གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

རྫིག་ཅེས་པའང་ལྡེའུའི་རིགས་ཤིག་ཡིན་པའི་སྐོར་རགས་ཙམ་གླེང་བ།

སྤེལ་དུས 2018-06-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཀླུ་དབང་རྒྱལ་པོ།
ནང་དོན་གནད་བསྡུས། དཔྱད་རྩོམ་འདིར་བོད་རིགས་དམངས་ཁྲོད་ཀྱི་གྱོད་བཤད་ལས་རྫིག་ཅེས་པའི་ངག་རིག་སྒྱུ་རྩལ་ཐུན་མོང་མ་ཡིན་པ་དེའི་གོ་དོན་དང་སྒྱུ་རྩལ་ཁྱད་ཆོས་དཔེར་བཀོད་ཅིང་། རྫིག་ཅེས་པ་ནི་ལྡེའུའི་རིགས་ཤིག་ཡིན་པའི་སྐོར་རགས་ཙམ་གླེང་ཡོད། 
བརྡ་ཆད་གཙོ་བོ། རྫིག་ལྡེའུ། སྐད་ཆའི་སྒྱུ་རྩལ།
         རྗེ་ཙོང་ཁ་པ་བློ་བཟང་གྲགས་པས། ཡང་ནས་ཡང་དུ་རྣམ་པར་དཔྱོད་ཅིག་དང་། ། གོང་ནས་གོང་དུ་བློ་གྲོས་ཁྱད་ཞུགས་ནས། ། ཤིན་ཏུ་ཕྲ་བའི་གནས་ཀྱང་རྟོགས་པར་འགྱུར། ། ཞེས་གསུངས་པ་བཞིན། མངོན་སུམ་མིག་ལམ་དུ་སྣང་བའི་བྱ་དངོས་དག་ལའང་དཔྱད་གསུམ་དག་པས་ཞིབ་ཏུ་མ་དཔྱད་པར་འདི་བདེན་དང་འདི་རྫུན་གྱི་ཁ་ཚོན་གཅོད་རྒྱུ་དཀའ་ཙམ་གདའ་ན། ལྐོག་གྱུར་གྱི་གནས་ལུགས་དང་འདས་པའི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པར་དེ་བས་ཀྱང་ཡང་ནས་ཡང་དུ་དཔྱད་དགོས་པ་ནི་ལྡོག་ཏུ་མེད་པའི་བྱ་བ་ཞིག་ཏུ་འཁུམས་ལ། ལྡེའུ་ཞེས་པའི་བོད་ཀྱི་གནའ་བོའི་རིག་པ་འདི་ལ་ཞིབ་འཇུག་བྱེད་པར་ཡང་མཁས་པ་སྔ་མ་དག་གི་འབྲས་བུ་རྨང་གཞི་བྱས་ཏེ་ཡང་ནས་ཡང་དུ་དཔྱད་བརྫོད་སྤེལ་རྒྱུ་གལ་ཆེ་བར་འདོད། དེ་ཡང་མི་རིགས་རང་གི་དམངས་ཁྲོད་དུ་གྲགས་ཆེ་བའི་ལྷ་སྒྲུང་དང་ངག་རྒྱུན་སོགས་ལས་མི་རིགས་གང་དེའི་གདོད་མའི་དད་མོས་ཀྱི་རྣམ་པ་དང་ལོ་རྒྱུས་ཀྱི་གྲིབ་གཟུགས་མཐོང་ཐུབ་པ་བཞིན། བོད་ཀྱི་གནའ་བོའི་རིག་པ་ལྡེའུའི་གྲིབ་གཟུགས་ཀྱང་བོད་རིགས་ཀྱི་དམངས་ཁྲོད་དུ་འཚོལ་བ་ལས་འོས་མེད་དོ། ། དེས་ན་ལྡེའུའི་གོ་དོན་དང་རྣམ་པ། བྱེད་ནུས་དང་རིགས་དབྱེ་སོགས་བསྐྱར་ཟློས་ཀྱིས་དོགས་ཏེ་ཆེད་དུ་མི་བརྫོད་ལ། འདིར་སྐབས་སུ་བབས་པ་མདོ་ཁམས་མགོ་ལོག་གི་དམངས་ཁྲོད་གྱོད་བཤད་ལས་རྗེས་ཤུལ་མ་ཡལ་ཙམ་གྱི་རྫིག་ཅེས་པའི་ངག་རིག་སྒྱུ་རྩལ་འདིའི་སྐོར་ངོ་སྤྲོད་རགས་ཙམ་གྱིས་འདི་ཉིད་གནའ་རབས་བོད་ཀྱི་རིག་པ་ལྡེའུའི་རིགས་ཤིག་ཡིན་པའི་སྐོར་གླེང་བར་བྱའོ། །                 
དང་པོ།  རྫིག་གི་གོ་དོན།
         རྫིག་ཅེས་པ་ནི་གྱོད་པ་ཕྱོགས་གཉིས་ཀྱི་གང་རུང་གིས་གྱོད་གཞི་གཟུ་བའམ་རྫིག་པ་བརྒྱུད་ཕ་རོལ་པོར་དཔེ་ཡི་སྒོའམ་གབ་སྦས་ཀྱི་ཚུལ་གྱིས་བཤད་པའི་ངག་གི་སྒྱུ་རྩལ་རིགས་ཤིག་སྟེ། མཁས་དབང་ནམ་མཁའི་ནོར་བུས།  “རྫིག་ཅེས་བྱ་བ་བཤད་བའི་ཚིག་དངོས་མ་སྨོས་པར་གངས་རི་དང་སེང་གེ      རྒྱ་མཚོ་ལ་སོགས་པའི་དཔེ་བཞག་ཅིང་། དཔེའི་སྟེང་ནས་གྱོད་ཀྱི་དོན་འབྲས་བཤད་པ་ཞིག”①ཅེས་དང་།  “རྫིག་བཤད་ཅེས་བྱ་སྟེ། ཕ་རོལ་བོར་མཚང་འདྲུ་ཞིང་བཙན་གཏམ་བསྒྲགས་པ”②ཞེས་རྫིག་རྔམ་གྱི་རྫིག་འདི་འབྲི་ཞིང་།  “ལྡེའུ་ལ་ཡང་རྩེད་མཚར་དུ་སྤྱོད་པའི་ཁེད་དང་སྲིད་ཕྱོགས་སུ་སྤྱོད་པའི་རྫུག་འདེབས་པ་ཞེས་དང་། གྱོད་དང་ཤགས་འདེབས་སོགས་ལ་སྤྱོད་པའི་རྫུགས་སུ་གྲགས་པའི་ངག་གི་སྒྱུ་རྩལ”③ཞེས་པ་སོགས་རྫིག་དང་རྫུགས། རྫུག་སོགས་ངེས་མེད་ལྟར་འབྲི་བ་ལས་རྫིག་ཅེས་པ་ནི་འདི་དང་འདིའོ་ཞེས་གཏན་ལ་ཕབ་པ་ཞིག་མ་མཐོང་བས། འདི་ལའང་གྲོས་གཞིའི་ཚུལ་དུ་རང་གི་དྲན་ཚུལ་ཙམ་གླེང་བར་བྱའོ། །   
         རྫིག་ཅེས་པ་ནི་གཟུ་བས་གྱོད་གཞི་ལ་བརྟག་དཔྱད་བྱེད་སྐབས། ཕྱོགས་སོ་སོའི་མི་བུ་ཤེས་རྒྱ་ཅན་ཞིག་གམ་ཡང་ན་རྒན་པོ་བསམ་ཤེས་ཤིག་གིས། རང་ཕྱོགས་ཀྱི་བསམ་ཚུལ་ཕྱོགས་གཅིག་ཏུ་བསྡུས་ཤིང་རྒྱུ་མཚན་དང་གནས་ལུགས་ལྡན་པའི་སྐད་ཆ་ཡོད་ཚད་མདོར་དྲིལ་ཏེ། དེ་ལ་གཏམ་དཔེ་དང་རྒྱན་གང་རུང་གིས་བརྒྱན་ནས་རྫིག་པའམ་གཟུ་བར་བཤད་པའི་སྐད་ཆ་དེ་ལ་ཟེར། མགོ་ལོག་ས་ཆར་མི་སྒེར་དང་ཚོགས་པ་གང་རུང་ཞིག་གྱོད་ལ་ཐུག་སྟེ་གཟུ་བས་གྱོད་བཤད་སྐབས། དེ་མ་ཐག་གྱོད་ཡ་ངོ་གཏུགས་ཀྱིས་མི་བཤད་པར་གཟུ་བས་ཕན་ཚུན་གྱི་བསམ་ཚུལ་དང་རྒྱུ་མཚན་སོ་སོར་ཇི་མ་ཇི་བཞིན་དུ་བརྡ་སྤྲོད་པའི་འགན་ལེན་དགོས་ཤིང་། སྐབས་འགར་རྫིག་པ་ཞེས་ཆེད་དུ་རྫིག་འཁྱེར་མཁན་གྱི་མི་ཞིག་ཀྱང་གཟུ་བའི་ལག་རོགས་ཀྱི་ཚུལ་དུ་བཀོད་སྒྲིག་བྱེད་ངེས། གྱོད་པ་ཕྱོགས་སོ་སོ་ནས་ཀྱང་མི་རེ་ཡིས་གཏམ་རེ་བཤད། རྟ་རེ་ཡིས་བང་རེ་བླངས་ན་དུས་ཚོད་འགྱངས་ཤིང་སྐད་ཆ་ཉོག་འགྲོ་བས། བརྒྱ་བཤད་ཚིག་གི་རྩ་བ་གཟུ་བར་ཞུ་དགོས་ཤིང་གཟུ་བར་ཞུས་པའི་སྐད་ཆ་དེའང་གཟའ་འཁོན་ལྟ་བུའི་ཚིག་ནག་རྐྱང་བ་མ་ཡིན་པར།  གཏན་ཚིགས་ལྡན་ལ་གབ་སྦས་ཀྱི་ཚུལ་གྱིས་ཕ་རོལ་བོར་ཅོ་འདྲི་བའམ་མགོ་རྨོངས་པར་བྱེད་པའི་གོ་རིམ་དེ་ལ་རྫིག་བརྡབས་པ་ཞེས་ཟེར། རྫིག་གི་དོན་ནི་འཇིགས་སྐུལ་ལམ་དྲག་པོའི་སྒོ་ནས་འཇིགས་ཉམས་སྟོན་པ་སྟེ། རྫིག་རྔམ་ཅན། ཕྱི་རྫིག་ནང་སྟོང་ལྟ་བུ་དང་། རྫིག་སྤམ་མི་ཤོར་ཆེད་གཡོ་སྒྱུའི་ཐབས་འཕྲུལ་ཞིག་བྱས་པར་མངོན་ཞིང①ཞེས་པ་སོགས་གྱོད་པས་ཕ་རོལ་བོ་ལ་སྐད་ཆ་རྫིག་པོའམ་དྲག་པོའི་སྒོ་ནས་བཤད་པར་གོ་ནའང་ཆོག་མོད། སྐད་ཆ་རྫིག་པོའམ་དྲག་པོར་བཟློ་རྒྱུ་ནི་སྐབས་འདིའི་དམིགས་ཡུལ་དངོས་མིན་པར་འདོད་དེ། རྫིག་རྡེབ་པ་ནི་ཕ་རོལ་བོར་དངངས་སྐྲག་སྐྱེ་རུ་འཇུག་པ་ཙམ་མིན་པར། ཚུར་རོལ་གྱི་རྒྱུ་མཚན་དང་བདེན་པ་ཕ་རོལ་བོར་དཔེ་ཡི་སྒོ་ནས་སམ་གབ་པའི་ཚུལ་གྱིས་བརྗོད་དེ་ཁས་ལེན་འཐོབ་པའི་ཆེད་དུ་ཡིན་པས། སྐད་ཆ་རྫིག་རྫིག་བཤད་པ་ཞེས་པས་དོན་ཡོངས་སུ་རྫོགས་པ་སྟོན་མི་ནུས་པར་འདོད། ཡང་ཁ་དཔེར། ལོ་བརྒྱ་ལོན་པའི་མྱི་མེད་རུང་། བསྐལ་བ་སྟོང་གི་ཚིག་ལོས་ཡོད་ཅེས་པ་ལྟར། རྫིག་ཅེས་པའི་ཡི་གེའི་འབྲི་སྟངས་སམ་གོ་དོན་དངོས་དེ་ད་ལྟའི་གོ་བ་ལེན་སྟངས་ཙམ་མམ་ད་ལྟའི་མི་ཡི་སྐད་ཆའི་སྒྲ་གདངས་ཙམ་གཞིར་བཟུང་ནས་ཐག་བཅད་ན་མི་འོས་པ་ཤོད་ལ་རྫོས་དང་། བཤད་ལ་བརྫས་སོགས་ཀྱི་སྒྲ་གདངས་ཀྱིས་རྟོགས་པ་ལྟ་བུ་མངོན་སུམ་དུ་མང་བ་བཞིན། རྫིག་ཅེས་པ་འདིའང་སྔར་གྱི་སྒྲ་གདངས་གང་ཞིག་ད་ལྟའི་བར་དུ་མ་ཉམས་པར་སྒྲ་ཇི་བཞིན་བརྒྱུད་དེ་འོངས་པའམ། སྒྲ་གདངས་ལ་འགྱུར་བ་བྱུང་སོང་བ་གང་རུང་ཞིག་ཅིས་ཀྱང་ཡིན་དགོས་ལ། ད་ལྟའི་སྒྲ་གདངས་ལྟར་ཡི་གེར་སྦྱར་ན་དེ་འདྲའི་འཚམ་པོ་ཞིག་ཡིན་མིན་ཀྱང་བཤད་དཀའ་བས། རྗེས་མ་སྒྲ་གདངས་ལ་འགྱུར་བ་བྱུང་བར་འདོད་དེ། སླ་ལ་རྩ་དང་། ཟླ་ལ་རྫ་སོགས་འདོན་པ་ལྟ་བུའང་མང་བར་འདུག་པས་སོ། ། ཡང་རྫུ་ཞེས་པ་སྔར་གྱི་རྣམ་པ་བསྒྱུར་ནས་གཞན་འཕྲུལ་བར་བྱེད་པའི་དོན་ཏེ། རྫུ་བག་དང་རྫུ་འཕྲུལ། རྫུ་བྱས་ལྟ་བུ་སོགས་གང་ལའང་དོན་འབྱོར་ལེ་བ་རེ་སྣང་ལ། རྫུ་ཞེས་པ་སྔར་གྱི་རྣམ་པ་བསྒྱུར་ནས་གཞན་འཕྲུལ་བར་བྱེད་པའི་དོན་ཞེས་པར་བལྟས་ན། གྱོད་གཞི་འཆད་པར་སོ་སོའི་ཡོད་ཚད་དྲང་མ་དྲང་གཞག་གིས་འཆད་པའི་ངེས་པ་མེད་མ་མཆིས་ཏེ། བློ་ཐབས་སྣ་ཚོགས་ཀྱིས་ཕ་རོལ་པོ་ལས་རྒྱལ་བར་བརྩོན་དགོས་པས་ལན་རེར་རྫུ་བག་གི་ཆ་འདྲེས་ཀྱང་སྲིད་ལ། ཤགས་འགྱེད་དང་གྱོད་བཤད་བྱེད་སྐབས་ཚིག་ནག་རྐྱང་བཤད་ཀྱིས་གྱོད་གཞི་མི་བཤད་པར། དེ་ཉིད་གབ་སྦས་དང་འཁྱོག་བརྗོད་ཀྱི་ཚུལ་དུ་བཤད་པས་ཀྱང་ཅུང་ཟད་རྫུ་བག་གི་ཆ་འདྲེས་ཤིང་། གཟུ་བས་ཀྱང་གྱོད་པ་སོ་སོའི་རྫུ་བག་ལ་བློ་གཟུ་བོས་དཔྱད་པ་བཏང་མཐར་གྱོད་ཀྱི་དོན་འབྲས་གཏན་ལ་ཕབ་དགོས་པ་ཞིག་དང་། ཡང་སྒྲས་ཟིན་ཚོད་དེ་ཚིག་དེའི་དགོངས་པ་མིན་པར་ལོགས་སུ་བཤད་ནས་འདི་ལ་བསམས་ཏེ་གསུངས་སོ་ཞེས་སྨྲ་བ་པོའི་བསམ་པ་སྟོན་པའི་ཆ་ནས་དགོངས་པ་ཡིན་ལ། ཐད་ཀར་མི་སྟོན་པ་འཁྱོག་པའི་ངག་གིས་བསྟན་པའི་དགོས་པ་འདིའོ་ཞེས་དགོས་པ་སྟོན་པའི་ཆ་ནས་ལྡེམ་པོར་དགོངས་པ་སྟེ། ལྡེམ་པོའམ་ལྡེའུའི་ངག་ནི་འཁྱོག་པོ་ཡིན་པས་སོ①ཞེས་པ་ལས་རྫིག་ཅེས་པ་ནི་ལྡེའུ་བྱེ་བྲག་ཅིག་ཡིན་པའི་ཆ་ནས་དེ་ལའང་ཅུང་ཟད་འཁྱོག་པོའམ་རྫུ་བག་གི་ཆ་ཞིག་འདྲེས་པ་ཨེ་ཡིན་ཀྱང་སྙམ་མོ། ། ཡང་ཁ་སྐད་དུ་རྫིག་བརྡབས་པའམ་རྫིག་རྡེབ་པ་ཟེར་བར་བལྟས་ནའང་རྫིག་པའི་འོས་འགན་ནི་ཕན་ཚུན་གྱི་སྐད་འཁྱེར་ཙམ་མིན་པ་རྟོགས་ཏེ།  “མྱྀ་ཆིག་གིས། ། མཐོང་ཡང་། ། ཉེ་པ་འྀ་བློ་གདབ་ཏུ་མ་འོས་པ་འྀ་ཆད་པ་ནན་ཆེས། ཚིག་དྲག་གྀས། ། ཇི་ག་སུས་ཀྱང་བློ་གདབ་དུ་མ་ཕོད་དོ”②ཞེས་པའི་གདབ་ནི་བཤད་པ་དང་བཅོས་པ། གཏུགས་པ་སོགས་ལའང་འཇུག་པས། རྫིག་རྡེབ་ཅེས་པ་ནི་གདབ་དང་དོན་འདྲ་ལ། རྫུ་གདབ་ཅེས་པའི་གདབ་ཀྱི་སྔོན་འཇུག་ཡར་འབྱར་ཏེ་རྫིག་དང་རྫིག་རྡབ་བམ་རྫིག་བརྡབས་སོགས་གང་བདེར་འགྱུར་སོང་བ་ཨེ་ཡིན་ཀྱང་སྙམ་མོ། །   
         བྱ་དངོས་གང་ཞིག་ཡིན་རུང་དེ་ལ་ཐོག་མའི་འབྱུང་ཁུངས་ཤིག་ངེས་པར་ཡོད་ལ། དེའང་རྟག་བརྟན་ཐེར་ཟུག་ཅིག་རྩ་བ་ནས་མ་ཡིན་པར། ཕྱི་ནང་གི་རྐྱེན་ལས་འགྱུར་ལྡོག་གང་མང་འབྱུང་ཞིང་སྤྱི་ཚོགས་སྟེང་གཙོ་ཕལ་གྱི་གོ་སའང་ངེས་མེད་དུ་འདུག་པ་བཞིན། རྫིག་ཅེས་པའི་ངག་རིག་སྒྱུ་རྩལ་འདི་ལའང་ཐོག་མའི་འབྱུང་ཁུངས་ཤིག་ཡོད་དགོས་ཏེ། མགོ་ལོག་ལོ་རྒྱུས་དེབ་ཐེར་ལས། ལྡེའུ་ལ་ཡང་རྩེད་མཚར་དུ་སྤྱོད་པའི་ཁེད་དང་སྲིད་ཕྱོགས་སུ་སྤྱོད་པའི་རྫུགས་འདེབས་པ་ཞེས་རྫིག་གི་འབྱུང་ཁུངས་ལྡེའུ་ཡིན་པའམ་རྫིག་ཅེས་པ་ལྡེའུའི་བྱེ་བྲག་ཅིག་ཡིན་པར་བསྟན་པ་ལྟར། རྫིག་ཅེས་པ་ནི་གྱོད་བཤད་དང་ཤགས་འགྱེད་སོགས་སྲིད་ཕྱོགས་སུ་སྤྱོད་པའི་ལྡེའུའི་རིགས་ཤིག་ལ་ངོས་འཛིན་དགོས་པར་འདོད། དེས་ན་ལྡེའུ་ཞེས་པ་ནི་བོད་ཀྱི་ཡིག་ཚང་སྔ་ཤོས་བཀའ་ཆེམས་ཀ་ཁོལ་མ་ལས།  “ལྡེའུ་ཡང་སྟེང་ན་དབུ་ཉི་མ་བ། འོག་ན་ཆུ་ཆར་ཅི་ཡིན་བྱ་བས་སྣ་དྲངས་པ། ཐེམ་སྙེར་ལྦ་བ་ཕྱིས་ཅི་ཡིན། དམར་བོ་སྤུ་མེད་བཅུག་ཅིང་ཕྱུང་། སེར་བོ་མགོ་ཆེ་བསྐྱེད་ཅིང་རྒྱགས་ཅི་ཡིན། བྱ་བ་ལ་སོགས་པ་ནུབ་བྱང་མཚམས་ཀྱི་པང་ན་གཟུགས་བརྙན་དུ་བཀོད་ནས་ཡོད་དོ”①ཞེས་པས་ལྡེའུ་དེ་ཇི་འདྲ་ཞིག་ཡིན་པའི་མཚན་གཞི་གསལ་བོར་འཁོད་པ་སྟེ། ལྡེའུ་ནི་བརྗོད་བྱ་དངོས་དེ་སྦས་ཤིང་ཞིང་གབ་པའི་ཚུལ་གྱིས་བརྗོད་པའི་ཚིག་རྒྱན་ཅན། གསང་བའི་ཟབ་གནད་སྟོན་པའི་བྱེད་ནུས་ཅན་གྱི་རྩོམ་གྱི་རྣམ་པ་ཞིག་ཡིན་འདུག་ལ། རྒྱལ་བོ་བཀའི་ཐང་ཡིག་ལས།  “རིག་པའི་ཆོས་གོ་བར་བྱ་བའི་ཕྱིར་ལྡེའུ་བསྟན”②ཞེས་དང་། ལྡེའུ་ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན་ལས།  “དེ་ཡན་ཆད་རྒྱལ་རབས་ཉེར་གསུམ་དུ་བོད་ལ་ཆོས་མེད་པས་མུན་པའི་དམག་དང་འདྲའོ། ། དེའི་དུས་སུ་ཆབ་སྲིད་སྒྲུང་དང་ལྡེའུ་དང་བོན་གསུམ་གྱིས་གཙོས་ཏེ་སྡེ་སྣོད་གསུམ་འབྱུང་བའི་སྔ་བལྟས་སོ”③ཞེས་པ། རྒྱ་བོད་ཡིག་ཚང་ཆེན་མོ་ལས།  “གཞན་ཡང་སྐྱེ་བོ་ཐ་མལ་བ་རྣམས་ཆོས་ལ་བློ་ཁ་དྲངས་པའི་ཕྱིར་ཐོག་མར་སྒྲུང་དང་འདེབས་དང་བོན་རྣམས་བསྟན། རྒྱལ་བོས་མཛད་པའི་སྒྲུང་རྒྱུད་དང་ལྡེམས་ཀྱི་བསྟོད་པ་ར་ས་འཕྲུལ་སྣང་གི་གློ་བུར་ན་བྲིས་ཡོད་དོ”④ཞེས་པ་སོགས་གང་ལ་བལྟས་ཀྱང་། ལྡེའུའི་འབྱུང་དུས་ཐད་ལྟ་ཚུལ་མི་མཐུན་པ་རེ་འགའ་ཡོད་པ་ལས། ལྡེའུ་ནི་ཆབ་སྲིད་སྐྱོང་བྱེད་ཀྱི་ལག་ཆ་ཞིག་ཡིན་པ་སྔོན་བྱོན་མཁས་པ་ཀུན་གྱིས་ཁས་འཆེས་ཤིང་། ཆོས་འབྱུང་མཁས་པའི་དགའ་སྟོན་ལས།  “ཞེས་འདྲི་བ་སོགས་ཏེ་བོན་ལྡེའུ་སྒྲུང་གསུམ་གྱི་ཚུལ་ལྷ་སའི་གདུང་རྣམས་ལ་བྲིས་ཡོད”⑤ཅེས་པའི་སོགས་སྒྲ་ལས་ལྡེའུ་ཁེད་ཙམ་ལ་ངོས་འཛིན་པ་མིན་པར། དེ་ལ་ནང་གསེས་དབྱེ་བའམ་བྱེད་ལས་རེ་འགའ་ཡོད་པའང་ཤུགས་ལ་རྟོགས་པར་འཁུམས། ལྡེའུའི་གོ་དོན་གྱི་ཐད་ནས་ཀྱང་། ལྡེའུ་ཞེས་པ་ནི་གནའ་རབས་ཀྱི་གབ་ཚིག་རིགས་ཤིག་ཡིན། དེ་ཡང་བོད་ཀྱི་བཙན་པོ་ལྷ་ཐོ་ཐོ་རི་གཉན་བཙན་བར་རྒྱལ་རབས་ཉི་ཤུ་རྩ་བདུན་གྱི་རིང་ཆབ་སྲིད་སྒྲུང་ལྡེའུ་བོན་གསུམ་གྱིས་བསྐྱངས་ཞེས་པའི་ལྡེའུ་ནི་ཚིག་ཉུང་ཞིང་ནང་དོན་ངོ་མཚར་ལ་དགོད་བྲོ་བ་དང་། དེར་བརྟེན་ནས་མི་རྣམས་ཀྱི་བློ་སྒོ་འབྱེད་ཐུབ་པའི་རིག་རྩལ་གྱི་རིགས་ཤིག་ཡིན། དེ་ཡང་བསམ་དོན་གྱི་དངོས་པོ་ངོ་མ་སྦས་ནས་དེ་སྒྲིབ་བྱེད་དངོས་པོ་གཟུགས་འདྲ་བ་དང་སྒྲ་འདྲ་བ་དབྱིབས་འདྲ་བ་སོགས་སྦྱར་ཏེ་མི་རྣམས་ཀྱི་བློ་སྒོ་འབྱེད་དུ་འཇུག་པའི་བྱ་ཐབས་ལེགས་པོ་ཞིག་ཡིན་པར་མ་ཟད། ལོ་ཆུང་བྱིས་པ་རྣམས་ལ་ཐབས་ཤེས་དེའི་སྒོ་ནས་རང་བྱུང་གི་ཚན་རིག་ངོ་སྤྲོད་བྱེད་ཆོག་པ་རེད①ཅེས་པས། ལྡེའུ་ནི་གབ་བྱའི་དོན་གང་ཞིག་གབ་བྱེད་ཚིག་ལ་བརྟེན་ནས་ཕ་རོལ་ལ་དྲི་བ་བཏོན་ཏེ་གབ་བྱ་གང་ཡིན་པ་རྟོགས་པར་བྱེད་པའི་ངག་གི་སྒྱུ་རྩལ་རིགས་ཤིག་གམ། ཡང་ན་དྲི་བ་དྲི་ལན་བྱེད་པ་དང་དགོད་སློང་བ། ཕན་ཚུན་རྒྱལ་ཕམ་འབྱེད་པའི་ངག་རྩེད་ཁོ་ན་ཙམ་ཞིག་ཀྱང་མ་ཡིན་པར།  མི་རྣམས་ཀྱི་བློ་སྒོ་འབྱེད་ཐུབ་པ་དང་ཕ་རོལ་བོར་ལྐོག་གྱུར་གྱི་གོ་དོན་ལྡན་པའི་གཏམ་བཤད་པ་དང་དངོས་པོ་སྤྲད་པ་སོགས་ལ་བརྟེན་ནས་བརྡ་སྤྲོད་པའི་གོ་དོན་ཀྱང་ཡོད་ལ། རྫིག་གི་བྱེད་ནུས་གཙོ་བོའང་འདིའི་རིགས་སུ་གཏོགས་པས་རྫིག་ཅེས་པའང་ལྡེའུའི་རིགས་ཤིག་ཡིན་པ་ལ་ངེས་ཤེས་བསྐྱེད་ཅིང་རིགས་བསྒྲེས་བགྱིས་ན་འགལ་བ་མེད་པར་འདོད་དོ། །              
གཉིས་པ། རྫིག་གི་སྐད་ཆའི་སྒྱུ་རྩལ།
         སྐད་ཆ་ནི་མིའི་རིགས་ཀྱི་ཆེས་གལ་ཆེ་བའི་འབྲེལ་འདྲིས་ཀྱི་ཡོ་བྱད་ཅིག་ཡིན་ལ། རྩོམ་རིག་གང་ཞིག་གི་བསམ་བློའི་ནང་དོན་ཀྱང་སྐད་ཆ་ཡིས་ད་གཟོད་མཚོན་ཐུབ་པས། མི་རིགས་སོ་སོར་རང་ཉིད་ཀྱི་ཁྱད་ཆོས་སམ་རྩོམ་གཤིས་ལྡན་པའི་སྐད་ཆའི་སྒྱུ་རྩལ་ཐུན་མོང་མ་ཡིན་པ་རེ་ཡོད་སྲིད་ལ། སྐད་ཆར་ཡང་སྡེབ་སྦྱོར་ལེགས་མིན་དང་བརྗོད་བྱ་འཚམ་མིན། བརྡ་རྙིང་དང་མངོན་བརྗོད་སོགས་ཚིག་བརྗིད་ཅིང་གོ་དཀའ་བས་བཅིངས་པ་ཡོད་ལ། ཀློག་ན་ཁ་ལ་བདེ་ཞིང་ཉན་ན་རྣ་བར་སྙན་པ། དོན་གོ་སླ་ཞིང་ཡིད་དབང་འགུག་པའང་ཡོད་པས། སྐད་ཆ་ཡིས་ད་གཟོད་ཕྱི་རོལ་འཚོབའི་སྣང་ཚུལ་སོགས་ཕྱོགས་གཅིག་ཏུ་བསྡུས་ཏེ་རྩོམ་རིག་གི་རྒྱུ་ཆ་གྲུབ་པ་རེད། རྫིག་རྡེབ་པ་ནི་སྤྱི་ཚོགས་འཚོ་བའི་སྣང་ཚུལ་ཞིག་ཡིན་ལ། རྫིག་རྡེབ་མཁན་ནི་དངོས་ཡོད་སྤྱི་ཚོགས་ཁྲོད་ཀྱི་མི་ཡིན་པས། རྫིག་གི་སྐད་ཆ་རེ་རེའང་སྤྱི་ཚོགས་འཚོ་བ་ལས་བྱུང་ཞིང་། འཚོ་བའི་བརྙན་རིས་ཇི་མ་ཇི་བཞིན་པ་ལས་བརྒལ་བའམ་མངོན་པར་མཐོ་བའི་སྒྱུ་རྩལ་རིགས་ཤིག་ཀྱང་ཡིན། དེ་བས་ན་རྫིག་གི་སྐད་ཆའི་སྒྱུ་རྩལ་ལའང་ཐུན་མིན་གྱི་ཁྱད་ཆོས་མང་དུ་འདུག་མོད་རྒྱས་པར་དོགས་ཏེ་འདིར་དཔེ་མཚོན་ཙམ་འགོད་པར་བྱའོ། །
གཅིག དཔེ་དོན་འབྲེལ་ཆགས་པ།   
         གཏམ་དཔེ་མེད་དེ་གོ་དཀའ།   སྣོད་ལོང་མེད་དེ་འཇུ་དཀའ་ཞེས་པའི་དཔེ་ལྟར། སྒྱུ་རྩལ་ལམ་མཇེས་པ། ཡང་ན་གནས་ལུགས་སོགས་གཏིང་ཟབ་པའི་དོན་རྣམས་དཔེ་ཡིས་བརྗོད་ན་གོ་སླ་བ་ལས། ཐད་ཀར་རྗེན་པར་བརྗོད་པ་དཀའ་ཞིང་བརྫོད་པའི་དབང་དུ་བཏང་ནའང་ཡུལ་ཅན་གང་དེའི་དབང་བོའི་གསོས་སུ་འགྱུར་མི་སྲིད་ལ། སྒྱུ་རྩལ་གྱི་རིན་ཐང་ཡང་མངོན་དུ་འགྱུར་མི་ཐུབ་པས། དཔེས་མཚོན་པའི་སྐད་ཆའི་སྒྱུ་རྩལ་ཐུན་མོང་མ་ཡིན་པ་འདི་ཉིད་གནའ་སྔ་མོ་ནས་བོད་མི་རིགས་ཀྱི་སྤྱི་ཚོགས་འཚོ་བར་ས་ཁྱབ་རྡོ་ཁྱབ་ཏུ་སོང་ཡོད། རྫིག་རྡེབ་པའང་གནའ་སྔ་མོ་ནས་བོད་མི་རིགས་ཀྱི་བསམ་བློའི་ཞིང་སར་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་སྲོལ་རྒྱུན་གྱི་གྱོད་དོན་ཐག་གཅོད་བྱ་ཐབས་ཤིག་ཡིན་པས། འདི་ཉིད་སྐད་ཆ་དང་མ་འབྲེལ་བ་མི་སྲིད་ལ། དཔེ་འཇོག་གི་སྒྱུ་རྩལ་མཚོན་ཐབས་ཀྱིས་ཀྱང་མངོན་པར་ཕྱུག་ཡོད་དེ། དཔེར་ན་སྔོན་ཁྱིམ་ཚང་ཞིག་གི་རྟ་རྐུན་ལ་ཤོར་ཞིང་། རྟ་རྐུན་སུ་ཡིན་པ་གོ་བས་ཕན་ཚུན་གྱོད་ལ་ཆད་པ་དང་། དེར་གཟུ་བ་གདན་དྲངས་ཏེ་གྱོད་བཤད་པ་ལ། གྱོད་པས་ཕ་རོལ་བོ་རྟ་རྐུན་དུ་ངོས་གཟུང་བའམ་རྟ་རྐུན་རེད་ཅེས་པར་རྫིག་བརྡབས་པ་ལ།  “《ངའི》སེ་ལུ་བྲུག་དཀར་རྨ་བྱ་འདྲ་བོ། གྱོ་སེར་སྔོ་ནག་ཆུ་རྡོ་འདྲ་བོ། རྫ་ཁྲ་ཡག་རྨིག་སྣེ་མི་ཐོགས་རྐ། ཆུ་རྨ་ཆུ་རྨིག་ངོ་མི་འགོ་ནོ། །གཅིག་ཡོད་ནོ་འདོགས་དབང་མ་བྱིན། ། གཉིས་ཡོད་ནོ་འཚོ་དབང་མ་བྱིན། ། ཁྱོས་ཕོ་བའི་ནང་རྫོངས་ར། ཕུ་རུང་གི་ཁ་མཐུད་བྱས་ཡོད་ལ་མེད་རྫས”①ཞེས་པ་ལྟ་བུར་མཚོན་ན། རྟ་བདག་གིས་རང་གི་བོར་སོང་བའི་རྟ་ཡི་ཁྱད་ཆོས་དཔེ་ཡི་སྒོ་ནས་བསྟན་པའི་ཞོར་དུ་རྐུ་མཁན་ཁྱོད་ཡིན་ཚུལ་བསྟན་པ་སྟེ། རྟ་སེ་སེ་བྲུག་ཐོག་དཀར་བོ་ཅན། ཡག་སྤུ་ཁ་འཛོམས་པ་རྨ་བྱ་ལྟར་མཛེས་པ་བཤད་དེ། སེ་བོ་བྲུག་དཀར་ལས་རྟ་མདོག་གསལ་བོར་བསྟན་ཅིང་། རྟ་དེ་ནི་རྟ་གཞན་དང་མི་མཚུངས་བའམ་རྟ་རང་ག་བ་ཞིག་མ་ཡིན་པར་ཡག་སྤུ་ཁ་མཛེས་ལྡན་རྨ་བྱར་འགྲན་ནུས་ལ། གྱོ་སེར་སྔོ་ནག་ཆུ་རྡོ་འདྲ་བོ་ཞེས་པ་ལས་རྟ་གྱོ་སེར་སྔོ་ནག་གི་ཆ་འདྲེས་པ་ཆུ་ནང་གི་རྡོ་དང་འདྲ་བ་སྟེ། དེའང་རྟ་ཤ་མེད་རིད་པོ་ཉམ་ང་བ་ཞིག་གཏན་ནས་མ་ཡིན་པར། ཆུ་རྒྱུན་གྱིས་ཡུན་དུ་བརྡབས་པ་ལས་ཟ་ཟུར་མངོན་གསལ་མིན་པར་འཇམ་ཤ་དང་ལྡན་པ། འགྱིང་རྡུང་ངམ་འོད་འཁྱུག་པའི་ཆུ་རྡོ་ཞིག་དང་འདྲ་ཞེས་རྟ་ཤ་ཆེན་ཞིག་ཡིན་པའི་དཔེར་ཆུ་རྡོ་བཀོད་པ་འཚོ་བར་ཁད་ཉེ་ཞིང་། རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ཀྱི་ཆེས་རྒྱུན་ལྡན་གྱི་བྱ་དངོས་དཔེ་རུ་བཀོད་ཡོད་པས་མངོན་སུམ་ལྟར་ཉན་པོའི་སྣང་ངོར་འཆར་ཐུབ་པའོ། །འོ་ན་རྨ་བྱ་དཔེ་རུ་བཀོད་པ་འབྲོག་པས་རྒྱུན་དུ་མཐོང་ཐུབ་བམ་ཟེར་ན། སྐྱོན་མེད་དེ་བོད་མིའི་སྣང་ངོར་རྨ་བྱ་ནི་མཛེས་པའི་ཕུད་དམ་གཙུག་ཏུ་འགོད་པའི་དཔེ་འཇོག་ཆུང་དུས་ནས་ཁ་བྱང་རྣ་བྱང་དུ་སོང་ཡོད་པས། རྨ་བྱ་རྒྱུན་དུ་མ་མཐོང་ཡང་། རྨ་བྱ་ཞེས་པ་ནི་རང་རང་གི་སེམས་ངོས་ཀྱི་མཛེས་པ་གང་དེའི་མཚོན་བྱེད་ལྟ་བུར་གྱུར་ཡོད་པ་གླུ་དང་ལ་གཞས་སོགས་ལས་ཀྱང་མཁྱེན་ཐུབ་པས་སོ། ། དེ་ལྟར་ཡག་སྤུ་ཁ་དང་ཤ་ཆེན་ཞིག་ཡིན་པ་དཔེ་རུ་བཀོད་པའི་རྨང་གཞིའི་སྟེང་། སླར་ཡང་རྟ་དེ་གཉིས་ཀྱི་ཁྱད་ཆོས་ལ་ཁ་སྣོན་གྱི་ཚུལ་དུ་རྫ་ཁྲ་ཡག་རྨིག་སྣེ་མི་ཐོགས་ནོ།   ཆུ་རྨ་ཆུ་རྨིག་ངོ་མི་འགོ་ནོ་ཞེས་རྫ་རི་སོགས་རི་རྒྱུད་མཐོན་པོ་གང་ལ་འགོས་ནའང་རྨིག་སྣེར་མི་ཐོགས་པའམ་རྨིག་སྣེ་རྡོལ་མི་ཐོགས་པ་སྟེ། ལ་མཐོན་པོར་འགོས་ན་བཟང་ཞིང་རྒྱུད་པ་མི་འདར་བ། རྫ་རྡོ་སོགས་ཀྱི་གནོད་པ་མི་ཐེབས་པ། ཆུ་ཆེན་པོར་བརྒལ་ན་ངར་ཞིང་འགྲོས་མགྱོགས་པའི་ཚུལ་བཅས་ཅུང་ཟད་རབ་རྟོག་གི་ཚུལ་གྱིས་དཔེ་རུ་བཀོད་པ་རེད། འདི་ལྟ་བུའི་ཡག་སྤུ་ཁ་འཛོམས་ཤིང་གོམ་ལག་བདེ་བ། ཤ་ཤེད་རྒྱས་ཤིང་བྱང་ལམ་ཆོད་པའི་རྟ་ཕོ་གཉིས་དེ། རྟ་བདག་རྒད་པོར་འཚོ་དབང་དང་འདོགས་དབང་མ་བྱིན་པར་ཤོར་སོང་བ་དེ།  ཁྱེད་ཚང་གི་ཕོ་བའི་ནང་རྫོངས་དང་ཕུ་རུང་གི་ཁ་མཐུད་བྱས་སམ་མ་བྱས་ཞེས་པ་སྟེ། ཕོ་བའི་ནང་རྫོངས་དང་ཕུ་རུང་གི་ཁ་མཐུད་ཅེས་རྟ་ཤ་ཟོས་པའམ་རྟ་ལྤགས་ཀྱིས་ཕུ་རུང་ལ་སྣེ་མཐུད་རྒྱག་པ་མི་སྲིད་ཀྱང་། ཁྱེད་ཚང་གིས་རྟ་བརྐུས་ཏེ་བཙོངས་པའམ་བདག་ཏུ་བཟུང་སོང་བ་སྟེ། དེ་ལྟར་ཡིན་མིན་གྱི་གནས་ལུགས་དང་རྒྱུ་མཚན་གསལ་བོར་ཤོད་ཅེས་བརྗོད་དོན་གང་ཞིག་ཚིག་ངོར་དྲང་ཐད་དུ་མི་སྟོན་པར་དེ་དང་མཚུངས་ཆོས་གང་རུང་ཞིག་ཡོད་པའི་དངོས་པོ་གཞན་དང་གཞན་ལ་དཔེ་ཅི་རིགས་སུ་བཞག་སྟེ་འཁྱོག་པོའི་ཚུལ་གྱིས་མཚོན①པར་བྱས་པ་སྟེ། བོད་དམངས་ཁྲོད་ཀྱི་འཚོ་བ་དང་བར་ཐག་ཤིན་ཏུ་ཉེ་བའི་བ་དངོས་གང་རུང་དཔེ་རུ་བཀོད་འདུག་པའི་ཁྱད་ཆོས་མངོན་འདུག་གོ། །
གཉིས། ཆགས་སྡང་གི་རུས་ཐོན་པ།   
         རྫིག་རྡེབ་པ་ནི་ཁེད་བཤད་པ་དང་འདྲ་བར་རྩེད་མཚར་གྱི་ཚུལ་དུ་དྲི་བ་དྲི་ལན་འགོད་པ་ཙམ་ཞིག་མ་ཡིན་པར། གཟབ་ནན་དང་གཏན་ཚིགས་ཀྱི་ཆ་ལ་ངེས་པར་མཉམ་འཇོག་བྱེད་དགོས་ཏེ། གལ་ཏེ་ནོར་འཁྲུལ་བྱུང་སོང་ན་གྱོད་དོན་ཡོངས་སུ་ཕམ་འགྲོ་བའི་ཉེན་ཁའང་ཤིན་ཏུ་ཆེ་བས་རང་སྣང་གང་ཤར་གྱིས་གདབ་ཆོག་པ་ཞིག་གཏན་ནས་མ་ཡིན་ནོ། ། དེ་བས་ན་དེ་ལ་ཆགས་སྡང་གི་ཉམས་ཐོན་ཡོད་ཅིང་ལན་རེར་ཕན་ཚུན་ལ་ཤགས་འགྱེད་དང་མཐོང་ཆུང་། དམའ་འབེབས་བྱེད་པའི་ཚུལ་གྱིས་རྫིག་རྡེབ་པའམ་རྒྱལ་ཕམ་རྩོད་པའི་སྐབས་ཀྱང་ཡོད་དེ།  “སྔར་མྱི་རྐྱང་བཀྲ་རྒྱ་ཟེར་བའི་རྒྱུ་འབྱོར་བ་དང་ཐོབ་གོ་ས་ཅུང་ཟད་ཡོད་པའི་མི་ཞིག་དང་། འཁྱམས་པ་འུག་ཆོ་ཞེས་འབྱོར་བ་དང་རྒྱབ་རྩ་ཞན་པའི་མི་ཞིག་གྱོད་ལ་ཆད་པར། མྱི་རྐྱང་བཀྲ་རྒྱས་འཁྱམས་པ་འུག་ཆོ་ལ། ང་མྱི་རྐྱང་བཀྲ་རྒྱ་སྟག་རེད། ཁྱོ་འཁྱམས་པ་འུག་ཆོ་ལྦ་རེད་རྫོས། ཞེས་དམའ་འབེབས་དང་མཐོང་ཆུང་གིས་ཕ་རོལ་བོ་ཁྱད་གསོད་ཀྱི་རྫིག་ཚིག་ཅིག་ང་རྒྱལ་གྱིས་བརྡབས་པར། འཁྱམས་པ་འུག་ཆོས་གོ་སྐབས་དེ་དང་བསྟུན་ཏེ་རྫིག་གདབ་པ་ལ། ང་འཁྱམས་པ་འུག་ཆོ་ལྦ་རེད། ལྦ་ཅི་འདྲ་ངན་རུང་ཞྭ་རེད། ཁྱོད་མྱི་རྐྱང་བཀྲ་རྒྱ་སྟག་རེད། སྟག་ཅི་འདྲ་བཟང་རུང་སྟན་རེད”①ཅེས་རྫིག་ལན་སྦྲན་པས་རྒྱལ་སོང་བའི་བཤད་སྲོལ་འདུག་པ་ལྟར། རྫིག་རྡེབ་སྐབས་ཕ་རོལ་བོར་མཚང་འབྲུ་དང་དམའ་འབེབས་སོགས་ཆགས་སྡང་རུས་སུ་ཐོན་པ་ཤགས་འགྱེད་དང་ཡང་ཤིན་ཏུ་འདྲ་སྟེ།  བོད་བློན་མགར་ཁྲི་འབྲིང་བཙན་བྲོད་དང་རྒྱ་བློན་འྭོང་ཀེར་ཞང་ཤེ་གཉིས་ཀྱིས་ཤགས་བཀྱེས་པའི་ཚིག་ལས།  “མགར་ཁྲི་འབྲིང་གྀས་ལན་བཏབ་པའ། མང་ཉུང་གྀ་ཁར་མྱི་དོར་རོ། བྱེ་འུ་མང་མང་ཡང་ཁྱ་ཆིག་གྀ་ཉོད་པའ། ཉེ་འུ་མང་མང་ཡང་སྲམ་ཆྀག་གི་ཉོད་པ། ། ཤ་བ་རྭ་མང་སྟེ་འགྱེན་ཏམ། གཡག་རུ་ཐུངེ་སྟེ། འགྱེན་པ་བལྟསོ། ཐང་ཤིང་ལོ་བརྒྱའ་སྐྱེས་པ་ཡང་། ། སྟ་རེ་གཅིག་གྀ་དགྲའོ ། །ཞེས་དང་། ཆུ་ཟངས་གང་གྀ་ནང་ན། ། ལན་ཙ་ཁྱོར་གང་བཏབ་ན། ། ཆུ་བྲོ་འམ། ། ལན་ཙ་བྲོ་བ་བལྟ་འོ། ཡང་དེ་ལས། ང་འྀ་རྫིདམག་ནི་རྩ་མང་པོ་ལ་ཟོར་བ་གཆྀག་གིས་གཅོད་པ་དང་མཚུངསྟེ་ཆོད་ཀྲང་། ། གཡག་ཆེད་པོ་ལ་མདའ་ཕྲ་མོས་འཕང་སྣ་སོད་ཀྲང་”②ཞེས་གཏམ་ལན་གནད་དུ་འཁེལ་བ་མཛད་འདུག་པ་ལྟ་བུ་སྟེ། འདིར་ཡང་ཕ་རོལ་བོ་ལས་བློ་རིག་པ་དང་ལུས་དཔའ་རྩལ་ཕྱོགས་ཡོངས་ནས་རྣམ་པར་རྒྱལ་ཆེད་འབད་བརྩོན་ལྷོད་མེད་བྱས་པ་སྟེ། དྲི་ལན་གནད་དུ་འཁེལ་ལ་དངོས་པོའི་ཆོས་ཉིད་དང་མཐུན་པར་མ་ཟད། ཤགས་འགྱེད་བཞིན་ཚོར་འདུ་ཤུགས་དྲག་པའི་ཁྱད་ཆོས་ཀྱང་འབུར་དུ་ཐོན་ཡོད་དོ ། ། 
གསུམ། ཚིག་དོན་སྡུད་ཆེ་ལ་གཏན་ཚིགས་ཀྱི་རང་བཞིན་ལྡན་པ།   
         རྫིག་ཅེས་པ་ཉ་ཉུང་ཉོག་བསྲེས་ཀྱི་སྐད་ཆའི་ཕུང་བོ་མ་ཡིན་ལ། ལ་བཤད་ལུང་བཤད་ཀྱི་རྗོད་པ་མགོ་མཇུག་མི་གསལ་བ་ཞིག་ཀྱང་མིན་པར། དེ་ནི་གྱོད་ཡ་ཕྱོགས་གང་རུང་གི་སྐད་ཆའི་ཉིང་ཁུ་ལྟ་བུ་ཡིན་དགོས་ཏེ། གྱོད་གཞི་གང་རུང་ཞིག་ཕ་རོལ་ལས་རྒྱལ་བའི་ཆེད་དུ་བཟོས་པའི་སྐད་ཆའི་ཪྙི་གུ་ཞིག་དང་ཡང་འདྲ་བར། གཞན་དག་ཤེས་མེད་ཚོར་མེད་ངང་དྲི་བའི་ཪྙི་རུ་ལྷུང་ཞིང་ལྐུགས་པར་བྱེད་ལ། དོགས་པའི་རྒྱ་རུ་ཚུད་དེ་རྨོངས་བར་བྱེད་ཀྱང་དགོས་པས། ཁ་དཔེ་ལའང་སྐད་ཆ་མང་ན་འཕྱུག་འགྲོ།  སྐུད་པ་རིང་ན་ཆད་འགྲོ་ཞེས་པ་ལྟར་སྐད་ཆ་མང་ན་ནོར་འཁྲུལ་འབྱུང་སླ་བས་ཚིག་སྡུད་ཆེ་ཞིང་བརྗོད་དོན་གནད་དུ་ཐིངས་པ། གཏེན་ཚིགས་ངེས་ཅན་གྱིས་ཕྱུག་པ་ཞིག་ལ་ཕྱོགས་གཉིས་ཀས་ཅིས་ཀྱང་བརྩོན་དགོས་པ་ཞིག་སྟེ་དཔེར་ན།  “སྦྲ་མཐིང་སྨུག་གི་སྒོ་དར་རླུང་གིས་བསྐྱོད་ས། གདན་ཕྱིང་དཀར་གྱི་ཁ་ཆུ་ཐིང་ངེ་འཁྱིལ་ས། ཕ་ཁྲིམས་ཀྱི་བཀའ་དོག་ས། མ་ཁྲིམས་ཀྱི་སོ་རྣོ་ས། གཟུ་བ་ཀླད་ཡིན་ས། གྱོད་པ་ཐད་ཡིན་ས་འདི་ནས། ཁྱོད་རྒྱ་མཚོའི་ནང་ལ་རྡོ་འཕེན་ས་དང་། ཁྲོམ་ར་ནང་ལ་ཚིག་བཤད་སར་ཐོན་ན། ཐོག་མར་ཁྱོས་སོ་སུམ་ཅུའི་དུང་སྒོ་ཕྱེས་ནས། ལྕེ་དར་མའི་མདུད་པ་བཤིག་ནས། ཁྱོད་མགོ་དར་འཕྲུ་ཅན་གྱི་རྨོག་དཀར་བྱེད་རྒྱུ་ཡིན་ད། རྒྱབ་ལནྫ་ཅན་གྱི་ཁྲབ་དཀར་བྱེད་རྒྱུ་ཡིན་ད། ལག་བ་དན་ཅན་གྱི་མདུང་མོ་བྱེད་རྒྱུ་ཡིན་ལན་ཐོབས”①ཞེས་པ་ལྟ་བུའི་རྫིག་ལ་མཚོན་ན། ཚིག་ངོས་རྐྱང་བར་གོ་བ་མི་ལོན་རྒྱུ་ཅི་ཡང་མེད་མོད། དེའི་ཤུགས་བསྟན་ནམ་རྒྱབ་ངོས་ནས་ལན་ལྡོག་དཀའ་བའི་གནད་ཅིག་ཡོད་པ་མཇུག་གི་ཚིག་རྐང་གསུམ་པོའི་ནང་དུ་བསྡུས་ཀྱང་དོན་རྟོགས་ཐུབ་ལ། ཕ་རོལ་བོས་རེ་ཞིག་དྲི་ལན་མི་ཐོབ་པའི་གཏན་ཚིགས་ངེས་ཅན་ཞིག་ཀྱང་ལྡན་པ་རེད། སྐབས་འདིར་ཕ་རོལ་ཉན་པ་བོས་ཀྱང་སྡུད་ཆེ་བའི་ཚིག་དོན་གྱི་ཤུགས་བསྟན་ལས་སྣང་བརྙན་བསམ་གཞིགས་ཀྱི་རིག་སྟོབས་ལ་བརྟེན་ཅིང་། རྟོག་སྣང་གི་འཆར་སྒོ་རྒྱ་ཆེར་སྤེལ་ཏེ་ལྐོག་གྱུར་བའི་གནད་ཀྱི་སྒྲོ་འདོགས་ཆོད་པར་བྱས་ནས་ཕ་རོལ་བོའི་དྲི་བར་དྲི་ལན་ལྡོན་དགོས་པ་རེད། ཡང་དཔེར་ན་གྱོད་ཀྱི་མ་ལན་གོས་གསུམ་མམ་གྱོད་གཞི་དེ་འབྱུང་བའི་རྒྱུ་རྐྱེན་ཕ་རོལ་བོ་ལས་བྱུང་ཚུལ་གྱི་རྒྱུ་མཚན་དང་གནས་ལུགས་འདྲེན་པའི་རྫིག་ལ། སྔར་མི་སྡེ་གཉིས་གྱོད་ལ་ཆད་དེ་ཕ་རོལ་བོ་གྱོད་གཞི་སློང་བའི་གཤེད་མ་ལྟ་བུ་ཡིན་ཚུལ་བཤད་པ་ལ།  “རྐྱང་ཧོ་རེངས་ཀྱི་སྤྲིན་ཐོ་གནམ་ལ་མ་གཡུག་ན། དགུང་ཨ་སྔོན་གཡའ་རུ་གཡའ་དྭངས་སུ་འགྱུར་དོན་མེད། དགུང་ཨ་སྔོན་དེ་གཡའ་རུ་གཡའ་དྭངས་སུ་མ་གྱུར་ན། ནས་འབྲུ་དྲུག་སྔོན་མོ་དེ་སད་ཀྱིས་འཁྱེར་དོན་མེད། ནས་འབྲུ་དྲུག་དེ་སད་ཀྱིས་མ་ཁྱེར་ན། མཐར་ཞིང་བདག་རྒད་པོ་དེ་མུ་གེས་འཆི་དོན་ཡོད་ལ་མེད་རྫོས”②ཞེས་མི་རིགས་དང་ས་ཁུལ་གང་དེའི་བདེན་པར་འཛིན་པའི་བསམ་བློའམ་གནས་ལུགས་ཤིག་རྒྱབ་རྟེན་དུ་འཇོག་ཅིང་། དེ་ལ་རྒྱུ་འབྲས་ཀྱི་འབྲེལ་བ་ངེས་པར་གྲུབ་པ་ལྟར་གྱོད་ཀྱི་གཞི་མ་ནི་ཕ་རོལ་བོས་རྒྱུ་དེ་དང་འདི་ལྟ་བུ་བསགས་པ་ལས་བྱུང་བར་སྒྲུབ་པ་ལྟ་བུའོ ། རྫིག་ནི་བོད་མི་རིགས་ཀྱི་འཚོ་བ་ལས་བྱུང་ཞིང་འཚོ་བ་དངོས་ལས་བརྒལ་བའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཡིན་ལ། ལྷག་པར་སྔོན་དུས་སུ་གྱོད་དོན་ཐག་གཅོད་སྐབས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་པས། སླར་ཡང་མི་དམངས་ཀྱི་འཚོ་བའི་གྲུ་ཟུར་གང་རུང་ནས་ཀྱང་རྫིག་གི་རྣམ་པའམ་གྲིབ་གཟུགས་མཐོང་ཐུབ་སྟེ། ཧོར་གླིང་གཡུལ་འགྱེད་ལས།  “ད་ལོ་ཧོར་དམག་ཚུར་ཡོང་འདི། ། སྡོང་བོ་ལན་ནམ་ལོ་མ་ལན། ། ལྗང་ཆུང་ལན་ནམ་འབྲས་བུ་ལན། ། ལྷོ་སྤྲིན་ལན་ནམ་བ་མོ་ལན། ། ལན་ངེས་པའི་རྩ་བ་སུ་ལ་ཐུག། སྡོང་བོ་ལན་ན་རྩ་བ་འབྲེག། ལོ་མ་ལན་ན་རྩེ་ནས་བཞར། ། ལྗང་ཆུང་ལན་ན་ཐན་པས་བསྲེག། འབྲས་བུ་ལན་ན་སེར་རྒོད་འབེབས། ། ལྷོ་སྤྲིན་ལན་ན་རླུང་གིས་གཏོམ། བ་མོ་ལན་ན་སྨུག་པས་འགེབས། ། ལན་ཆེ་བའི་རྩ་བ་སུ་ལ་ཐུག”①ལྟ་བུ་རྩོམ་རིག་གི་རྣམ་པའམ་འཚོ་བའི་གྲུབ་ཆ་གཞན་དང་གཞན་དུའང་རྫིག་གི་བློ་ཐབས་འགོད་དང་བཀོལ་བཞིན་པའོ།། 
བཞི། གབ་སྦས་སམ་འཁྱོག་བརྗོད་ཀྱིས་བརྒྱན་པ།   
         སྤྱིར་སྲིད་ཀྱི་ལས་དོན་མང་བོ་ཞིག་གསང་རྒྱར་འཛིན་དགོས་ཤིང་། བོད་བཙན་པོའི་སྐབས་སུའང་ལྡེའུའི་རིག་པ་བཀོལ་ཏེ་ཕ་རོལ་བོ་ལས་རྣམ་པར་རྒྱལ་བའི་སྐོར་མང་སྟེ། བཙན་མོ་སད་མ་ཀར་གྱིས་གཡུ་རྙིང་བསྐུར་བའི་སྐོར་དང་། བློན་པོ་མགར་རྒྱ་ནག་ཏུ་རྒྱ་བཟའ་སློང་བར་ཆས་ཏེ་ཕྱིར་ཕེབས་སྐབས་འཕྲིན་ལན་དུ་བཏང་བའི་གསང་གནད་མཚོན་པའི་སྐད་ལྟ་བུ་མང་ངོའོ། ། ཡང་རྫིག་ནི་ལྡེའུའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས་འཁྱོག་པོར་བརྗོད་པའམ་གབ་སྦས་ཀྱི་ཚུལ་དུ་བརྗོད་པའི་ཐུན་མོང་གི་ཁྱད་ཆོས་ཀྱང་བདོག་སྟེ། དཔེར་ན།  “ཁྱོས་ངའི་ཡང་དག་ལྷ་ལམ་དཀར་བོའི་ནང་ལ། མི་དག་འདྲེ་མོའི་རྐང་རྗེས་ཟིག་བཀོད་ཡོད་ལ་མེད། ངའི་འབྲུ་དྲུག་ནས་ཀྱི་ཞིང་ནང་ལ། ལྟས་ངན་ཙི་གུའི་རྔ་རྗེས་ཟིག་ཕབ་ཡོད་ལ་མེད་ལྟ་བུ་དང་། ས་འདི་ནས་ཡར་ལ་ལྟོས་ར། རི་སེར་གསུམ་གྱི་རྩེ་མོ་དགུང་ལ་མཉམ་ནོ། ཆུ་དྭངས་མོའི་འབབ་སྐད་རྫ་ལ་རྒྱག་ནོ། ཕོ་རྫ་ཁྲོབ་ཁྲོབ་ཟེར་ས་བོ། མོ་རྫ་གཡུ་སྐད་གྲགས་ས་བོ་འདི་ན། རྩྭ་ཡར་སྐྱེས་སྨན་ཏོག་གི་རྩེ་མོ་མེད་ནོ། རྩྭ་མར་སྒུར་བཟང་དྲུག་གི་རྩ་བ་མེད་ནོ།  སྐྱ་ཐིང་ངེ། སྐྱོ་ལྷང་ངེ་ཡོད་ནོ་འདི། ཁྱོས་ཤྭ་ཡིས་ཟོས་ཐལ་ཟེར་རྒྱུ་ཡིན་ན། གླ་ཡིས་ཟོས་ཐལ་ཟེར་རྒྱུ་ཡིན། དྲིས་ཀི་ཨ་ལན་དྲང་ཀི་ཆུགས། བཤད་ཀི་སྐད་མགོ་གསལ་ཀི་ཆུགས”②ཞེས་པ་ལྟ་བུ་གྱོད་གཞི་བཤད་པར་ཐད་ཀར་དུ་ཁྱོད་ཀྱིས་ངེད་ལ་མི་འདོད་པའི་བྱ་བ་འདི་བྱས་སམ་མ་བྱས། ངའི་རྟ་བརྐུས་སམ་མ་བརྐུས། ཁྱོད་ཀྱིས་ངེད་ཀྱི་རྩྭ་ཟོས་སམ་མ་ཟོས་ཞེས་པ་ལྟ་བུ་བྲོ་མེད་ཀྱི་ཚིག་ནག་མ་ཡིན་པར། འབྱོར་ལ་རྒྱུས་ཆེ་བའི་དཔེ་ཡིས་རབ་ཏུ་བརྒྱན་ཏེ་ཕ་རོལ་བོར་འཁྱོག་པོར་བརྗོད་པའམ་བསྡུས་པའི་ཚུལ་གྱིས་བརྗོད་པས། བོད་སྐད་ཤེས་མཁན་སུས་ཉན་ཀྱང་ཡིད་དབང་འགུག་ལ་རབ་རིབ་ཀྱི་མཛེས་ཚོར་དབང་མེད་སྐྱེ་ཐུབ་པ་ཞིག་ཡིན་ནོ། །  
         རིག་གཞུང་ངམ་རིགས་ལམ་གང་ཞིག་ཡིན་རུང་དེ་ལ་དམིགས་བསལ་ལམ་གཏན་འཁེལ་གྱི་ཐག་གཅོད་བྱེད་ཐབས་ཤིག་མེད་པར། རང་རང་སོ་སོའི་བློ་གྲོས་ལ་བརྟེན་ནས་དོན་རྐྱེན་གང་རུང་ཐག་གཅོད་བྱེད་པའམ་གནད་དོན་བྱེ་བྲག་པར་བྱེ་བྲག་གི་ཐག་གཅོད་བྱེད་ཐབས་སྤྱད་ན་འཚམ་པ་ལྟར། ལྡེའུའི་རིག་པའམ་རྫིག་གི་རྡེབ་སྟངས་གང་ཡིན་རུང་གྱོད་དོན་ཁོ་ནར་བཀོལ་དགོས་པ་ཞིག་མ་ཡིན་པར། འཚོ་བའི་ཁྲོད་ཀྱི་གནད་དོན་གང་རུང་ལའང་དེའི་རིགས་ལམ་འོས་འཚམ་གྱིས་བཀོལ་ཆོག་ཆོག་ཡིན་ཏེ། གླིང་སྒྲུང་ལས།  “དེའི་ཕྱི་ཉིན་མགར་བས་བུ་ཆུང་ནང་ལ་བོས་ནས། བུ་ཆུང་ཁྱོད་ཀྱིས་ལས་ཀ་ཅི་ཤེས་དྲིས་པས། ངས་ཆོས་མེད་ཀྱི་འཁོར་ལོ་མི་བསྐོར། ཕྱི་དགྲ་ནང་ལ་མི་ལེན། ནང་གི་རྒྱུ་རྫས་ཕྱི་ལ་མི་འཕུད། དེ་མ་གཏོགས་ལས་ཀ་ཅི་ཡིན་ཡང་ཤེས་ཟེར། མགར་བས་དེ་རྣམས་ལས་དགོས་རྒྱུ་ཞིག་མ་རེད། དེ་མ་ཡིན་པའི་ལས་ཀ་རེ་ཤེས་ན་གལ་ཆེ་ཟེར། དེའི་ཕྱི་ཉིན། བུ་ཆུང་ཁྱོད་ཀྱིས་ལག་བསྐོར་གྱིས་རྩམ་པ་འཐག་ཨེ་ཐུབ་ཟེར་བས། ངས་ལག་བསྐོར་མི་ཤེས། ཁ་སང་ཁྱོད་ལ་ཆོས་མེད་ཀྱི་འཁོར་ལོ་མི་བསྐོར་ཟེར་བ་དེ་ཡིན་ཟེར། འོ་ན་ཁྱོད་ཀྱིས་ཁང་བའི་ནང་དུ་རྡུལ་ཕྱགས་ཡག་པོ་ཞིག་བྱེད་དགོས་ཟེར། ཨ་ཕ་ལགས། ངས་ཁ་སང་ནང་གི་རྒྱུ་རྫས་ཕྱི་ལ་མི་འཕུད་ཟེར་བ་དེ་ཡིན་ཟེར། འོ་ན་ཁྱོད་དེ་རིང་བུད་ཤིང་འཐུ་རུ་སོང་ཟེར་བས། དེ་ངས་ཁ་སང་ཕྱི་དགྲ་ནང་ལ་མི་ལེན་ཟེར་བ་དེ་ཡིན་ཟེར”①ཞེས་པ་ལྟ་བུ་སོགས་ནི་རྫིག་གི་རིགས་ལམ་དེ་སྤྱི་ཚོགས་འཚོ་བར་རྒྱུན་འབྱམས་སུ་སོང་བའི་རྣམ་པར་མཐོང་ཞིང་། ཡང་མྱང་ཚ་དཀར་རྒྱན་གྱིས་རང་གི་བུ་ལ་གསེར་སྲང་བདུན་བསྐུར་ཚུལ་སོགས་ལས་ཀྱང་དེ་དག་གི་རྣམ་པ་དྲན་འཛིན་གྱི་ཡོལ་གོར་ངོས་སུ་མངོན་སུམ་འཆར་ཐུབ་པའོ། །                
གསུམ་པ། རྫིག་གི་བྱེད་ནུས།
         བོད་གནའ་རབས་ཀྱི་ངག་རིག་ལྡེའུ་ནི་ཤེས་བྱའི་གནས་ལུགས་རྟོགས་པའམ་བློ་སྒོ་འབྱེད་ཅིང་རྟག་པར་སྲིད་སྐྱོང་བའི་ཕྱོགས་སུ་བཀོལ་བར་མངོན་ལ། དུས་ཀྱི་འགྱུར་བ་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འགྲོས་དང་བསྟུན་ནས་ལྡེའུ་འདིའང་སྔར་ལས་ཆ་ཚང་ངམ་སྣ་འཛོམས་རང་བཞིན་ཅན་དུ་གྱུར་བ་སྟེ། ཐོག་མར་ཁེད་ཀྱི་རྣམ་པ་ཆིག་རྐྱང་བའམ་ཁེད་ཙམ་དུ་འདོད་ཀྱང་ཆོག་མོད། སྤྱི་ཚོགས་ཀྱི་ལམ་ལུགས་དང་ངོ་བོར་འགྱུར་ལྡོག་བྱུང་ཞིང་མི་རྣམས་ཀྱི་བློ་རིག་ཇེ་རྒོད་དུ་སོང་བའི་སྐབས་སུ་སྔར་བཞིན་ཁེད་ཙམ་གྱིས་རྒྱལ་སྲིད་བསྐྱངས་སོ་ཟེར་ན་ཅུང་ཟད་མི་འཚམ་ལ། བོད་རྒྱལ་སྤུ་དེ་གུང་རྒྱལ་དུས་ཀྱི་མགུར་གླུ་སོགས་ལས་ཀྱང་སྐབས་དེ་དང་དེའི་ཡར་མར་གྱི་མི་རྣམས་ཀྱི་བསམ་བློའི་ཆུ་ཚད་རྟོགས་ནུས་ཤིང་། སྐབས་དེ་དང་དེ་དག་གི་མཇུག་ཏུ་ཁེད་ཙམ་བཤད་པས་རྒྱལ་སྲིད་སྐྱོང་མི་ནུས་པར་འདོད། དེས་ན་ལྡེའུའི་གབ་བའི་ནང་དོན་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་སོང་བ་དང་གབ་བྱེད་ཚིག་སྦྱོར་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཏེ་ངག་ལྡེའུ་དང་ཡིག་ལྡེའུ་སོགས་སུ་གྱེས་ཤིང་། ངག་ལྡེའུ་ཀྱང་རྩེད་མཚར་སོགས་སུ་སྤྱོད་པའི་ཁེད་དང་ཤགས་འདེབས་དང་གྱོད་བཤད་སོགས་སྲིད་ཕྱོགས་སུ་སྤྱོད་པའི་རྫིག་སོགས་སུ་གྱེས་པར་འདོད་དོ། །  
ལྡེའུ་ནི་ཁེད་དམ་ཁེད་དང་ཆ་འདྲ་བ་ཞིག་གམ་བརྗོད་བྱའི་དོན་དངོས་གབ་སྟེ་ཕ་རོལ་བོར་མགོ་རྨོངས་པར་བྱེད་པ་ཞིག ཡང་ན་ཆབ་སྲིད་ཀྱི་གསང་བརྡ་སྟོན་བྱེད་ཅིག་ཅེས་པ་སོགས་ལ་རགས་པར་བསམ་ན། ཐོག་མའི་ལྡེའུ་ལ་ཨ་ཆགས་ཆགས་དགུ་དང་ཐེམ་ཉེར་ལྦ་བ་ཆེ་སོགས་དཔེ་རུ་དྲངས་འདུག་པའང་དོན་ལ་གནས་ཤིང་། དེ་དག་གི་རྨང་གཞིའི་སྟེང་ནས་ཁྱབ་ཆེ་བའི་སྒོ་ནས་ཆབ་སྲིད་སྐྱོང་བྱེད་ཀྱི་ལྡེའུ་དང་རྩེད་མཚར་གྱི་ལྡེའུ་སོགས་སུ་གྱེས་ཏེ་ད་ལྟ་དམངས་ཁྲོད་དུ་གྲགས་པའི་རྫིག་དང་ཁེད་སོགས་བྱུང་བར་འདོད་ན་འཚམ་པར་འདོད། དེ་ལས་ལྡེའུའམ་རྫིག་གིས་བརྗོད་བྱའི་དོན་དངོས་གབ་སྟེ་ཕ་རོལ་བོར་བརྡ་སྟོན་པར་བལྟས་ན། སྐབས་དེའི་ལྡེའུའམ་རྫིག་གི་ཐོག་མའི་རྣམ་པ་དེའང་ཕལ་ཆེར་གསང་འཕྲིན་ལ་འབྲེལ་བ་ཆེ་བར་འདོད་དེ། ངག་གམ་བརྡ་ཐབས་སྣ་ཚོགས་བརྒྱུད་ནས་གསང་བ་སྐྱེལ་བ་ཞིག་ཡིན་པར་མངོན། དེ་བཞིན་རྫིག་བརྡབ་པའམ་རྫུ་གདབ་ཅེས་པའི་གདབ་ནི་མཚོན་ཆ་དང་དབྱུག་པ་སོགས་ལ་གོ་བའང་འདུག་པས། རྫིག་ཅེས་པའང་ངག་ལྡེའུ་ཙམ་དུ་མ་ཟད་པར། རྫས་ལྡེའུ་ཡི་ནུས་པའང་ཞར་ལ་ཡོད་དམ་སྙམ་ཡང་འགོད་དུ་རུང་བའི་དཔེ་མཚོན་མ་ཪྙེད། གང་ལྟར་ངག་ལྡེའུ་ཡི་རིགས་སུ་གྱུར་བའི་རྫིག་ནི་བརྗོད་བྱ་དངོས་གབ་སྟེ་ཕ་རོལ་བོར་གསང་འཕྲིན་གཏོང་བའམ། རིག་པ་འགྲན་ཏེ་ཕ་རོལ་བོ་ལན་མེད་པར་བཏང་རྗེས་རྒྱལ་ཁ་བླངས་པ། ལྷག་པར་འགལ་ཟླ་ལས་བྱུང་བའི་གྱོད་དོན་སྣ་ཚོགས་ཐག་གིས་གཅོད་པའམ། གྱོད་ཀྱི་གཞི་མ་གསལ་བོར་རྟོགས་པར་མེད་དུ་མི་རུང་བའི་སྲིད་སྐྱོང་བྱ་ཐབས་ཤིག་སྟེ།  “བོད་བློན་རྣམས་རྫུས་མའི་སྤྲང་བོ་ཞིག་བཏང་བྱུང་ངོ་། དེར་བློན་པོ་ལོག་པའི་སྐད་བྱས་ཏེ་ར་ཕོ་རྒྱ་བོ་ལ་ངོ་ཤེས་མི་བྱའོ ། །ཁ་རོག་སྡོད་ལ་ཀུ་ཅོ་ཐོང་། ། ནག་མོ་ལྕགས་མཁར་ཐུག་ནས་ཡོད། ། ལུང་པ་ཕུ་བརྡུག་མདའ་བརྡུགས་སུ། ། ཐུ་རུ་ཅོ་བྲགས་ཁོང་ལ་ཞོག། དར་དཀར་དྲིལ་ལ་དར་ནག་བསྐྱོད། ། ཟླ་བས་ཉི་མའི་རྩ་རུ་སླེབ”①ཞེས་པ་དང་། ཏུན་ཧོང་དུ་བཞུགས་པའི་བོད་ཀླི་ལོ་རྒྱུས་ཡིག་རྙིང་ལས། “བཙན་མོ་ལྷ་ལྕམ་སད་མ་ཀར་གྱིས་བཙན་པོས་མངགས་པའི་ཕོ་ཉ་ལ་བླངས་པའི་མགུར་ལ། མཆིལ་པ་འྀ་ནི་རུ་སྲུབས་ལ། ། སྟགི་ནྀ་ཤ་བཏགས་ཤིང་། ། གཡས་སུ་ནྀ་མ་ཡོ་ཤིག། གཡོན་དུ་ནྀ་མ་རྡལ་ཆིག། གཡས་སུ་ནྀ་ཡོ་བ་ན། ། སོ་བ་ནྀ་གྲེ་བོ་ཆུང་། ། གཡོན་དུ་ནྀ་རྡལ་བ་ན། ། སྲམ་བུ་ནྀ་གོང་ཏེ་དངུལ། ། མར་གྱོ་ནྀ་ཆང་ཆང་ལ། ། གྱུར་གྱིས་ནྀ་མ་མནབས་ན། ། སིང་པྱི་ནི་གནངས་སླད་ན། ། སྲམ་གྱིས་ནྀ་འཚལ་ཏ་རེ ། ཟ་དུར་ནྀ་བཏབ་ཀྱང་རུང་”①ཞེས་པ་སོགས་ཀྱི་ངག་ལྡེའུ་དག་ཀྱང་སྐབས་དེའི་རྫིག་གི་གྲིབ་གཟུགས་རྨ་མེད་པ་ཞིག་ཏུ་མཐོང་ལ། ཡང་རྗེས་ཀྱི་བོད་སིལ་བུའི་སྐབས་སུ་རྗེ་བཙུན་མི་ལ་རས་པའི་ཡུམ་མྱང་ཚ་དཀར་རྒྱན་གྱིས།  “རང་རེ་མ་བུ་གཉིས་ཀའི་ཕྱིར་དུ་སྲོག་ཟོན་དམ་པར་གྱིས། རྒྱགས་ཆད་ན་ལུང་བ་ཁ་བྱང་དུ་ལྟ་བ། སྤྲིན་ནག་པོ་ལྡིང་ཞིང་། སྐར་མ་སྨིན་དྲུག་འཆར་བའི་འོག་ན་རང་རེའི་ཉེ་ཚན་གྲོང་བ་བདུན་ཡོད་པས། དེ་ནས་རྒྱགས་ཅི་འདོད་ལོངས། རྩད་མ་ཆོད་ན་ལུང་བ་དེའི་ནང་ན་རྣལ་འབྱོར་བ་འདི་རང་བཞུགས་པ་ཡིན་པས་གཞན་དུ་མ་འདྲི་བྱ་བ་ཞིག་འདུག”②པ་སོགས་གང་ལ་བལྟས་ཀྱང་ད་ལྟའི་རྫིག་གི་འཕེལ་རྒྱས་ཀྱི་གོ་རིམ་ཞིག་ཏུ་ངེས་ཏེ། གསང་འཕྲིན་བཏང་སྟེ་དམག་བརྡ་རྒྱག་པའམ་གསང་བའི་སྒོ་ནས་བརྡ་སྟོན་པའི་ཐབས་ལམ་མཆོག་ཏུ་གྱུར་བ་ཞིག་ཡིན། དེ་བས་ན་ཐོག་མའི་རྫིག་གི་རྣམ་པ་བཅད་ལྷུག་གང་རུང་དུ་སྣང་ཞིང་། བརྗོད་བྱའི་དོན་ལ་འདུ་སྟོབས་ཞན་པའམ་རྗོད་བྱེད་ཚིག་ལ་ལྷུག་བརྗོད་ཀྱི་ཆའང་འདྲེས་པ་ལྟར་སྣང་ཡང་། དུས་ཀྱི་འཕེལ་འགྱུར་ཁྲོད་རྩ་བ་གཅིག་ལ་རྩེ་མོ་དུ་མར་གྱེས་ཏེ་སོ་སོའང་རང་གི་ཐུན་མིན་ཁྱད་ཆོས་ཤིག་ལ་འཕེལ་འགྱུར་བྱུང་སོང་བ་ཞིག་ཡིན། དེས་ན་ལྡེའུས་ཆབ་སྲིད་བསྐྱངས་ཞེས་པའང་རྫིག་གི་རྣམ་པར་གོ་ཆོག་ཅིང་དེའང་གཙོ་བོ་གསང་འཕྲིན་སྐྱེལ་བྱེད་ཀྱི་ལག་ཆ་ལྟ་བུའི་བྱེད་ནུས་ཏེ། ད་ལྟ་འཛམ་གླིང་གི་རྒྱལ་ཁབ་སོ་སོར་སྤྱོད་པའི་གློག་འཕྲིན་གྱི་ཚབ་བྱེད་ཆོག་ལ། གསང་འཕྲིན་དེ་དཀྲོལ་མཁན་ཀྱང་མི་ཁྱད་པར་བ་ཞིག་ཡིན་དགོས་པར་མ་ཟད་སྐད་འཁྱེར་མཁན་ཀྱང་མི་རང་ག་བ་ཞིག་གིས་མི་ནུས་པས་ངེས་པར་སྨྲ་བརྗོད་དག་ཅིང་ཡིད་འཛིན་བཟང་བ་ཞིག་དགོས་པ་རེད། རྫིག་གིས་གསང་འཕྲིན་སྐྱེལ་ནུས་པའི་རྨང་གཞིའི་སྟེང་ནས་རྫིག་གིས་གསང་བའི་སྒོ་ནས་གྱོད་དོན་ཐག་གཅོད་པའམ་གྱོད་གཞི་ལ་རྟོག་དཔྱོད་བྱེད་པའི་ཐབས་ལམ་ཪྙེད་པ་སྟེ། དེ་ཡང་མི་སུ་ལའང་ཤེས་སུ་མ་བཅུག་པར་གྱོད་དོན་ཐག་བཅད་པའི་དོན་མ་ཡིན་པར།  བརྗོད་བྱའི་དོན་དངོས་གབ་སྟེ་རྗོད་བྱེད་དཔེ་འཇོག་དང་འཁྱོག་བརྗོད་ཀྱི་སྒོ་ནས་བརྡ་སྤྲོད་པ་དང་། སླར་ཡང་བརྡ་ལན་ལྡོན་པ་སོགས་ཀྱི་བྱེད་ཐབས་ཁྱད་པར་བ་ཞིག་ཡིན་པས་ན་རྫིག་ལ་ཆབ་སྲིད་སྐྱོང་བའི་བྱེད་ནུས་ལྡན་ནོ་ཞེས་ཀྱང་སྨྲའོ།                       
སྡོམ་བྱང་།
         འཇུ་མི་ཕམ་རིན་པོ་ཆེས།  “ལྡེའུ་ནི་ད་ལྟ་སྡེབས་རྒྱགས་པའམ་བསྐུལ་བར་ཡང་གྲགས་ཞེས་བཤད་དེ། གྲོང་བ་ཕལ་བ་དག་གི་ཁ་མཚར་གྱི་གབ་ཚིག་དང་ཆ་འདྲ་བའོ”①ཞེས་ལྡེའུ་དང་ཁེད་གཉིས་ཆ་འདྲ་བ་ཞིག་ཡིན་པར་གསུངས་པ་ལས་ལྡེའུ་དང་ཁེད་གཉིས་ཡོངས་སུ་གཅིག་གོ་ཞེས་ཁ་ཚོན་བཅད་མི་འདུག་ལ། མཁས་དབང་ནམ་མཁའི་ནོར་བུས།  “ཁེགས་འདི་རིགས་ལྡེའུ་དངོས་མིན་ནའང་ལྡེའུ་ཞེས་པ་དེའི་ཆ་ལག་ཅིག་ཡིན་ངེས་པ་དང་། གནའ་བོའི་མི་བརྒྱུད་རྣམས་ཀྱིས་ཀྱང་ཁེགས་འདི་རིགས་བེད་སྤྱོད་བྱས་ཡོད་པ་ལ་ཐེ་ཚོམ་ཅི་ཞིག་ཀྱང་མེད། འོན་ཀྱང་ལྡེའུ་ཞེས་པ་དེ་ཁེགས་རིགས་ཁོ་ནར་ངོས་འཛིན་པ་དེ་ནི་ནོར་ཚབས་ཤིན་ཏུ་ཆེ་བ་ཞིག་སྟེ”②ཞེས་པའི་ཁེགས་ནི་ཁེད་ལ་ངོས་འཛིན་དགོས་ཤིང་། ཁེད་ནི་ལྡེའུའི་བྱེ་བྲག་ཅིག་ཡིན་པ་ལས་ལྡེའུ་དང་ཁེད་ནི་བརྡ་གསར་རྙིང་གི་ཁྱད་པར་རམ་དོན་གཅིག་མིང་གི་རྣམ་གྲངས་ཙམ་མིན་པའང་གསལ་བོར་བསྟན་ཡོད་པ་རེད། དེས་ན་ཁེད་ཅེས་པ་ནི་དམངས་ཁྲོད་དུ་དར་ཆེ་ཞིང་ཚོགས་ཀྱི་དབུས་སུ་ཀུ་རེ་བྱེད་པ་དང་རིག་པ་འགྲན་པ་སོགས་ཀྱི་དོན་རྗོད་བྱེད་ཚིག་གིས་སྦས་ནས་བཤད་ཅིང་། དེ་ཨེ་ཁེད་མི་ཁེད་བལྟ་བའི་གབ་ཚིག་རིགས་ཤིག་སྟེ། དཔེར་ན་སྟོད་ཀི་ཆུ་རྡོ་དམར་ཡག   ཇ་རྟའི་གྲི་ཟིག་བཏགས་ཡོད། སྨད་ཀི་ཕ་ལོང་ཧྲེ་བོ།  གོས་དཀར་པོའི་ལྭ་ཟིག་མནབས་ཡོད། ཅི་ཁེད་ཅེས་པའི་ལན་དུ་རིམ་བཞིན་གློ་དང་གྲོད་པུ་ཞེས་ལན་འདེབས་པ་ལྟ་བུ་རྩེད་མཚར་རམ་རིག་པ་སྦྱོང་བར་ཕན་པའི་དམངས་ཁྲོད་ཀྱི་རྩེད་རིགས་ཤིག་ཡིན་ལ། རྫིག་ནི་མི་སྒེར་རམ་ཚོགས་པ་གང་རུང་ཕན་ཚུན་གྱོད་ལ་ཐུག་པའི་ཚེ།    གྱོད་པས་གཟུ་བ་བརྒྱུད་ཕན་ཚུན་ལ་དཔེ་སོགས་རྒྱན་གྱིས་སྤྲས་ཤིང་གབ་སྦས་ཀྱི་ཚུལ་གྱིས་དྲི་བ་འདོན་པའི་ངག་རིག་སྒྱུ་རྩལ་ཞིག་ཡིན་པས་གཙོ་ཆེར་གྱོད་བཤད་སོགས་སུ་བཀོལ་བ་རྒྱུག་ཆེ་ཞིང་། ཁེད་དང་འདྲ་བར་རྩེད་མོ་ཙམ་དུའང་མ་ཡིན་པར་གཟབ་ནན་དང་ཆགས་སྡང་གིས་གཏམས་པའི་ལྡེའུའི་རིགས་ཤིག་ཏུ་འདོད། རྫིག་དང་ཁེད་ཀྱི་བྱེད་ནུས་ཐད་ལ་བསམ་ནའང་ཁེད་ཀྱིས་རྒྱལ་རབས་ཉེར་བདུན་རིང་ཆབ་སྲིད་སྐྱོང་རྒྱུ་ཁེགས་པོར་སྣང་སྟེ། དྲང་བོ་ཐེམ་རིས་ལྦ་བ་ཆེ་ཅི་ཡིན་ཞེས་པ་ཁེད་ན་རྒྱལ་བ་དང་མ་ཁེད་ན་ཕམ་པའམ། ཨ་གཅིག་ཆ་གཅིག་ཅི་ཁེད་ཅེས་ཁེད་ན་རྒྱལ་བ་དང་མ་ཁེད་ན་ཕམ་པར་བརྩི་བ་ཙམ་གྱིས་གནས་ལུགས་དང་བདེན་པ་རྟོགས་དཀའ་ཞིང་མང་ཚོགས་ཀྱི་ཡིད་སེམས་ཀྱང་ཚིམ་དཀའ་བས། ལྡེའུས་ཆབ་སྲིད་བསྐྱངས་ཞེས་པའང་གཙོ་བོ་དམངས་ཁྲོད་གྱོད་བཤད་ཁྲོད་ད་དུང་གྲིབ་གཟུགས་མ་ཡལ་ཙམ་གྱི་ངག་རིག་སྒྱུ་རྩལ་རྫིག་ཅེས་པར་གོ་དགོས་ཤིང་། ལྡེའུ་དང་ཁེད་གཉིས་ཀུན་ནས་མཚུངས་པ་མ་ཡིན་པར་དེ་ལ་སྤྱི་བྱེ་བྲག་གི་ཁྱད་པར་ཡོད་ཅིང་རྫིག་ཅེས་པའང་ཁེད་དང་འདྲ་བར་ལྡེའུའི་བྱེ་བྲག་ཅིག་གོ། །  
         (རྩོམ་པ་པོ་ངོ་སྤྲོད། ཀླུ་དབང་རྒྱལ་པོ།   ཕ་ཡུལ། མཚོ་སྔོན་མགོ་ལོག   ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི2012ལོའི་ཤེས་རམས་པ། ) (མཛུབ་སྟོན་དགེ་རྒན། བཀའ་མགོན། ) 
①ནམ་མཁའི་ནོར་བུ། ནམ་མཁའི་ནོར་བུའི་གསུངས་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009ལོར་པར། ཤོག་ངོས་249
②རྭ་ཡུམ་སྐྱབས། དམངས་ཁྲོད་ཀྱི་བཤད་པ་གཅེས་བསྡུས། མང་ཚོགས་སྒྱུ་རྩལ། 2001(4)ཤོག་ངོས་64
③དོན་གྲུབ་དབང་རྒྱལ་དང་ནོར་སྡེ། མགོ་ལོག་ལོ་རྒྱུས་དེབ་ཐེར།[ M]ཟི་ལིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  1992ལོར་པར། ཤོག་ངོས་63
①བཙན་ལྷ་ངག་དབང་ཚུལ་ཁྲིམས། བརྡ་དཀྲོལ་གསེར་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། །  [ M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1997ལོར་པར། ཤོག་ངོས་75l
①རྗེ་ཙོང་ཁ་པ། ལེགས་བཤད་གསེར་གྱི་ཕྲེང་བ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1986ལོར་པར། ཤོག་ངོས་351.
②གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010ལོར་པར།  ཤོག་ངོས་24
①ཇོ་བོ་རྗེ་ཨ་ཏི་ཤ། བཀའ་ཆེམས་ཀ་ཁོལ་མ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 1989ལོར་པར། ཤོག་ངོས་5
②ཨོ་རྒྱན་གུ་རུ་གླིང་པ། བཀའ་ཐང་སྡེ་ལྔ། མི་རིགས་དཔེ་སྐྲུན་ཁང་། 1986ལོར་པར། ཤོག་ངོས་l15
③ལྡེའུ་ཇོ་སྲས། ལྡེའུ་ཆོས་འབྱུང་ཆེན་མོ་བསྟན་པའི་རྒྱལ་མཚན། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 1989ལོར་པར།  ཤོག་ངོས་105
④དཔལ་འབྱོར་བཟང་པོ། རྒྱ་བོད་ཡིག་ཚང་ཆེན་མོ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། 1986ལོར་པར།  ཤོག་ངོས་134
⑤དཔའ་བོ་གཙུག་ལག་ཕྲེང་བ། ཆོས་འབྱུང་མཁས་པའི་དགའ་སྟོན། མི་རིགས་དཔེ་སྐྲུན་ཁང་། 1986ལོར་པར། ཤོག་ངོས་164
①དུང་དཀར་བློ་བཟང་འཕྲིན་ལས། དུང་དཀར་ཚིག་མཛོད་ཆེན་མོ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2002ལོར་པར།  ཤོག་ངོས་l l72
①བཤད་མཁན།  LMJམཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་མི་ཡིན།
①མགོན་པོ་སྐྱབས། བོད་ཀྱི་ཤེས་རིག་དཔྱད་རྩོམ་ཕྱོགས་བསྒྲིགས། ཀྲུང་གོ་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་། 2000ལོར་པར།   ཤོག་ངོས་ l37
①བཤད་མཁན།  sNDzམཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གི་མི་ཡིན། 
②གཉའ་གོང་དཀོན་མཆོག་ཚེ་བརྟན། བརྡ་རྙིང་ཡིག་ཆའི་ཚིག་དོན་ཀུན་ཁྲོལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2010ལོར་པར།  ཤོག་ངོས་399.
①བཤད་མཁན།  LMJ.མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་མི་ཡིན། 
②བཤད་མཁན།  SNDZ.མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དགའ་བདེ་རྫོང་གི་མི་ཡིན།
①གཅོད་པ་དོན་གྲུབ་དང་ཆབ་འགག་རྟ་མགྲིན། ཧོར་གླིང་གཡུལ་འགྱེད། མི་རིགས་དཔེ་སྐྲུན་ཁང་། 2000ལོར་པར།ཤོག་ངོས་986
②བཤད་མཁན། fMJ.མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་གི་མི་ཡིན།
①གཅོད་པ་དོན་གྲུབ་དང་ཆབ་འགག་རྟ་མགྲིན། ཧོར་གླིང་གཡུལ་འགྱེད། མི་རིགས་དཔེ་སྐྲུན་ཁང་། 2000ལོར་པར། ཤོག་ངོས་1080
①ས་སྐྱ་བསོད་ནམས་རྒྱལ་མཚན། རྒྱལ་རབས་གསལ་བའི་མེ་ལོང་། མི་རིགས་དཔེ་སྐྲུན་ཁང་། 1981ལོར་པར། ཤོག་ངོས་119
①དབང་རྒྱལ་དང་བསོད་ནམས་སྐྱིད། ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ། མི་རིགས་དཔེ་སྐྲུན་ཁང་། 1992ལོར་པར།   ཤོག་ངོས་5
②རུས་པའི་རྒྱན་ཅན། མི་ལ་རས་པའི་རྣམ་མགུར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 1981ལོར་པར། ཤོག་ངོས་43
་①ཆབ་འགག་རྡོ་རྗེ་ཚེ་རིང་། བོད་ཀྱི་གབ་ཚིག་གི་བྱུང་འཕེལ་དང་ཁྱད་ཆོས་བརྗོད་པ། [J]བོད་ལྗོངས་ཞིབ་འཇུག 1989(1)ཤོག་ངོས་7
②ནམ་མཁའི་ནོར་བུ། ནམ་མཁའི་ནོར་བུའི་གསུངས་རྩོམ་ཕྱོགས་བསྒྲིགས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2009ལོར་པར།    ཤོག་ངོས་249