ཀྲུང་གོའི་བོད་ལྗོངས་དྲ་བ། > དམངས་སྲོལ། > གསར་ཤོས།

ཁྱེད་ཀྱིས་ཤོ་རྒྱག་ཤེས་ཀྱང་ཤོའི་སྐོར་འདི་དག་ཤེས་པའི་ངེས་པ་མེད།

སྤེལ་དུས 2022-07-21 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་ཁང་། རྩོམ་པ་པོ།

       ཤོ་ནི་བོད་དུ་དར་སྲོལ་ཆེ་བའི་རྩེད་མོའི་རིགས་ཤིག་ཡིན་པ་དང་། གཙོ་བོ་དུས་ཆེན་དང་གུང་སེང་ངམ་ཡང་ན་གཉེན་ཉེ་འདུ་འཛོམས་སྐབས་རྒྱག་མཁན་མང་པོ་ཡོད། རྩེད་མོ་དེ་ངོ་མཚར་ཆེ་ཞིང་ཕན་ཚུན་རིག་པ་སྡུར་བའི་རྩེད་མོ་ཞིག་ཡིན་ཞིང་། ཤོ་མིག་མི་འདྲ་བར་ཤོ་བཤད་རྒྱག་སྲོལ་མི་འདྲ་བ་ཡོད།

       ཤོ་རྒྱག་སྐབས་ཤོ་གཉིས་དང་། ཤོ་གདན། ཤོ་ཕོར། ལག་ཁྱི་སོགས་དགོས་ཤིང་། མི་གཉིས་མཉམ་དུ་རྒྱག་པའི་ཉིས་ཤོ་དང་། མི་གསུམ་མཉམ་དུ་རྒྱག་པའི་གསུམ་ཤོ། མི་བཞི་ཕྱོགས་གཉིས་སུ་བགོས་ཏེ་མཉམ་དུ་རྒྱག་པའི་བཞི་ཤོ་བཅས་རྩེད་ལུགས་ཁག་གསུམ་ཡོད། སྲོལ་རྒྱུན་ལྟར་ན་ཤོ་མ་བརྒྱབ་གོང་རྟེན་འབྲེལ་མཚོན་བྱེད་དུ་འཛུགས་ཆང་ཞེས་ཤོ་རྒྱག་མཁན་ཡོད་ཚད་ཀྱིས་ཆང་ཞབས་བཏགས་གང་ངམ་གསུམ་སྒྲོན་མཉེས་བཏགས་སམ་ཡང་ན་གསུམ་སྒྲོན་ཞབས་བཏགས་གང་རུང་རྒྱག་གི་ཡོད། དེ་ནས་སྔ་དྲོ་ཆེ་དང་དགོང་དྲོ་ཆུང་ཞེས་རྩེད་མོ་རྩེ་བའི་དུས་ཚོད་སྔ་དྲོ་ཡིན་ཚེ་ལོ་ན་རྒན་པ་དང་། ཕྱི་དྲོ་འཁེལ་ཚེ་ལོ་ན་གཞོན་པས་སྔོན་ལ་འགོ་འཛུགས་དགོས། དེ་མིན། ཤོ་མོ་ཤར་དང་བག་མ་ཀླུང་ཞེས་པ་ལྟར་ལག་ཁྱི་བརྡབ་སེ་ཤར་ནས་ནུབ་བར་གཡས་སྐོར་བརྒྱབ་ནས་གཏོང་དགོས། ཤོ་རྒྱག་སྐབས་ཤོ་པའི་ཕྱོགས་སོ་སོས་གཞན་གྱི་ལག་ཁྱི་གསོད་པ་དང་རང་གི་ལག་ཁྱི་དགུ་པོ་ཅི་ནུས་ཀྱིས་ཟླ་སྒྲིལ་བཏང་སྟེ། ལར་འགྲོ་མགྱོགས་མིན་ལྟ་བའི་འགྲན་བསྡུར་ཞིག་ཡིན་ལ། རྡེའུ་རེ་རེ་གཏོང་བར་ཡང་གཞན་ཕམ་རང་རྒྱལ་གྱི་བསམ་བློའི་ཐབས་ཇུས་འདིང་དགོས། ཤོ་རྒྱག་སྐབས་ད་དུང་ཤོ་ཕོར་སྐོར་བ་དང་བསྟུན་ནས་ཤོ་མིག་སོ་སོའི་ཐ་སྙད་ཀྱི་སྒྲ་དང་ཡོངས་སུ་མཚུངས་པའམ་ཡང་ན་ཟུར་ཙམ་འདྲ་བའི་འཚོ་བ་དངོས་ཀྱི་བྱ་དངོས་སྣ་ཚོགས་དང་ཟུང་དུ་འབྲེལ་བའི་ཤོ་བཤད་གཏོང་སྲོལ་ཡོད། ཤོ་བཤད་དེ་དག་གོ་བདེ་ལ་དོན་ཟབ་པ་དང་། ཚིག་སྙན་ལ་རྗོད་བྱེད་བདེ་བ། ཟུར་ཟ་དང་དགོད་བྲོའི་རྣམ་པས་ཕྱུག་ཡོད།
 
རྩོམ་སྒྲིག་པ། སྣང་རྡོར།