“པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ། ཞི་ཅིན་ཕིང་དང་ཨར་པ་ནི་ཡའི་ཙུང་ཐུང་མའེ་ཐ་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨར་པ་ནི་ཡའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་70འཁོར་བར་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་བཏང་གནང་བ། 《ཀྲུང་གོའི་བོད་ལྗོངས》དུས་དེབ་སྤེལ་ནས་ལོ་འཁོར་30ལོན་པ་དང་ཀྲུང་གོའི་བོད་ལྗོངས་དྲ་བ་བཙུགས་ནས་ལོ་འཁོར་20ལོན་པའི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་པ། ཆེད་མཁས་པས2020ལོའི་བོད་ཀྱི་ལོ་སར་དང་དཔྱིད་གསར་དུས་ཆེན་གཉིས་བར་ཟླ་གཅིག་ཡོད་པའི་གསང་བ་བརྟོལ་བ། ཞི་ཅིན་ཕིང་གིས་ཨ་རིའི་རྒྱལ་དོན་བློན་ཆེན་ཟུར་པ་ཅིས་ཤིན་ཀེ་དང་མཇལ་འཛོམས་གནང་བ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

འགྲན་ན་འགྲན་དུ་ཆོག་པའི་དིང་རིའི་ལྷོ་གཞས། ངོམ་ན་ངོམ་རིན་ཆོག་པའི་དགའ་སྐྱིད་འཚོ་བ།

—— དིང་རི་རྫོང་ཉི་ཤར་ཤང་དུ་བཅར་འདྲིར་སྐྱོད་སྐབས་ཀྱི་མཐོང་ཐོས་སྐོར་བཀོད་པ།

སྤེལ་དུས 2019-12-31 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།

        ཉི་ཤར་ཤང་གི་མང་ཚོགས་ཀྱིས་དབྱར་སྐྱིད་འོང་སྐོར་དུས་ཆེན་སྐབས་དིང་རིའི་ལྷོ་གཞས་འཁྲབ་བཞིན་པ།
        བོད་འདི་ཉིད་གླུ་གར་གྱི་རྒྱ་མཚོ་ཡིན་ཞེས་བརྗོད་ན། བོད་མི་རིགས་ནི་གླུ་གར་ལ་མཁས་པའི་མི་རིགས་ཤིག་ལོས་ཡིན།
        དུས་ཡུན་རིང་པོའི་ནང་། བོད་མི་རིགས་ཀྱིས་ངལ་རྩོལ་གྱི་བརྒྱུད་རིམ་ཁྲོད་དུ་རང་མི་རིགས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་གླུ་གར་གྱི་བརྩམས་ཆོས་གྲངས་ལས་འདས་པ་བརྩམས་ཡོད་ཅིང་། བརྩམས་ཆོས་དེ་དག་ནི་རང་རྒྱལ་གྱི་རིག་རྩལ་བང་མཛོད་ནང་གི་གཟི་བྱིན་འབར་བའི་ནོར་བུ་ཤ་སྟག་རེད།
        དམངས་ཁྲོད་ཀྱི་ས་ཆུར་བརྟེན་ནས་སྐྱེད་སྲིང་བྱུང་བའི་གླུ་གར་ནི་ངལ་རྩོལ་མི་དམངས་ཀྱི་བསམ་པའི་ཚོར་འདུ་ཕྱིར་མངོན་པའི་ཐབས་ལམ་མཆོག་ཏུ་གྱུར་པ་ཞིག་ཡིན་གཤིས། དགའ་བའི་སྟོན་མོ་འཚོག་སྐབས་གླུ་གར་ནི་མེད་དུ་མི་རུང་བ་ཞིག་རེད།
        འདི་ལོའི་དབྱར་ཟླ་བརྒྱད་པར། འདི་ག་ཚགས་པར་གྱི་གསར་འགོད་པ་གཞིས་རྩེ་གྲོང་ཁྱེར་གྱི་ལྷོ་ནུབ་ཕྱོགས་སུ་གནས་པའི་དིང་རི་རྫོང་དུ་བཅར་འདྲིར་སྐྱོད་སྐབས། རི་རྒྱལ་ཇོ་མོ་གླང་མའི་ཕ་སར་གྱུར་པའི་གནས་འདིའི་ཕྱི་སྣོད་ཀྱི་རི་རབ་དང་བཅས་པ་དབྱར་གསུམ་སྦྲང་ཆར་བསིལ་མས་ཡང་ནས་ཡང་དུ་བརླན་ཏེ། སྣུམ་ཤིག་གེར། སྔོ་ཐིང་ངེར་སྣང་ཞིང་། ཡུལ་དེའི་མང་ཚོགས་རྣམས་ནི་རང་རང་དགའ་བའི་ཡུལ་ལུང་དུ་ཐོན་སྐྱེད་ལས་ལ་ཅི་དགར་ཞུགས་དང་འཇུག་བཞིན་མཆིས།
        ཐོན་སྐྱེད་ཀྱི་རིགས་རྣམ་པ་སྣ་ཚོགས་པའི་མཉམ་ལས་ཁང་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་ཇི་བཞིན་ཤང་དང་གྲོང་ཚོ་ཀུན་ཏུ་མཆེད་དེ། ཞིང་འབྲོག་ལས་རྐྱང་པར་བརྟེན་པའི་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་ཡངས་སུ་ཕྱེ་འདུག་པས། སྨད་ཀྱི་གྲམ་མཚོ་ཤང་ངམ་སྟོད་ཀྱི་ཉི་ཤར་ཤང་སོགས་ཤང་འགར་སླེབས་དུས་གྲོང་ཚོ་ཀུན་ཏུ་དགའ་བའི་གཏམ་བཟང་རྣ་བའི་གསོས་སུ་སྨིན་རྒྱུ་འདུག
        མུ་མེད་ཞིང་ཐང་གི་ཕང་བར་སྣ་ཚོགས་ལོ་ཏོག་གཅིག་ལ་གཅིག་འགྲན་དུ་སྐྱེས་ཤིང་། རིགས་འདྲ་མིན་གྱི་མཉམ་ལས་ཁང་དུ་ཐོན་སྐྱེད་ལས་ལ་བྲེལ་བའི་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས་པའི་ལོ་འདི་ནི་སྤྱིར་བཏང་གི་ལོ་ཞིག་མ་ཡིན་པས། ལོ་འདིའི་འོང་སྐོར་གྱི་དགའ་སྟོན་ལ་ཡང་རྣམ་ཀུན་དང་མི་འདྲ་བའི་དོན་སྙིང་ལྡན་ཡོད།
        གསར་འགོད་པ་ཉི་ཤར་ཤང་དུ་བཅར་འདྲིར་སྐྱོད་པའི་ཉིན་དེར་ཏག་ཏག་ཉི་ཤར་ཤང་དུ་འོང་སྐོར་གཏོང་བའི་སྐབས་དང་འཁེལ་ཞིང་། གྲོང་ཚོ་འགའ་ཞིག་ཏུ་བཅར་འདྲིར་བསྐྱོད་ནས་ཕྱིར་ལོག་སྐབས། ཉི་མ་ནུབ་ཕྱོགས་ཆུ་ལྷའི་ཕང་བར་ཡིབ་ཟིན་ནས་ནུབ་རིའི་མཁའ་ནས་སྤྲིན་ནག་ལང་ལོང་དུ་འཕྱུར་ཏེ་དུས་ཆད་མེད་པའི་དྲག་ཆར་ཞིག་གཏོང་ལ་ཁད་དུ་སྣང་ཡང་། ཉི་ཤར་ཤང་གི་མང་ཚོགས་རྣམས་གླུ་གར་དང་འགྲོགས་ནས་འོང་སྐོར་གྱི་དགའ་སྟོན་ལ་ཅི་དགར་རོལ་བཞིན་མཆིས་པས། གསར་འགོད་པའི་རྐང་པའི་འདེགས་འཇོག་རང་དབང་མེད་པར་འོང་སྐོར་གཏོང་སའི་ཕྱོགས་སུ་ཤོར།
        དེ་ཡང་། འོང་སྐོར་གཏོང་ཚུལ་ཐད་ཡུལ་ལུང་ཁག་སོ་སོར་དུས་ཀྱི་ཁྱད་པར་ལྟར། དབྱར་ཁར་སྔོ་གཡང་དང་དགུན་ཁར་ས་གཡང་ཞེས་དུས་ཆེན་རིགས་གཉིས་ཡོད་ཅིང་། དིང་རི་ཁུལ་དུ་དགུན་ཁ་ས་གཡང་གཏོང་ཚུལ་དེ་ཉིད་ཅུང་ཟད་ཁྱབ་ཆེ་ལ། དབྱར་ཁར་སྔོ་གཡང་གཏོང་ཚུལ་ཡང་མེད་པ་མིན་ཞིང་། དིང་རིའི་ཡུལ་ལུང་འགའ་རེར་ས་གཡང་དང་སྔོ་གཡང་གཉིས་ཀ་གཏོང་བའི་སྲོལ་ཡང་མཆིས་ན། ཉིན་དེར། ཉི་ཤར་ཤང་གི་མང་ཚོགས་རྣམས་ཀྱིས་གཏོང་བཞིན་པའི་འོང་སྐོར་ནི་དབྱར་གྱི་འོང་སྐོར་ཏེ་སྔོ་གཡང་རེད་འདུག
        དིང་རི་ཁུལ་གྱི་ས་གཡང་གི་འོང་སྐོར་གཏོང་སྲོལ་ཐད་ལ་ཡུལ་ལུང་སོ་སོར་ཁྱད་ཆོས་མི་འདྲ་བ་ཡོད་པ་བཞིན་དུ། སྔོ་གཡང་གཏོང་སྲོལ་ཐད་ལའང་ཡུལ་ལུང་མི་འདྲ་བར་རྟ་རྒྱུག་མདའ་འཕེན་སོགས་ཀྱི་ཆོ་ག་མི་འདྲ་བ་ཡོད་སྲིད་ཀྱང་། དེ་ཉིན་གསར་འགོད་པ་ཉི་ཤར་ཤང་དུ་སླེབས་ཕྱི་ཞིང་། བཅར་འདྲིའི་ལས་ཀས་རྐྱེན་པས་ཤང་དེའི་སྔོ་གཡང་གཏོང་བའི་ཞིབ་ཕྲའི་ཆོ་གར་རྒྱུས་ལོན་བྱེད་པའི་གོ་སྐབས་མ་བྱུང་མོད། བཅར་འདྲི་མཇུག་འགྲིལ་ནས་ཕྱིར་ལོག་པའི་ལམ་བར་དུ་ཉི་ཤར་ཤང་སྲིད་གཞུང་གི་ཕྱོགས་ནས་སྒྲ་སྙན་གྱི་གདངས་དབྱངས་སྙན་མོ་ཞིག་གིས་སྣེ་དྲངས་པའི་དིང་རིའི་ལྷོ་གཞས་རྣ་བའི་ལམ་དུ་ལྷང་ལྷང་ཐོས་པས། ཐོས་འཛིན་དབང་པོ་གང་དུ་ཤོར་བ་དེའི་ཕྱོགས་སུ་བསྐྱོད་ནས་དམངས་ཁྲོད་གླུ་གར་གྱི་བྱེ་བྲག་ཏུ་གྱུར་པའི་དིང་རིའི་ལྷོ་གཞས་ལ་མྱོང་རོལ་བྱས།
        ཆོས་འཕེལ་གྱིས་བརྩམས་པའི《གཞིས་རྩེ་ས་ཁུལ་གྱི་གནས་ཡིག》ནང་། སྔོན་གྱི་དུས་སུ་རྒྱ་གར་གྱི་གྲུབ་ཆེན་ཕ་དམ་པ་སངས་རྒྱས་ཀྱིས་དགོན་གནས་འདེབས་ས་དཔྱད་ཕྱིར་དིང་རྡོ་སྨུག་པོ་ཞེས་པའི་རྡོ་དེ་གཡུགས་གནང་བས་དིང་རི་གླ་འཁོར་ཞེས་པའི་རི་འགྲམ་དུ་བབས་ཏེ། ཡུལ་གྲུ་ཀུན་ཏུ“དིང”ཞེས་པའི་སྒྲས་ཁྱབ་པས། དིང་རི་ཞེས་པ་དེ་ལྟར་བྱུང་ཞེས་འཁོད་པ་ལས་དིང་རི་ཞེས་པའི་ཡུལ་མིང་གི་བྱུང་ཚུལ་རྟོགས་ཤིང་། ཡུལ་དེ་ནི་གཞིས་རྩེ་གྲོང་ཁྱེར་གྱི་ལྷོ་ནུབ་ཕྱོགས་སུ་གནས་ཤིང་། ལོ་རྒྱུས་ཐོག་བོད་ཁྲི་སྐོར་བཅུ་གསུམ་གྱི་ཡ་གྱལ་ལ་སྟོད་ལྷོ་བྱང་ཁྲི་སྐོར་ལས་ལ་སྟོད་ལྷོ་མར་གྲགས་པའི་ཁོངས་སུ་གཏོགས་པས། ཡུལ་དེའི་དམངས་ཁྲོད་དུ་དར་ཁྱབ་བྱུང་བའི་གཞས་ལ་དིང་རིའི་ལྷོ་གཞས་ཞེས་གྲགས་པར་སྙམ།
        སྔོན་གྱི་དུས་སུ་དིང་རི་བ་རྣམས་ཀྱིས“གནས་སྐོར་གྱི་ལམ་དུ་གྲོང་ཚོ་དང་གྲོང་ཚོ། སྡེ་ཚོ་བྱས་ནས་ཐུན་མོང་ཐོག་ལམ་དུ་ཆས་ཤིང་། ཁྱིམ་ཚང་མི་རེ་ངོ་རེས་རྟ་དང་བོང་བུ་ལ་སོགས་པའི་ཕྱུགས་ཟོག་རྣམས་ལ་མལ་ཆས་དང་ཐབ་ཆས། ཟན་ཆས་སོགས་འགེལ་བ་དང་། སྒྲ་སྙན་དང་པི་ཝང་བཅས་ཞབས་བྲོར་བྲལ་ཐབས་མེད་པའི་རོལ་ཆ་རྣམས་དེ་བས་རྩ་ཆེར་བརྩིས་ནས་འཁྱེར་ཞིང་། གྲོང་ཚོ་ཡོངས་ཀྱི་ཕོ་མོ་ཡོད་དོ་ཅོག་ཕྱུགས་ཟོག་གི་དྲིལ་བུའི་སྐད་སྒྲའི་ཁྲོད་དུ་གནས་སྐོར་གྱི་ལམ་དུ་ཆས་པ་དང་། གནས་སྐོར་བ་རྣམས་གྲོང་ཚོ་རེ་རེ་བརྒྱུད་པ་དང་གྲོང་ཚོ་དེ་དང་ལྷོ་གཞས་འགྲན་བསྡུར་བྱེད་དགོས་ཀྱི་ཡོད”ཅེས་ཨོའོ་ལགས་ཀྱིས་བརྩམས་གནང་བའི《སྐོར་ལམ་ཁྲོད་ཀྱི་དིང་རིའི་ལྷོ་གཞས》ནང་འཁོད་པར་གཞིགས་ན། དིང་རིའི་ལྷོ་གཞས་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཡུལ་ལུང་དེའི་ཕུ་མདའ་བར་གསུམ་དུ་དར་ཁྱབ་ཆེ་བ་མ་ཟད། ལོ་རྒྱུས་ཀྱི་འགྲོས་དང་བསྟུན་ནས་རིམ་བཞིན་འཐུས་སྒོ་ཇེ་ཚང་དང་ཕུན་སུམ་ཇེ་ཚོགས་སུ་སོང་བ་ཡང་དཔོག་ནུས།
        དེ་ཉིན། གཡུལ་ཐང་སྒོར་མོ་དེ་རྒན་དར་གཞོན་གསུམ་གྱི་ཕོ་མོ་མི་གྲངས་ལྔ་བཅུར་ཉེ་བས་ཟླུམ་འཁྱིལ་ལེར་བསྐོར་ཞིང་། སྐྱེས་པ་ཕོའི་ལུས་ལ་ཕྱུ་པ་དཀར་པོ་དང་འཇུར་རྟ་ཡུ་རིང་། ཞྭ་མོ་ཕྱིང་ཞྭ་སོགས་ཀྱི་བོད་ཆས་གཙང་མའི་གཟབ་མཆོར་ལེགས་པར་སྤྲས་ཤིང་། སྨན་བུ་མོ་རྣམས་ཀྱིས་ཕྱུ་པ་ནག་པོའི་ངོས་ལ་སྐེད་གདན་ཁྲ་ཁྲས་བརྒྱན་པ་དང་། ཕུ་ཐུང་རིང་བའི་འོག་འཇུག་ཟིང་སྐྱའི་ཕྱིར་གཡུ་བྱུར་གྱི་རྒྱན་ཆས་མཛེས་པར་བྱས་འདུག་པས། གཞས་ར་དེ་ནི་དཀར་འཇམ་རས་ཀྱི་གཞིར་ཚོན་ལྡན་མེ་ཏོག་གཅིག་ལ་གཅིག་འགྲན་དུ་བཞད་པ་ལྟར་སྣང་ཞིང་། གཞས་རའི་དབུས་ཀྱི་ཕོ་གཞོན་གསུམ་གྱིས་བླངས་པའི་སྒྲ་སྙན་དང་པི་ཝང་གི་འགྱུར་ཁུག་དང་འགྲོགས་ནས་དིང་རིའི་ལྷོ་གཞས་ཀྱི་སྟངས་སྟབས་ཅི་དགར་འགྱུར་བཞིན་མཆིས་པས། རེ་ཞིག་གསར་འགོད་པའི་མིག་ཟུང་ཡང་མེ་ཏོག་གི་མཚར་སྡུག་ལ་ཡིད་དབང་འཕྲོག་པའི་བུང་བ་བཞིན་གཡོ་བ་མེད་པར་གཞས་རའི་ཕྱོགས་སུ་འཁོར།
        དེ་ཉིན། ཉི་ཤར་ཤང་གི་མང་ཚོགས་ཚོས་བླངས་པའི་དིང་རིའི་ལྷོ་གཞས་ཀྱི་གཞས་ཚིག་ནི་འདི་ལྟ་སྟེ།
                                                                                                             ལ་མོ་གོས་གསར་ལ་ལ། །
                                                                                                             གནས་བཟང་བསྐོར་ནས་ཡོང་ཡོད། །
                                                                                                             ཕུ་ཡི་གནས་ཆེན་དགོན་པ། །
                                                                                                             མཇལ་བར་གཏོང་རོགས་གནང་དང་། །
                                                                                                             ལ་ལ་འགྲོ་ནི་མ་མྱོང་། །
                                                                                                             ལ་རྩེ་གསོལ་རོགས་གནང་དང་། །
                                                                                                             ད་ལྟའི་ལ་མོའི་ལ་རྩེ། །
                                                                                                             དར་ཚོན་སྣ་ལྔས་གསོལ་ཡོད། །
                                                                                                             བྲག་ལ་འགྲོ་ནི་མ་མྱོང་། །
                                                                                                             བྲག་ལམ་སྟོན་རོགས་གནང་དང་། །
                                                                                                             བློ་སེམས་བྲག་ལ་བཅོལ་བས། །
                                                                                                             རོགས་རམ་གནང་རོགས་གནང་དང་། །
                                                                                                             ཆུ་ལ་འགྲོ་ནི་མ་མྱོང་། །
                                                                                                             ཆུ་ལམ་སྟོན་རོགས་གནང་དང་། །
                                                                                                             དེ་ནས་ཧུབ་གང་བཏུང་པས། །
                                                                                                             ངན་སོང་མྱང་དགོས་མི་འདུག །

        (གཞས་ཚིག་འདི་དིང་རི་རྫོང་ཉི་ཤར་ཤང་ནུབ་མཚོ་གྲོང་ཚོའི་བསམ་ཆུང་གིས་མཁོ་འདོན་བྱས)
        འདི་ལྟར་གཞས་རེ་བླངས་ཚར་བའི་རྗེས་སུ་གཞས་རའི་ཕྱི་ལོགས་སུ་བཞུགས་པའི་མང་ཚོགས་ཚོས་དཀར་མོ་ནས་ཀྱི་མཆོད་ཆང་ལ་སོགས་པའི་རང་རང་དགའ་བའི་བཏུང་བྱ་ཅི་རིགས་འཁྲབ་སྟོན་པ་རྣམས་ལ་འདེགས་ཞོར་དུ། ཤང་དང་གྲོང་ཚོའི་འགོ་ཁྲིད་ཀྱིས་འཁྲབ་སྟོན་པ་རྣམས་ལ་ཁ་བཏགས་གཡོགས་ནས་བསམ་འདུན་བཟང་པོ་མཚོན་པར་བྱེད་པ་དང་སྦྲགས། ཡང་བསྐྱར་སྙན་འཇེབས་ལྡན་པའི་པི་ཝང་དང་སྒྲ་སྙན་གྱི་འགྱུར་ཁུག་ཁྲོད་ལྡེམ་ལྡེམ་གར་ལ་རོལ་འགོ་ཚུགས་ཏེ། དིང་རིའི་ལྷོ་གཞས་ཀྱི་རྟ་དབྱངས་རིང་མོས་གནས་དེའི་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བའི་ལོངས་སྤྱོད་སྙན་པོ་གླུ་ལ་ཡང་ཡང་འདྲེན་བཞིན་མཆིས།
རྩོམ་སྒྲིག་པ།སྣང་རྡོར།