ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > བོད་སྐྱོར་དཔུང་སྡེ།

ལྷ་གཞིས་ལྕགས་ལམ་ལ་བརྟེན་ནས་འཕེལ་རྒྱས་མྱུར་པོ་བྱུང་བའི་རྒྱ་མཚོ་གཞུང་ཤང་།

སྤེལ་དུས 2019-02-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འདི་ནི་མཁའ་ཐོག་ནས་པར་བླངས་པའི་ལྷ་གཞིས་ལྕགས་ལམ་ཡིན་པ།
            འཕེལ་རྒྱས། མེ་འཁོར་ལས་བྱུང་བའི་གོ་སྐབས།
            2010ལོའི་ཟླ་དགུ་པར་མཚོ་བོད་ལྕགས་ལམ་གྱི་སྣུར་སྲིང་ལམ་ཐིག་ལྷ་གཞིས་ལྕགས་ལམ་སྐྲུན་འགོ་ཚུགས། 2014ལོའི་ཟླ་8ཚེས་16ཉིན་ལྕགས་ལམ་ཡོངས་སུ་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ། སྐབས་དེ་དུས་གཞིས་རྩེ་གྲོང་ཁྱེར་རྒྱ་མཚོ་གཞུང་ཤང་སེ་མ་གྲོང་ཚོ་དང་དགྲ་འདུལ་གྲོང་ཚོ་གཉིས་མེ་འཁོར་བབས་ཚུགས་ཀྱི་ས་ཆར་བདམས་པས་གནས་སྤོས་བཀོད་སྒྲིག་བྱེད་དགོས་པའི་མང་ཚོགས་དུད་ཚང་283དང་མི་1251ཟིན་གྱི་ཡོད།
            རྒྱ་མཚོ་གཞུང་ཤང་གི་ངོས་ནས་བརྗོད་ན། དེ་ནི་གོ་སྐབས་ཤིག་རེད་ལ་འགྲན་སློང་ཞིག་ཀྱང་རེད། གོ་སྐབས་དེ་དམ་འཛིན་ཐུབ་ཚེ་ཤང་ཡོངས་ཀྱི་འཕེལ་རྒྱས་ལ་བསམ་ཡུལ་ལས་འདས་པའི་གྲུབ་འབྲས་གཏོད་ཐུབ།
            རྒྱ་མཚོ་གཞུང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཀྲང་ཀོང་གིས་2013ལོའི་དུས་ཐེངས་དང་པོའི་རྣམ་གྲངས་སྐྲུན་འགོ་ཚུགས་པ་ནས་བཟུང་། ཁང་པའི་བཟོ་དབྱིབས་དང་། མཐོ་ཚད། གྲུབ་ཆ། རྣམ་པ། འཆར་འགོད་ཀྱི་ཆ་ལག་ཚང་བའི་སྒྲིག་བཀོད་བཅས“གཅིག་གྱུར་ལྔའི་ཚད་གཞི”ལྟར་གནས་སྤོས་མང་ཚོགས་ཀྱི་སྡོད་ཁང་འཛུགས་སྐྲུན་དང་ཕྱོགས་གཞན་ཐད་ཀྱི་འཛུགས་སྐྲུན་ཁག་རེ་རེ་བཞིན་ལེགས་སྒྲུབ་བྱས་ཡོད་ཅེས་ངོ་སྤྲོད་བྱས།
            ད་ཆ་སེ་མ་དང་དགྲ་འདུལ་གྲོང་གསར་གཉིས་ལ་སྐྱོད་སྐབས་རྒྱ་ཆེ་ཞིང་གཙང་བའི་གཞུང་ལམ་དང་། ཁྱད་ཆོས་ལྡན་ལ་གྲལ་སྟར་སྒྲིག་པའི་བོད་བཟོའི་ཁང་པ། སྒྲིག་བཀོད་ཆ་ལག་ཚང་བའི་རོལ་རྩེད་ཐང་ཆེན། ཚོང་ཟོག་སྣ་ཁ་འཛོམས་པའི་ཚོང་ཁང་། སྐྱིད་སྣང་དོད་པའི་གྲོང་ཚོའི་ཁོར་ཡུག་སོགས་མིག་ལམ་དུ་འཕྲལ་མར་འཆར་ཐུབ།
            “ཆུ་དང་གློག ལམ། དྲ་རྒྱ། རྩྭ་རྩི་ཤིང་སོགས་རྨང་གཞིའི་སྒྲིག་བཀོད་གང་དགོས་ཚང་མ་ཡོད། སྲོལ་རྒྱུན་གྱི་རིག་གནས་འགྲེམས་སྟོན་ལྟེ་གནས་དང་། མང་ཚོགས་ཀྱི་རོལ་རྩེད་ཐང་ཆེན། སྤྱི་པའི་འཁྲུ་ཁང་། སྨན་དོན་ཁང་། བུ་བཅོལ་ཁང་སོགས་གང་དགོས་ཚང་མ་འཛོམས་ཡོད་ལ། གྲོང་ཚོའི་རྣམ་པའང་གསར་རྐྱང་དུ་གྱུར་ཡོད”ཅེས་ཀྲང་ཀོང་གིས་བཤད།
            འགྱུར་ལྡོག་བྱུང་བ་ཚང་མའི་མཐོང་ཆོས་སུ་གྱུར་པ་དང་སྟབས་བདེ་ཡོད་པ་ཀུན་གྱིས་མྱོང་ཚོར་བྱུང་ཡོད། ལོ་80ལ་སླེབས་པའི་དགྲ་འདུལ་གྲོང་ཚོའི་བགྲེས་སོང་སྤེན་པ་དོན་གྲུབ་ཀྱིས“དེ་སྔ་དགྲ་འདུལ་གྲོང་ཚོ་གཞིས་རྩེ་གྲོང་ཁུལ་དང་ཐག་ཧ་ཅང་ཉེ་པོ་ཡོད་ཀྱང་གྲོང་ཁུལ་དུ་ཐད་ཀར་སྐྱོད་པའི་གཞུང་ལམ་མེད་པས་རྐང་ཐང་མར་ཆུ་ཚོད་2ལྷག་ཙམ་སྐྱོད་དགོས་ཀྱི་ཡོད། མ་གཞི་གྲོང་ཁྱེར་འགྲམ་དུ་ཡོད་ཀྱང་ཐག་ཧ་ཅང་རིང་བའི་ཚོར་སྣང་ཞིག་ཡོང་གི་འདུག ད་ཆ་རྒྱ་ཆེ་བའི་གཞུང་ལམ་སྒོ་འགྲམ་བར་བསྐྲུན་པ་དང་སྤྱི་སྤྱོད་རླངས་འཁོར་ཡོད་པས་གྲོང་ཁྱེར་ནང་སྐྱོད་པར་སྐར་མ་བཅུ་གྲངས་ལས་འགོར་གྱི་མེད། ང་ཚོ་ཡང་གྲོང་ཁྱེར་ནང་གི་གྲོང་མིར་གྱུར་པའི་ཚོར་སྣང་ཞིག་ཡོང་གི་འདུག”ཅེས་བཤད།
            ཀྲང་ཀོང་གིས་གསར་འགོད་པར་མེ་འཁོར་བབས་ཚུགས་ནི་ཕྱོགས་བསྡུས་ཀྱི་ཚོང་ལས་གྲུབ་ཆ་ཞིག་ཡིན། མེ་འཁོར་བབས་ཚུགས་གཞི་རྟེན་དུ་བྱས་ཏེ་ཤང་གིས་སྐྱེལ་འདྲེན་ལས་རིགས་དང་། ཞབས་ཞུའི་ལས་རིགས། ཡུལ་སྐོར་ལས་རིགས་བཅས་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་ཀྱི་བསམ་ཕྱོགས་གཏན་འཁེལ་བྱས་ཡོད། ད་དུང་སེ་མ་དགྲ་འདུལ་སྐྱེལ་འདྲེན་ཚད་ཡོད་ཀུང་སི་བཙུགས་པས་ལོར་ཡོང་འབབ་སྒོར་ཁྲི་300ཙམ་ཟིན་གྱི་ཡོད། མང་ཚོགས་ཀྱིས་ཁང་པ་བོགས་མར་གཏོང་བ་དང་ཚོང་ཁང་བཙུགས་པ་སོགས་ལ་བརྟེན་ནས་འབབ་འཕར་རྒྱུན་མཐུད་དང་བརྟན་པོ་བྱུང་ཡོད། རིག་གནས་ཐོན་ལས་གླིང་དང་གླིང་ཁ་གཏོང་ས་གཉེར་ཏེ་ཀུང་སི་མང་པོ་དེ་གར་ཚོང་ལས་གཉེར་རྒྱུའི་ཡིད་དབང་བཀུག་པས་མང་ཚོགས་ཀྱི་ལས་ཞུགས་འགན་ལེན་ཐུབ་པ་དང་། ཁོང་ཚོའི་དཔལ་འབྱོར་ཡོང་འབབ་ཀྱང་སྔར་བས་མང་དུ་སོང་ཡོད་ཅེས་བཤད།
            འཕོ་འགྱུར། གྲོང་རྡལ་ཅན་ལས་བྱུང་བའི་དར་རྒྱས།
            ཚེ་བརྟན་དོན་གྲུབ་ནི་དགྲ་འདུལ་གྲོང་ཚོ་ནས་ཡིན་ཞིང་། ཁོང་གི་ཁང་པ་གསར་པ་མེ་འཁོར་བབས་ཚུགས་འགྲམ་དུ་ཡོད། ཨར་འདམ་ལྕགས་རྩིབས་མ་ལས་གྲུབ་པའི་ཐོག་སོ་གཉིས་ལྡན་གྱི་ཁང་པ་དེར་སྨི་ངོས་གྲུ་བརྒྱ་ཕྲག་ཁ་ཤས་ཡོད། ཁོང་གི་ཁྱིམ་དུ་འཛུལ་མ་ཐག་བོད་བཟོའི་འཛིན་ཆས་དང་བཀྲ་ཤིས་མཚོན་རྟགས་ཀྱི་རི་མོ་སྣ་ཚོགས་ཡོད་ལ་སྐྱིད་སྣང་དོད་པའི་ཤེལ་ཁང་ཡང་འདུག
            “གནས་མ་སྤོས་གོང་ང་ཚོ་སོ་ཕག་གི་ཁང་པའི་ནང་སྡོད་ཀྱི་ཡོད། ཏང་གི་སྲིད་ཇུས་བཟང་པོའི་འོག་ང་ཚོ་ཁང་པ་ཆེན་པོ་འདི་འདྲའི་ནང་སྡོད་རྒྱུ་བྱུང”གནས་སྤོས་དུད་ཚང་ཚེ་བརྟན་དོན་གྲུབ་ལ་སྲིད་གཞུང་ནས་ས་ཞིང་བསྡུས་པའི་ཁ་གསབ་དངུལ་རག་རྗེས་གྲོང་ཚོའི་གཅིག་གྱུར་འཆར་འགོད་ལྟར་ཐོག་སོ་གཉིས་ལྡན་གྱི་ཁང་པ་དེ་བརྒྱབ་པ་རེད།
            2015ལོར་སེ་མ་དགྲ་འདུལ་སྐྱེལ་འདྲེན་ཚད་ཡོད་ཀུང་སི་བཙུགས་ཤིང་། ཚེ་བརྟན་དོན་གྲུབ་ཀུང་སིའི་ཁྲིམས་མིར་གྱུར། “2018ལོར་ཀུང་སིས་ཡོང་འབབ་ནས་ཆ་ཤས་ཤིག་བཏོན་ཏེ་གྲོང་མིར་བགོ་འགྲེམས་བརྒྱབ་པས་མི་རེར་ཆ་སྙོམས་སྒོར་2000ལྷག་ཙམ་བྱུང་ཡོད། ད་དུང་ཐོན་ལས་ཀྱི་བགོ་འགྲེམས་ཡོད་པས་ད་ཆ་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་འགྲོ་བཞིན་ཡོད”ཅེས་ཚེ་བརྟན་དོན་གྲུབ་ཀྱིས་བཤད།
            ལོ་31ལ་སླེབས་པའི་བསོད་ནམས་བཀྲ་ཤིས་ཀྱང་དགྲ་འདུལ་གྲོང་ཚོའི་གྲོང་མི་རེད། ཁོང་གིས་མེ་འཁོར་བབས་ཚུགས་ཀྱི་ཉེ་འགྲམ་དུ་ཟ་ཁང་བཙུགས་པ་མ་ཟད། ད་དུང་རང་ཉིད་ཀྱི་ཁང་པ་ཁང་མིག་ཁ་ཤས་བོགས་མར་བཏང་ཡོད། བསོད་ནམས་བཀྲ་ཤིས་ཀྱིས་གསར་འགོད་པར་མེ་འཁོར་བབས་ཚུགས་བསྐྲུན་པ་ནས་བཟུང་། ཟ་ཁང་བཙུགས་པ་དང་ཁང་པ་བོགས་མར་བཏང་བས་ལོ་གཅིག་ལ་ཡོང་འབབ་ཁེ་གཙང་སྒོར་ཁྲི་20ལྷག་ཙམ་བྱུང་ཞེས་བཤད།
            དགྲ་འདུལ་གྲོང་ཚོ་དང་གཞུང་ལམ་གཅིག་གིས་ཆོད་པའི་སེ་མ་གྲོང་ཚོར་གསར་འགོད་པས་བཀྲ་ཤིས་ཀྱི་ཁྱིམ་དུ་བསྐྱོད་པ་ཡིན། ཁོང་གི་ཁང་པ་གསར་པར་རྒྱ་ཁྱོན་སྨི་ངོས་གྲུ་600ལྷག་ཙམ་ཡོད་ཅིང་། བཀྲ་ཤིས་ཀྱིས་ཐོག་སོ་དང་པོར་སྒོ་རྩིས་ཚོང་ཁང་བཙུགས་ཡོད། “དེ་གར་མི་ཚོགས་ཆེ་བས་སྒོ་རྩིས་ཚོང་ཁང་གི་ཚོང་ཧ་ཅང་ཡག་པོ་འདུག ངའི་ཚོང་ཁང་ཆེན་པོ་མེད་ཀྱང་ཟླ་བ་གཅིག་ནང་ཡོང་འབབ་ཁེ་གཙང་སྒོར་6000ལྷག་ཙམ་འདུག”ཅེས་བཀྲ་ཤིས་ཀྱིས་གསར་འགོད་པར་བཤད།
            བཀྲ་ཤིས་དང་། ཚེ་བརྟན་དོན་གྲུབ། བསོད་ནམས་བཀྲ་ཤིས་བཅས་དུད་ཚང་གསུམ་པོ་ནི་སེ་མ་གྲོང་ཚོ་དང་དགྲ་འདུལ་གྲོང་ཚོའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་བའི་བསྡུས་རིས་ཤིག་རེད།
            འབྱུང་འགྱུར། མཛེས་སྡུག་ལྡན་པའི་བསམ་བཀོད་མངོན་འགྱུར་ཐུབ་ངེས་ཡིན་པ།
            གཞིས་རྩེ་ནི་བོད་ཀྱི་འགག་སྒོ་མང་ཤོས་ཀྱི་གྲོང་ཁྱེར་ཞིག་ཡིན་ཞིང་། ལྷ་གཞིས་ལྕགས་ལམ་ཤར་གཏོང་ཐུབ་རྗེས་གཞིས་རྩེའི་ཁྱད་འཕགས་ཀྱི་ས་བབ་ལེགས་ཆ་དང་ཡུལ་བབ་ལེགས་ཆ་སྔར་བས་མངོན་གསལ་དོད་དུ་ཕྱིན་པ་མ་ཟད། ད་དུང་ནེ་པ་ལ་དང་རྒྱ་གར་གྱི་མཐའ་མཚམས་འགག་སྒོ་དང་བར་ཐག་ཀྱང་ཐུང་དུ་ཕྱིན་ནས་ཨེ་ཤེ་ཡ་ལྷོ་མའི་ཚོང་དོན་གྱི་སྐམ་སའི་བགྲོད་ལམ་ཆེན་པོ་འཛུགས་སྐྲུན་བྱེད་མགྱོགས་སུ་ཕྱིན་ཡོད།
            ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར་གཞིས་རྩེ་མེ་འཁོར་བབས་ཚུགས་ནས་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་130ཙམ་ཟིན་ཡོད། དེ་དང་དུས་མཚུངས། ལྷ་གཞིས་ལྕགས་ལམ་གྱི་སྣུར་སྲིང་ལམ་ཐིག་གཞིས་རྩེ་ནས་སྐྱིད་གྲོང་བར་གྱི་ལྕགས་ལམ་དང་། གཞིས་རྩེ་ནས་གྲོ་མོ་བར་གྱི་ལྕགས་ལམ་གྱི་དུས་འགོའི་ལས་དོན་ལའང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད།
            2018ལོའི་ཟླ་4པར་གཞིས་རྩེ་གྲོང་ཁྱེར་གྱིས་གཞིས་རྩེ་གྲོང་ཁྱེར་གསར་སྤེལ་ཁུལ་དངོས་སུ་སྐྲུན་འགོ་འཛུགས་རྒྱུའི་ཁྱབ་བསྒྲགས་བྱས་ཤིང་། གསར་སྤེལ་ཁུལ་གྲོང་ཁུལ་གྱི་ལྷོ་ངོས་སུ་གནས་པ་དང་། འཆར་འགོད་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་36.3ཙམ་ཟིན་པ། མི་ཁྲི་10ནས་12ཙམ་བར་གནས་སྡོད་ཐུབ་པའི་འཆར་འགོད་བྱས་ཡོད།
            རྒྱ་མཚོ་གཞུང་ཤང་འདི་ཉིད་གཞིས་རྩེའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་འཆར་འགོད་ཁྱབ་ཁོངས་སུ་གནས་ཡོད་པ་དང་། གསར་སྤེལ་ཁུལ་ལས་འགོ་བཙུགས་པ་དང་སྦྲགས་རྒྱ་མཚོ་གཞུང་ཤང་གི་འགྲིམ་འགྲུལ་དང་། ཚོང་དོན། སྐྱེལ་འདྲེན། ཡུལ་སྐོར་སོགས་ཀྱི་ཐོན་ལས་འཕེལ་རྒྱས་མྱུར་པོ་འགྲོ་བའི་རྣམ་པ་ཐོན་རྒྱུ་རེད།
            “བདེ་སྐྱིད་ལྡན་པའི་འཚོ་བ་ནི་སྒུག་བརྟེན་བྱས་ནས་བྱུང་བ་ཞིག་མིན་པར་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་དགོས། ཏང་གི་སྲིད་ཇུས་བཟང་པོ་དང་། གོ་སྐབས་བཟང་པོ། འགྲིམ་འགྲུལ་ཡག་པོ་བཅས་ཡོད་པས་ཐག་རིང་པོར་འགྲོ་མི་དགོས་པར་ལས་ཞུགས་འབབ་འཕར་ཐུབ་པར་བརྟེན་ཚང་མའི་འཚོ་བ་ཇེ་ལེགས་སུ་འགྲོ་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་བཀྲ་ཤིས་ཀྱིས་བཤད།
འདི་ནི་གཞིས་རྩེ་གྲོང་ཁྱེར་མེ་འཁོར་བབས་ཚུགས་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་འགྲུལ་པ་ཡིན་པ།
དགྲ་འདུལ་གྲོང་ཚོའི་གྲོང་མི་ཚེ་བརྟན་དོན་གྲུབ་ཀྱིས་རང་ཁྱིམ་གྱི་མེ་ཏོག་ལ་ཆུ་རྒྱག་བཞིན་པ།
རྒྱ་མཚོ་གཞུང་ཤང་ནས་གཞིས་རྩེའི་མེ་འཁོར་བབས་ཚུགས་སུ་སྐྱོད་སའི་རྒྱ་ཆེ་བའི་གཞུང་ལམ་ཡིན་པ།
རྩོམ་སྒྲིག་པ། ཚེ་རིང་།