ་འདྲ་བས་སྐད་མ་འདྲ་བ་བརྒྱད་ཀྱི་ཐོག་ནས་ཡོང་བ་ཞིག་རེད། 
        6 རག་དུང་འབུད་སྟངས།
        འབུད་སྟངས་ལའང་སྔོན་འགྲོ་ལ་རྒྱང་བཞི་འདོར་དྲུག རྣམ་སྲས། ཇག་མེ། ཁྲོམ་ཐོག གོ་ཁྲོམ་སྦྲག་མ། འགུག་གཞུགས་བསྡུས་པ། མཚན་ལྡན་བླ་མ། གོ་ཐོག བཀྲ་ཤིས་འདོར་ཞིབ་སོགས་ལེའུ་ཚན་རེ་ལ་མིང་རེ་ཡོད་ལ་མིང་རེར་འབུད་སྟངས་སྣ་ཚོགས་ཤིག་ཡོད། མིང་འདོགས་སྟངས་ནི་སྲུང་མའི་མཚན་ནས་བཏགས་པ་ཇག་མེ་དང་རྣམ་སྲས་ལྟ་བུ་དང་།   མཚན་ལྡན་བླ་མ་ནི་བླ་མ་བསུ་སྐྱེལ་སྐབས་སུ་འབུད་པའི་ཆ་ནས་བཏགས་པ་དང་། ལ་ལ་ནི་ཁྲོམ་སོགས་འདུ་བའི་སྐབས་སུ་འབུད་སྟངས་ཀྱི་ཆ་ནས་བཏགས་འདུག  འདི་མདོར་བསྡུས་རག་ཚིགས་ཀྱི་དཔེ་རིས་ལྟར་ཡིན།

        7 རག་དུང་བསླབ་སྟངས།
        དང་པོ་དབྱངས་ཀྱི་རི་མོ་འདི་དགེ་རྒན་གྱིས་ལག་ཁྲིད་དང་། ངག་ཁྲིད་གཉིས་སུ་འདུ་བ་ཞིག་རེད།  ངག་གི་རི་མོ་ནང་ལྟར་གདངས་ལ་སྦྱར་ཞིང་། ལག་པས་བརྒྱངས་དང་། འུར་དང་། ཏིར། ཕྱེད་བཅད་དང་། རྦད་བཅད། ཧ་སོགས་ལག་པའི་རྣམ་འགྱུར་རམ་ཕྱག་རྒྱ་རེ་རེས་བསླབས་ཏེ་འདུ་ཁང་ཁ་ནས་འབུད་ཚེ་ལག་པའི་བརྡ་དང་མཐུན་པར་སྒྲིག་སྟེ་འབུད་ཚེ་དབུགས་ཀྱི་བསུ་ལེན་དང་འདེགས་ཕབ་སོགས་མི་གཅིག་གིས་བོས་པ་བཞིན་འགྲིག་ལ་སྙན་པོ་ཡོད།  སློབ་སྦྱོང་གི་གོ་རིམ་མ་འཛོལ་བར་སྦྱངས་དགོས་ཏེ་རག་དུང་ཁ་ཆུ་ནང་འཇོག་སྟེ་སྦྱངས་སྲོལ་སོགས་དཀའ་ལས་ཆེ་ཙམ་དགོས། ང་རང་ཆུང་དུས་སྐྱོ་བྲག་དགོན་པའི་ཆོས་ཁྲིམས་བེར་ཚ་ཕྱག་རྡོར་གྱིས་དུང་དམར་ཆེད་དུ་སྦྱངས་ཏེ་དགོན་པའི་དུང་དམར་འབུད་མཁན་ལ་འཇོག་མྱོང་།  དེ་དུས་དགེ་རྒན་བེར་ཚ་ཕྱག་རྡོར་ཁོང་དང་། བེ་རུ་ཚེ་བརྟན་བཟང་པོ། བླ་མ་རབ་གསལ། མཆེད་དགའ་འབྱུང་སོགས་ལ་བསྟེན་ནས་སྦྱངས་ཏེ་དགོན་པའི་སྒྲིག་འོག་ནས་བོས་པ་ཡིན།

        8 རག་དུང་འབུད་སའི་གནས།
        དགེ་རྒན་མདུན་དུ་རྒྱུགས་འཕྲོད་ན་ད་གཟོད་གཞི་ནས་དགོན་པའི་འཚོག་གྲལ་དང་འདུ་ཁང་ཁ་སོགས་ནས་འབུད་སྲོལ་ཡོད། འཚོག་གྲལ་ནས་རག་དུང་འདི་ཞི་རོལ་སོགས་ལ་འབུད་སྲོལ་མེད། རོལ་མོ་གཞན་ལ་འབུད་དགོས། དེ་ཡང་རང་སྣང་གང་ཤར་འབུད་མི་ཆོག གཙོ་བོ་རོལ་མོ་ལ་སྒྲིག་དགོས། བཀུག་གཞུག་སོགས་དྲག་པོའི་རིགས་ལ་དྲག་འབུད་དང་། གཞན་ལ་འཇམ་པོར་འབུད་ཅིང་རོལ་མོ་ཁ་ཚར་ལ་འདོར་དང་། རོལ་མོ་ཕབ་ན་ཏིར་དང་། སུམ་བརྡུང་ལ་བཅད་སོགས་སྣ་ཚོགས་ཤིག་ཡོད།  ད་དུང་དགོན་པའི་ཆམ་དང་། བཟློག་པ་འཕེན་དུས། སེར་སྦྲེང་སོགས་ལ་འབུད་དགོས། དགོན་པའི་དུས་ཆེན་སྐབས་སུ་རག་དུང་དང་རྒྱ་གླིང་སྤེལ་མར་འདུ་ཁང་ཁ་ནས་ཞོགས་པ་དང་དགོང་མོར་བཏང་སྲོལ་ཡོད།  རྣམ་གྲངས་ཀྱང་ལྔ་བརྩེགས་ནས་བདུན་བརྩེགས། བཀྲ་ཤིས་དགུ་བརྩེགས་ནས་མར་བདུན་བརྩེགས་ནས་ལྔ་བརྩེགས་ལ་ཕབ་སྲོལ་ཡོད། བླ་མ་གཟིམས་ཁར་རྒྱ་གླིང་རྐྱང་པ་ལས་དུང་དམར་འདི་འབུད་སྲོལ་མེད། དབང་ཆེན་སྐབས་སུ་ཁྲོམ་དུང་ཞེས་ཆམ་རྭའི་ཁ་ནས་ཁྲོམ་ཐོག་སྦྲག་མ་སོགས་དུང་དམར་སྙན་ལ་རིང་པོ་འགྱུར་ཁུག་སོགས་རག་ཚིགས་ནང་ལྟར་འབུད་དེ་ཁྲོམ་བསྡུ་བའི་བརྡ་ལྟ་བུ་ཡིན། མ་གཞི་དགོན་པ་རེ་ལ་འབུད་སྲོལ་རེ་ཡོད་མཆི་བས་ཐམས་ཅད་འདི་ཞེས་སྨྲ་བའི་རྔོ་མི་ཐོག་མོད།  སྐྱོ་བྲག་དགོན་པའི་རག་དུང་འབུད་སྲོལ་ནི་ངས་ཚོད་ཙམ་བློར་ངེས་པ་འདི་ཙམ་བྲིས་པ་ཡིན། 
        9 རག་དུང་སྦྱང་དགོས་པའི་ཚུལ།
        རག་དུང་འདི་དགོན་པའི་རིག་གནས་འགང་ཆེན་ཞིག་ཡིན་པས་གོ་རིམ་དང་ལྡན་པའི་དབྱངས་ཀྱི་འགྲོས་ཆ་ཚང་ཐོག་སྦྱང་ན་ཡག་པོ་ཡོད་དེ།
        ས་པཎ་གྱིས། 
                                                                                 གླིང་བུ་པི་ཝང་རྫ་རྔ་དང༌། །
                                                                                 ཁར་རྔ་རྔ་ཟླུམ་རྔ་བོ་ཆེ།།
                                                                                 རྔ་ཕྲན་ཆ་ལང་ཀ་ཎ་ཊི། །
                                                                                 དུང་དང་རྒྱུད་མངས་ལ་སོགས་པ།།
                                                                                 ཇི་སྙེད་སིལ་སྙན་སྦྱོར་བཤད་པ། །
                                                                                 དེ་སྙེད་ལ་ནི་མཁས་པར་བྱ།།

        ཞེས་རག་དུང་འདི་ཡང་དུང་གི་ཁོངས་སུ་འདུ་བའི་རོལ་ཆའི་བྱེ་བྲག་ཅིག་ཡིན་འདུག་པས་དགོན་པའི་གྲྭ་པས་མཁས་པར་བྱ་བའི་གནས་སུ་མཐོང་། 
        མཇུག་ཏུ།
        ད་ལྟ་དགོན་པའི་རིག་གནས་ཉམ་དམད་འགྲོ་བཞིན་པའི་སྐབས་སུ་རག་དུང་འདིའི་རག་ཚིགས་སམ། དབྱངས་ཀྱི་རི་མོ་འདིའི་ནང་ལྟར་སློབ་མཁན་དཀོན་ལ། མཁྱེན་མཁན་ཡང་དཀོན་པོར་འགྱུར་བཞིན་འདུག དུང་དམར་འབུད་ཤེས་པ་ཁོ་ནས་མི་ཕན་པར་དེའི་དབྱངས་རྟའི་རི་མོ་སོགས་ཀྱང་མཁྱེན་དགོས་འདུག  གཞན་ཡང་དགོན་པའི་རོལ་མོ་དང་དེའི་དབྱངས་རྟ་སོགས་ཞིབ་དཔྱོད་ཀྱིས་ཁུངས་ལྡན་དཔེ་ཆ་དང་། ངག་རྒྱུན། ཉམས་མྱོང་ཐོག་ནས་རོལ་མོ་རེ་རེའི་བྱེད་ནུས་སྤྱོད་སྟངས་ཡིག་ཐོག་འགོད་ཐུབ་ན་རྗེས་སུ་བོད་དགོན་སྡེའི་རིག་གནས་ཡུན་གནས་དང་། ལོ་རྒྱུས་ཁ་སྐང་ཞིག་ཏུ་འགྱུར་ངེས་སྙམ་བཞིན་ཡོད། དགོན་པ་སོ་སོའི་བཞེད་སྲོལ་སྣ་ཚོགས་ཡོད་པས་མི་གཅིག་གིས་ཐམས་ཅད་འབྲི་ཤེས་པ་ཞིག་གཏན་ནས་མ་རེད། །

རྩོམ་སྒྲིག་པ། སྣང་རྡོ།