སྲོལ་རྒྱུན་ཤིང་བརྐོས་སྒྱུ་རྩལ། དབུལ་སྒྲོལ་ཕྱུག་འགྱུར་ཕུགས་འདུན།
སྤེལ་དུས 2020-12-28
ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
རྩོམ་པ་པོ།
བོད་ལུགས་ཤིང་བརྐོས་ལག་ཤེས་བཟོ་རྩལ་དང་ཁྱད་ལྡན་ཤིང་བརྐོས་ཁྱིམ་ཆས་བཟོ་རྩལ་ནི་བོད་མི་རིགས་ཀྱི་དམངས་ཁྲོད་དུ་རྒྱ་ཁྱབ་ཆེ་བའི་སྲོལ་རྒྱུན་སྒྱུ་རྩལ་གྲས་ཤིག་ཡིན། ཤིང་བརྐོས་སྒྱུ་རྩལ་ནི་ནང་དོན་ཕུན་སུམ་ཚོགས་ལ། བརྗོད་བྱ་གཞི་ཁྱོན་ཆེ་བ་ཞིག་ཡོད་པ་དང་། དེའི་ནང་མི་སྣ་དང་། མེ་ཏོག རྩི་ཤིང་། སྲོག་ཆགས། བཀྲ་ཤིས་རྟགས་བརྒྱད་སོགས་བོད་ལུགས་དམངས་ཁྲོད་རི་མོའི་སྒྱུ་རྩལ་མང་དག་ཚུད་ཡོད། ཤིང་བརྐོས་ལག་ཤེས་བཟོ་རྩལ་ནི་བོད་རང་སྐྱོང་ལྗོངས་ཁོངས་སུ་རྒྱ་ཁྱབ་ཆེ་ལ་དར་སྲོལ་ཆེན་པོ་ཡོད་པ་མ་ཟད། ཟི་ཁྲོན་ཞིང་ཆེན་གྱི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་། རྔ་བ་བོད་རིགས་རང་སྐྱོང་ཁུལ། ཡུལ་ནན་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ། མཚོ་སྔོན་ཞིང་ཆེན་གྱི་བོད་རིགས་འདུ་སྡོད་ཁུལ་དུ་དར་སྲོལ་ཆེན་པོ་ཡོད། རྒྱུན་དུ་བོད་རིགས་ཀྱི་ཁྱིམ་དུད་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ། དགོན་སྡེ་ཁག་སོགས་གང་སར་བོད་རིགས་ཀྱི་ཤིང་བརྐོས་སྒྱུ་རྩལ་མཐོང་རྒྱུ་ཡོད། ཡིན་ནའང་ཉེ་བའི་ལོ་ཤས་རིང་བོད་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་ཁག་གཅིག་དང་སྲོལ་རྒྱུན་དམངས་ཁྲོད་སྒྱུ་རྩལ་ཁག་གཅིག་རྒྱུད་འཛིན་བྱེད་མཁན་ཉུང་བ་དང་སྲོལ་རྒྱུན་ཐོན་རྫས་བེད་སྤྱོད་མཁན་དང་མཐོང་ཆེན་བྱེད་མཁན་ཉུང་དུ་འགྲོ་བའི་གནད་དོན་ལྷག་ཡོད།
མལ་གྲོ་གུང་དཀར་རྫོང་དུ་ཡོད་པའི་བཀྲ་ཤིས་ནོར་བུ་དགའ་འཁྱིལ་ཁྱིམ་ཆས་ཆེད་ལས་མཉམ་གཉེར་ཁང་གི་སྦྱིན་བདག་བཀྲ་ཤིས་དོན་གྲུབ་ཀྱིས་ལྷ་ས་དང་། ལྷོ་ཁ། གཞིས་རྩེ་སོགས་ཀྱི་ཤིང་བརྐོས་ལག་རྩལ་མཁས་པའི་མི་སྣ་མང་པོ་ཞིག་བཀྲ་ཤིས་ནོར་བུ་དགའ་འཁྱིལ་ཁྱིམ་ཆས་ཆེད་ལས་མཉམ་གཉེར་ཁང་དུ་གདན་འདྲེན་ཞུས་ནས་ཁྱིམ་ཆས་འབོར་ཆེན་བཟོ་སྒྲིག་བྱེད་ཀྱི་ཡོད་པ་མ་ཟད་བོད་མི་རིགས་ཀྱི་སྲོལ་རྒྱུན་ཤིང་བརྐོས་ལག་ཤེས་སྒྱུ་རྩལ་རྒྱུད་འཛིན་དང་དར་སྤེལ་གཏོང་བའི་ཐད་འབད་བརྩོན་ལྷོད་མེད་གནང་གི་ཡོད་པ་རེད། བཀྲ་ཤིས་དོན་གྲུབ་ལགས་ཀྱིས་བོད་མི་རིགས་ཀྱི་སྲོལ་རྒྱུན་ཤིང་བརྐོས་ཁྱིམ་ཆས་བཟོ་རྩལ་རྒྱུད་འཛིན་དང་དར་སྤེལ་གང་ལེགས་གཏོང་ཆེད། ཁྱིམ་ཆས་ཀྱི་སྤུས་ཚད་ཡག་པོ་ཡོང་བ་བྱེད་པའི་ཐད་བསམ་གཞིག་ཞིབ་ཕྲ་གནང་ཏེ་ཁྱིམ་ཆས་ཀྱི་ཤིང་རྒྱུ་རྣམས་ཐེ་ལན་དང་། པ་ཙིར། ཡེ་ཤེ་ཡ་ཤར་ལྷོའི་རྒྱལ་ཁབ་སོགས་ནས་ནང་འདྲེན་གནང་གི་ཡོད་པ་དང་། ཤིང་བརྐོས་རྒྱག་རྒྱུའི་འཕྲུལ་ཆས་སོགས་ཀྱང་ནང་སའི་གྲགས་ཅན་ཀུང་སི་ནས་ནང་འདྲེན་གནང་གི་ཡོད། ལྷག་པར་དུ་བོད་ལྗོངས་ཀྱི་ས་གནས་དེ་གའི་སྲོལ་རྒྱུན་ཤིང་བརྐོས་མཁས་པ་གདན་ཞུ་བྱས་ཡོད་མ་ཟད་ནང་སའི་ལག་རྩལ་མི་སྣ་གདན་ཞུ་བྱས་ཏེ་ཁྱིམ་ཆས་ཀྱི་སྤུས་ཚད་རྩེར་གསོན་ཡོང་རྒྱུ་དང་རྒྱལ་ཁབ་གཞན་དུ་ཕྱིར་ཚོང་བྱེད་རྒྱུའི་ཐད་ཕྱག་ལས་གང་མང་གནང་འདུག