ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > བོད་སྐྱོར་དཔུང་སྡེ།

པེ་ཅིང་འཐུས་མི་ཚོགས་པ་བོད་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་པ།

སྤེལ་དུས 2021-09-08 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
          སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ལ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་བོད་ལྗོངས་ཀྱི་ལས་དོན་དང་ཁ་གཏད་རོགས་སྐྱོར་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་ནན་ཏན་དང་། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། ཟླ་9ཚེས་5དང་6ཉིན། པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཚའེ་ཆིས་པེ་ཅིང་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་བོད་ལྗོངས་སུ་ཁ་གཏད་བོད་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་ནས་ཅིང་བོད་ས་ཁུལ་གཉིས་ཀྱི་སྤེལ་རེས་མཉམ་ལས་ལ་སྔར་བས་སྐུལ་འདེད་བཏང་བ་རེད།

    ཚའེ་ཆིས་པེ་ཅིང་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་རྒྱང་ཁྲིད་སྨན་བཅོས་ལྟེ་གནས་དང་ནད་ཐོག་སྨན་བཅོས་དངོས་སྦྱོང་ལྟེ་གནས་སོགས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་ལྟ་ཞིབ་གནང་བ།
          ཚེས་5ཉིན། པེ་ཅིང་གྲོང་ཁྱེར་གྱི་འཐུས་མི་ཚོགས་པ་གནམ་གྲུ་ནས་བབས་མ་ཐག་དང་ཐོག་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ཕེབས་ནས་རྒྱང་ཁྲིད་སྨན་བཅོས་ལྟེ་གནས་དང་ནད་ཐོག་སྨན་བཅོས་དངོས་སྦྱོང་ལྟེ་གནས་སོགས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་ལྟ་ཞིབ་གནང་ཞིང་། ཚའེ་ཆིས། བོད་སྐྱོར་སྨན་པས་ས་མཐོའི་ལས་བྱེད་པ་དང་མང་ཚོགས་ཀྱི་དགོས་མཁོར་ཞབས་འདེགས་ཞུ་བ་དང་། ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ། གཙོ་གནད་ཚན་ཁག་ཡག་པོ་སྐྲུན་པ་བཅས་བྱས་ནས་ལས་དོན་ཁག་གཅིག་རྗེས་གཉིས་མཐུད་ངང་བསྒྲུབས་ཏེ་པེ་ཅིང་གི་བོད་སྐྱོར་མིང་བྱང་གསལ་པོར་མངོན་པ་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད། ལྷ་ས་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ་ཚའེ་ཆིས། སློབ་གསོའི་བོད་སྐྱོར་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས“100%ལྔའི”དམིགས་ཚད་ལྟར་སློབ་གྲྭ་རྩེ་གྲ་ཞིག་བཏོད་དེ་ཕུགས་བསམ་ལྡན་པའི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

ལྷ་ས་གྲོང་ཁྱེར་པེ་ཅིང་ཚོད་ལྟའི་སློབ་འབྲིང་དུ་ཚའེ་ཆི་དང་བཅས་པས་སློབ་མའི་འཐུས་མིས་སློབ་གྲྭའི་རིག་གནས་ཁྱམས་རིང་འཛུགས་སྐྲུན་བྱས་ཚུལ་སྐོར་གྱི་ངོ་སྤྲོད་གསན་བཞིན་པ།
          ཚེས་6ཉིན། པེ་ཅིང་གི་འཐུས་མི་ཚོགས་པ་ཚོགས་ཆུང་གསུམ་ལ་བགོས་ནས་སྟོད་ལུང་བདེ་ཆེན་ཆུས་དང་། འདམ་གཞུང་རྫོང་། སྙེ་མོ་རྫོང་བཅས་སུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    ཚའེ་ཆིས་པེ་ཅིང་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་སྟོད་ལུང་བདེ་ཆེན་ཆུས་བདེ་ཆེན་གྲོང་རྡལ་མོན་སྟོད་གྲོང་ཚོའི་གྲོང་མི་ཤེས་རབ་རྡོ་རྗེའི་ནང་མིར་འཚམས་འདྲི་གནང་བཞིན་པ།
    ཚེས་6ཉིན་གྱི་ཕྱི་དྲོར། པེ་ཅིང་དང་བོད་ལྗོངས་ཁ་གཏད་རོགས་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཚའེ་ཆིས། ཁ་གཏད་བོད་སྐྱོར་ནི་ཏང་ཀྲུང་དབྱང་གིས་པེ་ཅིང་ལ་དཀྲིས་པའི་གཟི་བརྗིད་ཀྱི་ལས་འགན་ཞིག་དང་། ང་ཚོས་སྒྲུབ་དགོས་ངེས་ཀྱི་འགན་འཁྲི་ཞིག ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་བཅས་ཡིན་པས། ཅིང་བོད་ས་ཁུལ་གཉིས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་མཛའ་བཤེས་ཟབ་མོ་བཙུགས་ཡོད། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་པེ་ཅིང་གིས་མུ་མཐུད་དཔེར་འོས་ཚད་གཞིར་བརྟེན་ནས་ཁ་གཏད་བོད་སྐྱོར་གྱི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་པའི་ནན་བཤད་གནང་བ་རེད།

    པེ་ཅིང་དང་བོད་ལྗོངས་ཁ་གཏད་རོགས་སྐྱོར་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ཡུལ།
          ཝུའུ་དབྱིང་ཅེས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་བཅས་ཀྱི་ཚབ་ཞུས་ནས་པེ་ཅིང་གྲོང་ཁྱེར་གྱིས་དུས་ཡུན་རིང་པོའི་ནང་བོད་ལ་རྒྱབ་སྐྱོར་ཤུགས་ཆེན་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་མ་ཟད། པེ་ཅིང་གི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣས་ལྷག་བསམ་རྣམ་དག་ངང་ལེགས་སྐྱེས་ཕུལ་བར་བླ་ན་མེད་པའི་གུས་འདུད་ཀྱང་ཞུས་གནང་བ་རེད།

    ཚའེ་ཆིས་བཞུགས་མོལ་ཚོགས་འདུའི་ཐོག་གསུང་བཤད་གནང་བཞིན་པ།
          ཝུའུ་དབྱིང་ཅེས་པེ་ཅིང་གྲོང་ཁྱེར་གྱིས་སྔར་རྒྱུན་བཞིན་བོད་ལྗོངས་ཀྱི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ནས། ཅིང་བོད་ས་ཁུལ་གཉིས་ཀྱི་མཉམ་ལས་སྤེལ་རེས་མུ་མཐུད་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

   ཝུའུ་དབྱིང་ཅེས་བཞུགས་མོལ་ཚོགས་འདུའི་ཐོག་གསུང་བཤད་གནང་བཞིན་པ།
རྩོམ་སྒྲིག་པ། བདེ་སྒྲོལ།