གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

རྒྱ་གར་གྱི་ལུགས་ཀྱི་བསྟན་བཅོས་བོད་སྐད་དུ་འགྱུར་བ།

སྤེལ་དུས 2018-06-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། རྒྱ་ཡེ་བཀྲ་བྷོ།
         རྒྱ་གར་གྱི་ལུགས་ཀྱི་བསྟན་བཅོས་བོད་སྐད་དུ་འགྱུར་ཅིང་ད་ལྟ་རང་རེའི་ཡིག་ཚང་དུ་དངོས་སུ་མཐོང་དུ་ཡོད་པ་ནི 《བསྟན་འགྱུར》དུ་བཞུགས་པའི་ལུགས་ཀྱི་བསྟན་བཅོས་རྣམ་བདུན་ཡིན།  དེ་དག་ནི་ཤེས་རབ་བརྒྱ་པ་དང་།  ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ། ལུགས་ཀྱི་བསྟན་བཅོས་སྐྱེ་བོ་གསོ་བའི་ཐིགས་པ། ལུགས་ཀྱི་བསྟན་བཅོས་ཚིགས་སུ་བཅད་པའི་མཛོད། ཚིགས་སུ་བཅད་པ་བརྒྱ་པ།  ཙ་ན་ཀའི་རྒྱལ་པོ་ལུགས་ཀྱི་བསྟན་བཅོས། ལུགས་ཀྱི་བསྟན་བཅོས་བཅས་ཏེ། སྡེ་དགེའི་བསྟན་འགྱུར་གྱི་ཐུན་མོང་བྱ་ལུགས་ཀྱི་བསྟན་བཅོས་ཀྱི་ཆོས་སྐོར་པོད་ངོ་པར་བཞུགས། བསྟན་བཅོས་སྔ་མ་གསུམ་གའི་མཛད་པ་པོ་ནི་སློབ་དཔོན་ཀླུ་སྒྲུབ་ཡིན་ལ། ཤེས་རབ་བརྒྱ་པ་ནི་རྒྱ་གར་གྱི་མཁན་པོ་སརྦ་ཛྙཱ་དེ་ལྦ་དང་ཞུ་ཆེན་གྱི་ལོ་ཙཱ་བ་དཔལ་བརྩེགས་ཀྱིས་བསྒྱུར། ལུགས་ཀྱི་བསྟན་བཅོས་ཤེས་རབ་སྡོང་བུ་དང་ལུགས་ཀྱི་བསྟན་བཅོས་སྐྱེ་བོ་གསོ་བའི་ཐིགས་པ་གཉིས་ནི་རྒྱ་གར་གྱི་མཁན་པོ་ཤི་ལེནྡྲ་བོ་ངྷི་དང་། ཞུ་ཆེན་གྱི་ལོ་ཙཱ་བ་ཡེ་ཤེས་སྡེས་བསྒྱུར། ཤེས་རབ་སྡོང་བུ་ནི་ལེའུ་གཉིས་པ་མ་གཏོགས་བོད་སྐད་དུ་མ་བསྒྱུར་པས་ལེགས་སྦྱར་གྱི་མ་རྩོམ་ལ་ཁྱོན་ལེའུ་དུ་ཡོད་མི་ཤེས། ལུགས་ཀྱི་བསྟན་བཅོས་ཚིགས་སུ་བཅད་པའི་མཛོད་ནི་སློབ་དཔོན་ཉི་མ་སྦས་པས་མཛད་ཅིང་།  ཟ་ཧོར་གྱི་མཁན་པོ་ཛྙཱ་ན་ཤཱནྟི་དང་།  བོད་ཀྱི་ལོ་ཙཱ་བ་དཔལ་གྱི་ལྷུན་པོའི་སྡེས་བསྒྱུར།  ཚིགས་སུ་བཅད་པ་བརྒྱ་པ་ནི་སློབ་དཔོན་ཆེན་པོ་མཆོག་སྲེད་ཀྱིས་མཛད། རྒྱ་གར་གྱི་མཁན་པོ་བི་ནཱ་ཡ་ཙནྡྲ་དང་། བོད་ཀྱི་ལོ་ཙཱ་བ་དགེ་སློང་ཆོས་ཀྱི་ཤེས་རབ་ཀྱིས་བསྒྱུར། ཙ་ན་ཀའི་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ནི་རྒྱ་གར་གྱི་མཁན་པོ་པྲ་བྷ་ཀ་ར་ཤྲཱི་མི་ཏྲ་དང་། ཞུ་ཆེན་གྱི་ལོ་ཙཱ་བ་དགེ་སློང་རིན་ཆེན་བཟང་པོས་བསྒྱུར། ལུགས་ཀྱི་བསྟན་བཅོས་ནི་མ་སུ་རཀྵས་མཛད། རྒྱ་གར་གྱི་མཁན་པོ་ཨཱ་ཙཱརྱ་ངྷརྨ་ཤྲཱི་བྷ་དྲ་དང་།  ལོ་ཙཱ་བ་དགེ་སློང་ཤཱཀྱ་བློ་གྲོས་སོགས་ཀྱིས་བསྒྱུར།    
          སྐབས་འདིའི་སློབ་དཔོན་ཀླུ་སྒྲུབ་ནི་བོད་ཀྱི་མཁས་པ་རིམ་བྱོན་གྱིས་ཐེག་པ་ཆེན་པོ་སྤྱི་དང་དབུ་མའི་ཤིང་རྟའི་སྲོལ་འབྱེད་དཔལ་ལྡན་འཕགས་པ་ཀླུ་སྒྲུབ་ཡིན་པར་འདོད་པས་དེའི་ལོ་རྒྱུས་ནི་ཡོངས་སུ་གྲགས་པ་ལྟར་ཡིན། སློབ་དཔོན་ཉི་མ་སྦས་པ་དང་། མ་སུ་རཀྵའི་ལོ་རྒྱུས་ནི་ཁོ་བོའི་མཐོང་ལམ་དུ་གྱུར་པའི་ཡིག་ཆ་དག་ལས་མ་བྱུང་བས་ཅུང་ཟད་ཀྱང་སྨྲ་བར་མི་ནུས། ཆོས་འབྱུང་མཁས་པའི་དགའ་སྟོན་དུ་འཇམ་དཔལ་རྩ་རྒྱུད་ཀྱི་ལུང་དྲངས་པ་ལས།    
          དེ་འོག་རྒྱལ་པོ་དགའ་བོ་ཞེས་བྱ་འབྱུང་། ། ཤ་ཟ་པི་ལུའི་སྔགས་གྲུབ་ལོངས་སྤྱོད་ན།  །    དེ་ཡི་གྲོགས་པོ་བྲམ་ཟེ་པཱ་ཎི་ཞེས། ། སྤྱན་རས་གཟིགས་ཀྱི་སྔགས་གྲུབ་བརྡ་སྤྲོད་བྱེད། །    བྲམ་ཟེ་མཆོག་སྲེད་ཅེས་བྱའང་དེ་ཚེ་འབྱུང་།  ། [1]   
          ཞེས་འབྱུང་བ་ལྟར་ན། བྲམ་ཟེ་མཆོག་སྲེད་ནི 《པཱ་ཎི་ནི་སཱུཏྲ》འམ་པཱ་ཎི་བྱ་ཀ་ར་ཎ་སྟེ《སྒྲ་མདོ་པཱ་ཎི་ནི》རྩོམ་མཁན་བྲམ་ཟེ་ཆེན་པོ་པཱ་ཎི་ནི་དང་དུས་མཉམ་ལ། བྲམ་ཟེ་པ་ཎི་ནི་སྤྱི་ལོའི་སྔོན་གྱི་དུས་རབས་བཞི་པར་བྱོན་པས། སྔར་བཤད་པའི་བྲམ་ཟེ་ཀ་ཨུ་ཊི་ལྱ་དང་འདི་གསུམ་ག་ཧ་ལམ་དུས་མཉམ་དུ་བྱོན་པར་ངེས། ཙ་ན་ཀ་ནི་ཀ་ཨུ་ཊི་ལྱ་དང་མི་གཅིག་ཡིན་པ་སྔར་བཤད་ཟིན་ཏོ། ། དེས་ན་བོད་སྐད་དུ་འགྱུར་པའི་ལུགས་ཀྱི་བསྟན་བཅོས་དེ་བདུན་གའི་རྩོམ་མཁན་ལྔ་བོ་ལས་སློབ་དཔོན་ཀླུ་སྒྲུབ་ནི་ནང་བའི་སློབ་དཔོན་ཡིན་ཡང་།  སློབ་དཔོན་གཞན་པ་བཞི་ག་ཕྱི་ནང་གང་ཡིན་མཐའ་གཅིག་ཏུ་ཁ་ཚོན་གཅོད་དཀའ།  ཁོང་དག་གིས་མཛད་པའི་ལུགས་ཀྱི་བསྟན་བཅོས་སུ་ནང་པ་ཡིན་པའི་དན་རྟགས་ལྟ་བུའི་ཚིག་ཀྱང་ཅུང་ཟད་རེ་འབྱུང་མོད།  སྤྱིར་ལུགས་ཀྱི་བསྟན་བཅོས་འདི་བདུན་གའི་ནང་དོན་ལ་ཕར་བསྲེས་ཚུར་བསྲེས་ཅུང་མང་བས། དེ་ཁོང་ཚོ་ནང་པ་ཡིན་པའི་སྒྲུབ་བྱེད་དུ་འགྲོ་དཀའ། དེ་དག་གིས་བྱས་པའི་ལུགས་ཀྱི་བསྟན་བཅོས་བཞི་གའི་བརྗོད་བྱའི་སྤྱི་བབ་ལ་དཔགས་ན་སློབ་དཔོན་དེ་ཚོ་ཕྱི་རོལ་བ་ཡིན་པའི་བཟོ་འདུག་པས། ཁོ་བོས་ནི་དེ་དག་ཕྱི་རོལ་པའི་སློབ་དཔོན་རྐྱང་ཡིན་པར་སེམས། ཤེས་རབ་སྡོང་བུ་ལས།      
          ཉེས་པའི་སྐྱོན་ནི་བྲེག་པར་གྱིས།  ། མགོ་བོ་བྲེག་པས་ཅི་ཞིག་གླ ། 
          གང་ཞིག་ཡིད་ཀྱི་གོས་མེད་ན།  ། རས་ཀྱི་ཆོས་གོས་ཅི་ལ་ཕན།  །    
          ཞེས་འབྱུང་བ་ནི་མུ་སྟེགས་གཅེར་བུ་པ་ཚོས་ནང་པ་སངས་རྒྱས་པ་རྣམས་ལ་གཟས་ནས་ཟུར་ཟ་བྱས་པ་ཨེ་ཡིན་སྙམ་པ་ཞིག་འདུག་མོད། འདིའི་རྩོམ་མཁན་སློབ་དཔོན་ཀླུ་སྒྲུབ་ཡིན་ཟེར་བ་རྒྱུན་འབྱམས་ཡིན་པས།  འདི་འདྲ་ལ་ཐུག་དུས་འོན་ལོང་གི་བརྟུལ་ཞུགས་བཟུང་ན་ལེགས་ཏེ། ནན་ཏན་ཆེ་རུ་བྱས་ཚེ།  ཡང་ན་ནི་སླད་ཞུགས་པ་ཡིན་ཟེར་དགོས། ཡང་ན་ནི་འོས་མཐུན་གྱི་འགྲེལ་བཤད་ཅིག་བྱ་དགོས། དེ་མིན་ན་འདིའི་རྩོམ་མཁན་ཀླུ་སྒྲུབ་གཞན་ཞིག་ཡིན་པར་ཁས་ལེན་དགོས་ཀྱང་། དེ་ནི་དཀའ་བར་སྣང་སྟེ། མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཞལ་ནས། རང་རེའི་ཁྲོད་ན་ཀླུ་སྒྲུབ་ཀྱི་མིང་ཐོགས་ཚད་རྩ་ཤེའི་རྩོམ་པ་པོ་དང་དོན་གཅིག་པས་ཁྱབ་པ་ཞིག་རྟག་པ་ཐེར་ཟུག་ཏུ་འདུག་པས་དེ་གར་ཟད། [1]ཅེས་གསུངས་པ་ལྟར་རོ།  །    
          ལོ་ཙཱ་བ་དཔལ་བརྩེགས་དང་།  ལོ་ཙཱ་བ་ཡེ་ཤེས་སྡེ།  ལོ་ཙཱ་བ་དཔལ་གྱི་ལྷུན་པོའི་སྡེ་གསུམ་ནི་དུས་རབས་བརྒྱད་པ་དང་དགུ་པར་བྱོན་པའི་ལོ་ཙཱ་བ་ཆེན་པོ་གསུམ་ཡིན་ཞིང་། དེ་ལས་ཀྱང་ལོ་ཙཱ་བ་སྔ་མ་གཉིས་ནི་བཙན་པོ་ཁྲི་སྲོང་ལྡེའུ་བཙན་སྐབས་བྱུང་བའི་ཡོངས་སུ་གྲགས་པའི་ལོ་ཙཱ་བ་དགུ་ལས་གཞོན་ཚར་གསུམ་གྱི་ཡ་གྱལ་གཉིས་སོ། ། དེ་ལྟར་ན་ཤེས་རབ་བརྒྱ་པ་དང་། ཤེས་རབ་སྡོང་བུ། སྐྱེ་བོ་གསོ་ཐིགས། ཚིགས་སུ་བཅད་པའི་མཛོད་བཅས་ལུགས་ཀྱི་བསྟན་བཅོས་དེ་བཞི་ག་ནི་སྤུ་རྒྱལ་བཙན་པོའི་དུས་སུ་བོད་སྐད་དུ་བསྒྱུར་པའོ། ། ལོ་ཙཱ་བ་རིན་ཆེན་བཟང་པོ་དང་།  ལོ་ཙཱ་བ་ཆོས་ཀྱི་ཤེས་རབ།  ལོ་ཙཱ་བ་ཤཱཀྱ་བློ་གྲོས་གསུམ་ནི་དུས་རབས་བཅུ་པ་དང་བཅུ་གཅིག་པར་བྱོན་པས། ཙ་ན་ཀའི་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་དང་།  ཚིགས་སུ་བཅད་པའི་མཛོད།  ལུགས་ཀྱི་བསྟན་བཅོས་བཅས་གསུམ་ག་ནི་བོད་སིལ་བུའི་དུས་ལ་སྔ་ཕྱིར་བོད་སྐད་དུ་བསྒྱུར།    
          སྔར་བཤད་པའི་ཀ་ཨུ་ཊི་ལྱའི་དོན་གྱི་བསྟན་བཅོས་རྩོམ་མཁན་ཀ་ཨུ་ཊི་ལྱ་ལ་མིང་གཞན་ཙ་ན་ཀ་ཟེར་ཞིང་། བསྟན་བཅོས་དེ་ལའང་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཙ་ན་ཀའི་རྒྱལ་པོའི་བསྟན་བཅོས་ཟེར་བ་བཤད་ཟིན་ལ།  གཞན་དུ་དེ་ལ་ཙ་ན་ཀའི་ལེགས་བཤད་བསྡུས་པ་ཟེར་བའང་ཡོད། [1] དེས་ན་དེ་དང་རང་རེའི་བསྟན་འགྱུར་ཁྲོད་ཀྱི་ཙ་ན་ཀའི་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་གཉིས་གཅིག་གམ་ཞེ་ན།  སྔ་མ་ནི་བསྟན་བཅོས་བམ་པོ་བཅོ་ལྔ་ལེའུ་བརྒྱ་ལྔ་བཅུའི་བདག་ཉིད་ཅན་དང་། ཕྱི་མ་ནི་བསྟན་བཅོས་ལེའུ་བརྒྱད་ཅན་ཞིག་ཡིན་པས།  དེ་གཉིས་གཅིག་མ་ཡིན་པ་དེ་ཙམ་གྱིས་ཀྱང་རྟོགས་ནུས།  གཉི་གའང་ཙ་ན་ཀའི་མིང་དང་འབྲེལ་ཞིང་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ཀྱང་ཡིན་པས་སོ་སོ་བ་ཡང་མ་ཡིན། དེས་ན་དེ་གཉི་གའི་འབྲེལ་བ་ཤེས་རྒྱུ་ལ་བསྟན་བཅོས་རང་ངོས་ནས་རྒྱུ་མཚན་འཚོལ་བ་ལས་ཐབས་གཞན་མ་མཆིས།   
          གང་ཞིག་ལེགས་པར་རྟོགས་པ་ཡིས། ། མི་རྣམས་ཀྱི་ནི་དོན་བྱེད་པ། །    
          རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ནི། ། སྣ་ཚོགས་ལས་བཏུས་བཤད་པར་བྱ། ། ཞེས་དང་།    
          གང་ཞིག་ཤེས་པ་ཙམ་གྱིས་ནི།  ། ཐམས་ཅད་རྟོགས་པ་ཉིད་འགྱུར་བའི།  །  
          ཙ་ན་ཀ་ལས་ཇི་སྐད་བཤད། ། རྩ་བའི་དོན་ནི་རབ་བཤད་བྱ། ། ཞེས་དང་།    
          རྒྱལ་པོ་ཙ་ན་ཀ་ཡི་བློས།  ། བསྟན་བཅོས་ཐམས་ཅད་ལེགས་བརྟགས་ནས།  །   
          ལོངས་སྤྱོད་ལྷ་ཡིས་བསྟངས་པ་དང་། ། ཁྱད་པར་ཤེས་པ་ཉིད་དུ་འགྱུར། ། ཞེས་དང་།   
          དཔལ་ལྡན་པ་ལ་ཏ་ཀའི་བུས། ། ལུགས་ཀྱི་བསྟན་བཅོས་ལས་བཏུས་པ།  །    
          ཐོས་པའི་ནོར་མེད་ས་སྟེང་ན།  ། ལོང་བ་ཡིན་སྙམ་བསམས་ཏེ་བྱས།  །   
          ཞེས་བོད་སྐད་དུ་འགྱུར་བའི་ཙ་ན་ཀའི་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ལས་བྱུང་བའི་ཚིགས་བཅད་འདི་བཞི་ག་ནི་དེར་དཔྱོད་པ་ལ་ཤིན་ཏུ་གནད་ཆེ།  འདིའི་ཚིགས་བཅད་སྔ་མ་གཉིས་ནི་ལེའུ་དང་པོར་བྱུང་ཞིང་། ཚིགས་བཅད་གཉི་གའི་ཚིག་དོན་དང་སྔོན་གྱི་བསྟན་བཅོས་རྣམས་ཀྱི་སྤྱི་འགྲོས་ལ་དཔགས་ན། འདི་གཉིས་བཤད་པར་དམ་བཅའ་བ་ཡིན་པ་ཤིན་ཏུ་གསལ་ལ།  ཅི་བཤད་པར་བྱ་ཞེ་ན།  སྤྱིར་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་སྣ་ཚོགས་ལས་བཏུས་ནས་དང་། སྒོས་སུ་ཙ་ན་ཀ་སྟེ་ཀ་ཨུ་ཊི་ལྱའི་དོན་གྱི་བསྟན་བཅོས་ལས་ཇི་སྐད་བཤད་པའི་རྩ་བའི་དོན་རྣམས་ཚིག་ཉུང་ངུར་བསྡུས་ནས་བཤད་པར་བྱའོ་ཞེས་པའི་དོན་ཡིན་པ་ཚིག་ལ་གསལ་བོར་ཐོན་ཡོད་པས། བསྟན་བཅོས་དེ་གཉིས་ནི་གཙོ་བོ་རྒྱས་བསྡུས་ཀྱི་ཁྱད་པར་ཙམ་ལས་བརྗོད་བྱ་ཕལ་ཆེར་གཅིག་པར་གོ་དགོས། ཚིགས་བཅད་ཕྱི་མ་གཉིས་ནི་ལེའུ་བརྒྱད་པ་སྟེ་བསྟན་བཅོས་ཀྱི་མཇུག་ཏུ་བྱུང་། སྔོན་གྱི་ལུགས་ལ་བསྟན་བཅོས་ཀྱི་མཇུག་ཏུ་རྩོམ་མཁན་གྱི་མིང་འབྱུང་བ་བཞིན་འདིར་ཡང་དཔལ་ལྡན་པ་ལ་ཏ་ཀའི་བུས་ཞེས་དང་། བསམས་ཏེ་བྱས་ཞེས་གསལ་བོར་བྱུང་བས།  འདི་རྩོམ་མཁན་ནི་པ་ལ་ཏ་ཀའི་བུ་ཡིན་པ་ཤེས་པར་འགྱུར།  འོ་ན་པ་ལ་ཀ་ཏའི་བུ་ཞེས་པ་སུ་ཡིན་ཞེ་ན།  ཁོ་བོས་དེ་ནི་ཀ་ཨུ་ཊི་ལྱའམ་ཙ་ན་ཀ་རང་ཨེ་ཡིན་སྙམ། དེ་ཅིའི་ཕྱིར་ཞེ་ན། བསྟན་བཅོས་ཀྱི་མིང་དང་ལེའུ་སོ་སོའི་མིང་གི་སྐབས་སུ་ཙ་ན་ཀའི་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ཞེས་བསྟན་བཅོས་རྩོམ་མཁན་གྱི་མིང་འབུར་དུ་བཏོན་ཡོད་པས་ནའོ། ། རྒྱལ་པོ་ཙ་ན་ཀ་ཡི་བློས། ། ཞེས་པ་རྒྱལ་པོ་དང་ཙ་ན་ཀ་བདག་གཅིག་འབྲེལ་ཡིན་པའི་དོན་མ་ཡིན་པར་ཀྱེ་རྒྱལ་པོ་ཞེས་བོད་པའི་དོན་ཅན་དུ་གོ་དགོས་ཏེ། ཙ་ན་ཀ་ནི་བློན་པོ་གྲགས་ཅན་ཞིག་ལས་རྒྱལ་པོ་མ་ཡིན་པ་གོང་ནས་ཞིབ་ཏུ་བསྟན་ཟིན། དེས་ན་ཚིགས་བཅད་འདིས་ཀྱང་བསྟན་བཅོས་འདིའི་བརྗོད་བྱ་ནི་སློབ་དཔོན་ཙ་ན་ཀས་ལུགས་ཀྱི་བསྟན་བཅོས་གཞན་མང་པོ་ལ་བརྟགས་ཏེ་ལེགས་པའི་ཆ་རྣམས་ཕྱོགས་གཅིག་ཏུ་བསྡུས་པ་ལས་བྱུང་བར་བསྟན་པ་ཡིན་པས། ཤུགས་ལ་འདིའི་རྩོམ་མཁན་ཡང་ཙ་ན་ཀ་རང་ཡིན་པར་བསྟན་ནམ་སྙམ། དེ་ནི་དཔེར་ན་རྗེ་ཙོང་ཁ་པའི་བྱང་ཆུབ་ལམ་རིམ་ཆེན་མོའི་གདམས་པ་ནི་ཇོ་བོ་རྗེའི་བྱང་ཆུབ་ལམ་སྒྲོན་ལས་བྱུང་བས། རྗེའི་ལམ་རིམ་ལས་ཀྱང་དེ་མཛད་པ་པོ་ཉིད་འདིའི་ཡང་མཛད་པ་པོའོ[1]གསུངས་ཀྱང་། རྩོམ་མཁན་ཐ་དད་པས་རྗེའི་ལམ་རིམ་ལ་ཇོ་བོ་རྗེའི་ལམ་རིམ་གྱི་མིང་ནི་མི་གདགས་པ་ལྟ་བུའོ ། དེས་ན་རྩོམ་མཁན་དངོས་མིན་ན་དོན་གྱི་རྩོམ་པ་པོར་བཤད་དུ་རུང་ཡང་བསྟན་བཅོས་ཀྱི་མིང་དེའི་མིང་གིས་འདོགས་པའི་སྲོལ་ནི་རྒྱ་བོད་གཉིས་ལ་མེད་པར་སྣང་། འོན་ཀྱང་རྗེའི་ལམ་རིམ་ཆེ་འབྲིང་ཆུང་གསུམ་ནི་གསུམ་གའི་གང་ལའང་རྗེའི་ལམ་རིམ་གྱི་མིང་འདོགས་ཏེ། རྩོམ་མཁན་གཅིག་ཡིན་པའི་ཕྱིར་རོ།  ། ཀ་ཨུ་ཊི་ལྱའི་དོན་གྱི་བསྟན་བཅོས་དང་རང་རེའི་བསྟན་འགྱུར་ལས་བྱུང་བའི་ཙ་ན་ཀའི་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ཀྱི་འབྲེལ་བའང་དེ་འདྲ་ཞིག་ཡིན་ནམ་སྙམ་སྟེ། རྗེའི་ལམ་རིམ་ཆེན་མོའི་བརྗོད་བྱ་རྒྱ་ཆེན་པོ་རྣམས་ཧ་ཅང་ཉུང་ངུར་ཚིགས་བཅད་དུ་བསྡུས་པ་ནི་རྗེའི་ལམ་རིམ་བསྡུས་པའམ་རྗེའི་ཉམས་མགུར་ཡིན་པ་བཞིན།  《ཀ་ཨུ་ཊི་ལྱའི་དོན་གྱི་བསྟན་བཅོས》 རྒྱ་ཆེན་པོ་དེའི་དོན་ཉུང་ངུར་བསྡུས་པ་ནི་རང་རེའི་ཙ་ན་ཀའི་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ཡིན་ནམ་སྙམ།  མདོར་ན་བསྟན་བཅོས་དེ་གཉིས་ནི་རྒྱས་བསྡུས་ཀྱི་ཁྱད་པར་ཙམ་མ་གཏོགས་རྩོམ་མཁན་གཅིག་ཡིན་ལ་བརྗོད་བའང་འདྲ་བར་འདོད།  འོ་ན་དེ་གཉིས་ཀྱི་བརྗོད་བྱ་འདྲ་ཚུལ་ཇི་ལྟ་བུ་ཡིན་སྙམ་ན།  དེ་ནི་རྣམ་པ་ཐམས་ཅད་དུ་འདྲ་བ་མ་ཡིན་ཡང་།  སྤྱི་བབ་ནས་འདྲ་བར་སྣང་སྟེ།  《ཀ་ཨུ་ཊི་ལྱའི་དོན་གྱི་བསྟན་བཅོས》ཀྱི་བརྗོད་བྱ་ནི་གོང་དུ་རགས་པ་ཙམ་ངོ་སྤྲད་ཟིན་པ་ལྟར་དང་།  ཙ་ན་ཀའི་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ནི་ལེའུ་བརྒྱད་ཡོད་པ་ཆ་ཚང་བར་འཇིག་རྟེན་མི་ཆོས་ལས་བརྩམས་པའི་ལེགས་ཉེས་བླང་དོར་གྱི་རྣམ་གཞག་སྟོན་པ་ཁོ་ན་ཡིན་ཞིང་། ལྷག་པར་འདིའང་སྲིད་ལུགས་ལ་སྦྱར་ཡོད་པ་དང་རྒྱལ་པོ་ལ་གདམས་པ་ཡིན་པ་མངོན་པར་གསལ་བས། རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ཞེས་པ་མིང་དོན་མཚུངས། འདི་ལས་སྤྱིར་རྒྱལ་པོའི་མཚན་ཉིད་ཇི་འདྲ་ཡིན་པ་དང་།  རྒྱལ་པོས་རང་ཉིད་ཇི་ལྟར་བསྲུང་བ།  ཆུང་མ་དང་། གཉེན་དང་། མཛའ་བོ་དང་། བྲན་གཡོག་གི་མཚན་ཉིད། བྲན་མཆོག་དམན་བར་གསུམ་གྱི་དབྱེ་བ། བྲན་གཡོག་རྣམས་གནས་གང་དུ་གཞག་པ། རྒྱལ་པོའི་གཡོག་འཁོར་གཙོ་བོ་བཅུའི་ཡོན་ཏན། དགྲ་བོ་ལ་ཇི་ལྟར་ཟོན་བྱེད་པ། འཇམ་རྩུབ་དང་ཡོ་དྲང་གི་ཐབས་མི་འདྲ་བ་ཚུལ་ཇི་ལྟར་ལག་ཏུ་བླང་བ།  རྒྱལ་པོའི་སྲིད་ལུགས་ལས་དགེ་སྦྱོང་དང་བྲམ་ཟེའི་གོ་བབ་ཇི་འདྲ་ཡིན་པ་དང་དེ་ཇི་ལྟར་བསྲུང་བ་སོགས་སྲིད་ལུགས་དང་འབྲེལ་བའི་དོན་རྣམས་ཞིབ་ཏུ་འབྱུང་།  འོན་ཀྱང་འདི 《ཀ་ཨུ་ཊི་ལྱའི་དོན་གྱི་བསྟན་བཅོས》 དང་བསྡུར་ན་ཧ་ཅང་བསྡུས་པ་ཡིན་པས། འདི་ལས་བྱུང་བ་རྣམས་ནི་སྲིད་ལུགས་ཀྱི་རྩ་བའི་དོན་ཙམ་ལས་ཐབས་ཇུས་བྱེ་བྲག་ཏུ་བཤད་པ་སོགས་ནི་མེད་དོ། ། གཞན་ཡང་འདི་ལས་ནོར་གལ་ཆེ་བའི་ཚུལ་ཀྱང་བཤད་ཅིང་། སྤྱིའི་བབ་ནི།   
          གནོད་པ་བྱེད་ལ་ནམ་ཡང་ནི། ། གནོད་པའི་བསམ་པ་མི་བྱ་སྟེ། །    
          ཞེས་འབྱུང་བ་ལྟར་ཞི་བའི་ཕྱོགས་སུ་གཞོལ་འདུག་པས། རང་གི་འདོད་དོན་བསྒྲུབ་པ་ལ་དྲག་ཤུལ་དང་གཡོ་ཁྲམ་སོགས་འདི་ལག་ཏུ་བླང་མི་རུང་བྱ་བ་མེད་པའི་ཀ་ཨུ་ཊི་ལྱ་རིང་ལུགས་རྣལ་མའི་བློ་ནི་བག་ལ་ཞ་འདུག ། བརྩམས་ཆོས་འདིའི་མཇུག་ཏུ།    
          ནངས་པར་དང་ནི་དགོངས་ཀའི་ཚེ། ། རྒྱལ་པོས་འདི་ནི་བཟླ་བར་བྱ། །    
          གང་གིས་འདི་དོན་ལེགས་བསམས་ནས།  ། ཇི་བཞིན་རྗེས་སུ་བསྒྲུབས་གྱུར་ན།  །    དེས་ནི་རྒྱལ་སྲིད་ཡུལ་འཁོར་ཡང་། ། རྟག་ཏུ་འཕེལ་བ་ཉིད་དུ་འགྱུར། །    
          ཞེས་འབྱུང་བ་འདིས་འདི་རྒྱལ་པོ་ལ་གདམས་པ་ཙམ་དུ་མ་ཟད་རྒྱལ་པོའི་ཉིན་རེའི་ཞལ་འདོན་ལྟ་བུར་བསྒྲིགས་པ་ཡིན་པ་དང་། རྒྱལ་པོས་ཉིན་རེའི་ནངས་དགོང་ལ་འདི་ཐེངས་རེར་བཟླས་ཏེ་མི་བརྗེད་པར་བྱ་བ་དང་། དེ་ནས་འདིའི་དོན་ལེགས་པར་བསམས་པ་དང་། འདི་ལས་ཇི་ལྟར་བཤད་པ་བཞིན་རྗེས་སུ་བསྒྲུབས་ན། དེ་ཡིས་རྒྱལ་སྲིད་དང་ཡུལ་འཁོར་རྟག་ཏུ་འཕེལ་བར་བཤད་པས།  འདི་ནི་རྒྱལ་པོའི་ཆབ་སྲིད་ཀྱི་སློབ་དེབ་ངོ་མ་ཞིག་ཡིན་པ་བསྟན། བསྟན་བཅོས་འདིའི་མགོ་ལ།    
          འཇིག་རྟེན་གསུམ་གྱི་བདག་པོ་གཙོ ། ཐམས་ཅད་མཁྱེན་ལ་ཕག་འཚལ་ཏེ།  །   
          ཞེས་མཆོད་བརྗོད་ཀྱི་ཚུལ་དུ་འབྱུང་བ་ལས་རྩོམ་མཁན་ནང་པ་ཡིན་ནམ་སྙམ་པ་བྱེད་པ་དང་།  ལེའུ་བརྒྱད་པའི་སྐབས་ཤིག་ཏུ།   
          ཚེར་མ་རྣོ་བར་གྱུར་པ་སུ་ཡིས་བྱས།  ། རི་དྭགས་བྱ་ཡི་རི་མོ་སུ་ཡིས་བྲིས། །    
          བུ་རམ་ཤིང་མངར་ནིམ་པ་ཁ་བ་དག། འདི་དག་ཐམས་ཅད་ངོ་བོ་ཉིད་ཀྱིས་གྲུབ།  །    ཅེས་རང་ཅག་གིས་རྒྱང་འཕེན་པའི་ལུང་ཡིན་སྐད་དུ་རྟག་པར་འདྲེན་པ་དང་ཕལ་ཆེར་འདྲ་བ་དེ་འདྲའང་འབྱུང་བས་རྩོམ་མཁན་ཕྱི་རོལ་རྒྱང་འཕེན་པ་ཡིན་སྙམ་པའང་བྱེད་མོད། ལོ་ངོ་བརྒྱ་ཕྲག་དུ་མའི་རིང་ལ་བསྲེ་སླད་ཀྱིས་ཅུང་ཟད་འབགས་པ་ཙམ་ལས་བསྟན་བཅོས་རང་ལྡོག་ནས་ནི་ནང་པ་དང་རྒྱང་འཕེན་པ་གང་གི་ཕྱོགས་སུ་ལྷུང་བའང་མེད་དོ། །   
          ལུགས་ཀྱི་བསྟན་བཅོས་གཞན་པ་དྲུག་པོའང་བརྗོད་བྱའི་ཆ་ནས་འཇིག་རྟེན་མི་ཆོས་ཀྱི་ལེགས་ཉེས་བླང་དོར་བྱེད་ཚུལ་ལ་སྦྱར་ཡོད་པ་ནི་དེ་དག་ཐུན་མོང་གི་ཁྱད་ཆོས་སུ་སྣང་། ཤེས་རབ་བརྒྱ་པ་ལས།    
          གང་ཞིག་ལེགས་པར་རྟོགས་པ་ཡིས།  ། མི་རྣམས་ཤེས་རབ་བརྒྱ་བསྐྱེད་པ།  །    
          དོན་གྱི་བསྟན་བཅོས་ལུགས་དག་གི།  འབྱུང་གནས་ཆེན་པོར་རབ་ཏུ་བཤད།  །    
          མཁས་པས་དོན་གྱི་བསྟན་བཅོས་ལས། ། དངོས་པོ་གང་དག་གཟིགས་གྱུར་པ།  །    
          དེ་དག་ཡི་གེ་མང་པོ་ཡིས། ། འཇིགས་པའི་ཆེད་དུ་འདིར་བསྡུ་བྱ། ཞེས་དང་།    
          དོན་གྱི་བསྟན་བཅོས་ལུགས་ཆེན་པོ། ། དོན་མང་ཕྲེང་བ་བརྒྱུས་པ་ལས། །   
          གཅེས་པའི་སྙིང་པོ་མདོར་བསྡུས་པ།  ། ཤེས་རབ་བརྒྱ་པ་འདི་ཡིན་ནོ། །    
          ཞེས་འབྱུང་བ་དང་། ལུགས་ཀྱི་བསྟན་བཅོས་ལས།    
          དོན་གྱི་བསྟན་བཅོས་བྱེ་བྲག་ལས།  ། བསྟན་བཅོས་དག་ལ་ཕན་པ་དང་།  །     
          མི་རྣམས་བློ་ནི་བསྐྱེད་བའི་ཕྱིར།  ། མ་སུ་རཀྵས་བསྡུས་ཏེ་བཤད།  །    
          ཅེས་འབྱུང་བའི་སྐབས་སོགས་ལས་དོན་གྱི་བསྟན་བཅོས་ཞེས་པའི་མིང་ལན་དུ་མར་བྱུང་བ་ནི་དེའི་ཤེས་བྱེད་དོ།  ། དོན་གྱི་བསྟན་བཅོས་ཞེས་པ་དང་།  ལུགས་ཀྱི་བསྟན་བཅོས་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་བཅས་ཀྱི་གོ་བ་ནི་སྔར་བཤད་ཟིན་པས་སྐབས་འདིར་ཡང་དྲན་པར་བྱའོ། ། སྲིད་ལུགས་སམ་ཆབ་སྲིད་ནི་ཉེ་རིང་ཆགས་སྡང་དང་དགྲ་འདུལ་གཉེན་སྐྱོང་ཇི་ལྟར་བྱ་བའི་ཚུལ་ཡིན་པས། སྤྱིར་ལུགས་ཀྱི་བསྟན་བཅོས་འདི་དག་ཏུ་དེའི་སྐོར་མ་བཤད་པ་མེད་མོད།  ལྷག་པར་ལུགས་ཀྱི་བསྟན་བཅོས་ལས་ནི་ཆགས་སྡང་གི་རིས་ཤིན་ཏུ་གསལ་ཞིང་། གཡོ་དང་། གྱ་གྱུ་དང་། བརྩེ་མེད་གདུག་པའི་སྦྱོར་བ་མང་པོ་ལག་ཏུ་བསྟར་རྒྱུའི་ཚིག་མང་དུ་འབྱུང་བ་ནི་ཧ་ལས་དགོས་པའི་ཚོད་དེ།    
          ཇི་སྲིད་དུས་ལ་མ་བབ་པར།  ། དགྲ་ནི་ཕྲག་གོང་བཀུར་བྱ་སྟེ།  །    
          དེ་བཞིན་དུས་སུ་ཕྱིན་གྱུར་ན།  ། རྡོ་ལ་རྫ་མ་བསྣུན་བཞིན་གཞོམ།  །    
          དམན་ཞིང་སྙིང་རྗེའི་སྐད་བརྗོད་ཀྱང་།  ། དགྲ་ནི་གཏང་བར་མི་བྱའོ། །    
          དེ་ལ་སྙིང་རྗེ་མི་བྱ་ཞིང་། ། སྔོན་ཆད་གནོད་པ་བྱེད་པ་གཞོམ།  །    
          བུ་ལོན་མེ་ཡི་ལྷག་མ་དང་།  ། དེ་བཞིན་དགྲ་ཡི་ལྷག་མ་ནི།  །   
          ཡང་དང་ཡང་དུ་འཕེལ་འགྱུར་བས།  ། དེ་བས་ལྷག་མ་གཞག་མི་བྱ། །    
          བྱས་ལ་ལན་དུ་ཕན་བྱ་སྟེ།  ། འཆི་བ་བྱེད་ལ་སླར་ཡང་གཙེ།།    
          དེ་ལ་ཉེས་པར་མི་བལྟ་ཞིང་། ། མ་རུངས་བྱེད་ལ་མ་རུངས་བྱ།། ཞེས་དང་།    
          ཚེར་མ་གཏིང་དུ་ཟུག་པ་དང་།  ། ཆོས་ལས་ཉམས་པ་ཉིད་དང་ནི།  །    
          དགྲ་དང་ཤ་འཁོན་ཞུགས་པ་གསུམ།  ། རྩ་ནས་ཕྱུང་བ་བདེ་བ་ཡིན།  །    
          གཏན་དུ་དྲང་པོ་མི་བྱ་སྟེ།  ། ནགས་སུ་སོང་ལ་ཡོངས་ལྟོས་དང་།  །    
          དེར་ནི་ཤིང་དྲང་གཅོད་འགྱུར་ཏེ། ། ཡོན་པོའི་ཤིང་ནི་གནས་ལ་ལྟོས། ། ཞེས་དང་།    
          གཞན་གྱི་དོན་ལ་མི་བརྟུལ་ཏེ། ། རང་གི་ལས་ལ་བརྩོན་པས་བྱ།། ཞེས་དང་།    
          མ་རྨོངས་ཐམས་ཅད་རྨོངས་བྱ་ཞིང་།  ། རྨོངས་རྣམས་རྟག་ཏུ་མགོ་བསྐོར་བྱ། །    
          ཞེས་སོགས་འབྱུང་བ་བཞིན་ནོ།  ། འདི་ནི་ས་པཎ་གྱིས་གསུངས་པའི་དྲང་སྲོང་གདུག་མན་ངག་བྱ་བ་སྟེ། སྒྲ་ཇི་བཞིན་དུ་གོ་བ་བླངས་པས་ཆོག་པས། དྲང་ངེས་སོགས་འབྱེད་པའི་ངལ་བའང་མི་བསྟེན་འཚལ།  ནོར་གལ་ཆེ་བའི་ཚུལ་ཡང་དེ་ལས།    
          གང་ལ་ནོར་ཡོད་གཉེན་བཤེས་དང་། ། གང་ལ་ནོར་ཡོད་ཉེ་དུ་སྟེ། །    
          གང་ལ་ནོར་ཡོད་འཇིག་རྟེན་མི།  ། གང་ལ་ནོར་ཡོད་དེ་མཛངས་ཡིན།  །    
          ནོར་མེད་གྱུར་ན་གཉེན་བཤེས་དང་།  ། བུ་དང་ཆུང་མ་ཉེ་དུ་དང་།  །    
          སྐྱེ་བོ་སྡུག་པ་རྣམས་ཀྱིས་སྤོང་། ། ནོར་ལྡན་གྱུར་ན་ཕྱིར་ཡང་བསྟེན། །    
          ནོར་ནི་འཇིག་རྟེན་མི་ཡི་གཉེན།  །   
          ཞེས་སོགས་འབྱུང་བས།  ལུགས་ཀྱི་བསྟན་བཅོས་དེ་དག་ལས་མ་ཁིས་ཨ་བེ་ལི་རིང་ལུགས་ཀྱི་ལྟ་བ་མཐར་ཐུག་པ་ནི་མ་སུ་རཀྵས་བྱས་པའི་ལུགས་ཀྱི་བསྟན་བཅོས་ལས་འབྱུང་སྙམ། གཞན་ཡང་ལུགས་ཀྱི་བསྟན་བཅོས་དེ་དག་ལས་ཚིག་དང་དོན་ངོ་མཚར་བ་དུ་མ་འབྱུང་སྟེ།  ཙ་ན་ཀའི་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ལས།    
          བདག་ཉིད་གང་ལ་མི་དགའ་བ། ། གཞན་ལ་ཀུན་ཏུ་མི་སྤྱོད་དོ །    
          ཞེས་འབྱུང་བ་དེ་ནི་ཚིག་དོན་གཉི་ག་རྒྱའི་ཀོང་ཙེའི་གསུང་སྒྲོས་ཀྱི་ལེའུ་ལྔ་པ་ལས།       “己所不欲,无施于人” 
          ཞེས་ཀོང་ཙེས་རང་གི་སློབ་མ་ཙི་ཀུང་བྱ་བ་ལ་གདམས་པའི་ཚིག་ཅིག་བྱུང་བ་དེ་དང་གའུ་ཁ་སྦྱོར་དུ་འདུག་པ་ཤིན་ཏུ་ངོ་མཚར་ཞིང་། ཀོང་ཙེའི་གསུང་འདི་རྒྱའི་མཁས་པ་མང་པོས་གཞན་ལ་ངོམ་འཕྱར་བྱེད་ཅིང་། ད་ལྟ་འཛམ་གླིང་གིས་ཀྱང་ལེགས་བཤད་ཡ་མཚན་དུ་བརྩི། དོན་དུ་ཚིག་དེ་བྲམ་ཟེ་ཙ་ན་ཀས་ཀྱང་ཆེས་ཤིན་ཏུ་སྔ་མོ་ནས་བཤད་འདུག་ལ། ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་ལོ་ངོ་ཆིག་སྟོང་ལྷག་གི་སྔོན་ནས་རང་རེ་རྣམས་ཀྱི་སྐད་དུའང་བསྒྱུར་འདུག་མོད། ལོ་ངོ་ཆིག་སྟོང་སྔོན་གྱི་ངེད་ཅག་གི་བསྟན་བཅོས་ཀྱི་ཁྲོད་ན་ཚིག་དེ་ཡོད་ཅེས་སྨྲས་ཚེ་དང་པོ་གཞན་དག་གིས་སྣ་གཉེར་བྱེད་པའང་སྲིད་དེ། ནོར་དང་མི་ལྡན་སྐྱེ་བོ་ཡིས། ། བདེན་པ་སྨྲས་ཀྱང་སྤོང་བར་བྱེད། ཅེས་མ་སུ་རཀྵས་གསུངས་པ་ལྟར་རྣམ་པ་ཀུན་ཏུ་བཪྙས་ཆེས་པའི་ཕྱིར་རོ ། འོན་ཀྱང་ཡོད་པ་དངོས་ཡིན་ན་བསྙོན་དུ་ནི་ཅི་ཡོད། དེ་ཡང་ཚིག་གི་བརྗོད་པ་ངོ་མཚར་བ་ཙམ་མ་གཏོགས་དོན་ནི་རང་རེས་རྟག་པར་ལག་ལེན་དུ་ཅི་འཁྱོལ་བྱེད་པའི་ཆེས་རྩ་བར་གྱུར་པའི་སྤང་བླང་གི་རྣམ་གཞག་སྟེ།  རང་གིས་སྡུག་བསྔལ་མི་འདོད་པ་བཞིན་དུ་གཞན་གྱིས་ཀྱང་སྡུག་བསྔལ་མི་འདོད་ན།  གཞན་ལ་གནོད་པའམ་འཚེ་བར་མ་བྱེད་ཅེས་པ་དེའོ། ། མཐར་གཏུགས་ན་རང་རེ་རྣམས་ཀྱིས་སྐྱབས་འགྲོའི་ཚིག་རྗེས་སུ་ཟློ་བའང་དེའི་ཆེད་དུ་དམ་བཅའ་བ་ཡིན།  དེ་ནི་ཤིན་ཏུ་ངོ་མཚར་ཆེ་མོད།  རང་རེ་ལ་དེ་ལས་ཀྱང་ངོ་མཚར་བའི་གཞུང་ལུགས་དང་ལྟ་བ་མང་དུ་ཡོད་པ་རིག་གནས་ཀྱི་ཁྱིམ་ར་འདིའི་ཕྱི་རོལ་ཏུ་ཡོད་པ་ཚོས་རྟོགས་དཀའ།  དེ་ཡང་དེ་དག་ཤེས་རབ་མེད་པས་མ་ཡིན་ཏེ། ང་རྒྱལ་གྱི་མགོ་འཕང་མཐོ་ཆེས་པ་དང་། ཕྱོགས་འཛིན་གྱི་ལིང་ཏོག་མཐུག་དྲགས་པས་ལན། གོང་གི་ཚིག་རྐང་དེ་གཉིས་སློབ་དཔོན་ཀླུ་སྒྲུབ་ཀྱི་ཤེས་རབ་སྡོང་བུ་ལས་ཀྱང་།    
          གང་ཞིག་བདག་ཉིད་མི་འདོད་པ། ། དེ་དག་གཞན་ལ་མི་བྱའོ། །    
          ཞེས་འབྱུང་བ་ཁོང་གིས་བསམ་བཞིན་དུ་རང་གི་བསྟན་བཅོས་སུ་དྲངས་པ་ཡིན་ན་སློབ་དཔོན་གྱིས་ཀྱང་ཚིག་དེ་རྩིས་ཆེན་དུ་བཟུང་བར་ངེས། ཕྱིས་སུ་ས་པཎ་གྱིས་ལེགས་པར་བཤད་པ་རིན་པོ་ཆེའི་གཏེར་ལས།    
          བདག་ཉིད་གང་ལ་མི་དགའ་བ།  ། གཞན་ལ་ཀུན་ཏུ་དེ་མི་མ །    
          གཞན་གྱིས་ཅུང་ཟད་གཙེས་པའི་ཚེ།། རང་ལ་བསམ་པ་ཅི་འབྱུང་སོམས།  །    
          གང་ཞིག་བདག་ཉིད་གང་དགའ་བ། ། དེ་ཉིད་གཞན་ལ་སྦྱར་བས་ན། །    
          གཞན་གྱིས་བདག་ལ་གང་དགའ་བ།  ། དེ་ཡི་ཚུལ་གྱིས་མཆོད་པར་འགྱུར།  །    
          ཞེས་རང་ཉིད་གང་ལ་མི་དགའ་བ་དེ་གཞན་ལ་མི་སྦྱོར་བ་ཙམ་མ་ཡིན་པར། རང་ཉིད་གང་ལ་དགའ་བ་དེ་གཞན་ལའང་སྦྱར་བར་གདམས་པ་ནི། སྐྱེས་བུ་ཆེན་པོའམ་ཐེག་པ་ཆེན་པོའི་གང་ཟག་གི་བློ་སྟེ། གཞན་སྡུག་བསྔལ་ལ་མ་སྦྱོར་ཞེས་པ་ནས་གཞན་བདེ་བ་ལ་སྦྱོར་ཅིག་ཅེས་པར་འཕོས་པ་ཡིན་པས།  སྔར་གྱི་ཙ་ན་ཀའི་ཚིག་ལས་ཀྱང་རླབས་ཆེ་ཞིང་ངོ་མཚར་དུ་གཟུང་བར་འོས། ལུགས་ཀྱི་བསྟན་བཅོས་ལས་ད་དུང་ངོ་མཚར་བའི་ཚིག་འདི་འདྲའང་འབྱུང་སྟེ།    
          བདག་ལ་བྱིན་ཟེར་དམན་པའི་ཚིག། མི་སྦྱིན་ཟེར་བ་དམན་པས་དམན། །    
          འདི་ཁྱེར་ཟེར་བ་མཆོག་གི་ཚིག། མི་འཁྱེར་ཟེར་བ་དེ་བས་མཆོག།    
          ཅེས་པའོ ། སྦྱིན་པོ་དང་ལེན་པོ་གཉིས་ཀའི་ཕྱོགས་ནས་བསམས་ཏེ་སྦྱིན་པའི་ཡོན་ཏན་དང་ལེན་པའི་སྐྱོན་ཉི་བར་བརྗོད་དེ་སྦྱིན་མཁན་གྱིས་སེར་སྣ་བྱེད་མི་ཕོད་ཅིང་སློང་མཁན་ལ་བརྣབ་སེམས་སྐྱེ་མི་ནུས་པར་བྱེད་པའི་ལེགས་བཤད་རྨད་དུ་བྱུང་བ་འདི་འདྲ་ནི་འཛམ་གླིང་སྐྱེ་བོ་ཡོངས་ཀྱི་ཁ་རྒྱན་དུ་འགྱུར་བར་འོས། ཡང་ཚིགས་སུ་བཅད་པ་བརྒྱ་པ་ལས།    
          བྱ་བ་ཟིན་ནམ་མ་ཟིན་ཞེས། ། འཆི་བདག་སྡོད་པར་མི་འགྱུར་བས། །    
          སང་གི་བྱ་བ་དེ་རིང་སྟེ།  ། ཕྱི་དྲོའི་བྱ་བ་སྔ་དྲོའོ། །    
          ཞེས་དུས་ལ་ཧ་ཅང་མཁས་པའི་བློ་ད་ལྟའི་མི་ལའང་ཡོད་པར་དཀའ་བ། དེང་གི་འགྲན་རྩོད་ཀྱི་དུས་ཀྱི་སྐྱེ་བོ་ཀུན་ལ་ངེས་པར་འཛོམས་འོས་པ་དེ་འདྲའང་མི་ལོ་ཉིས་སྟོང་གི་གོང་ནས་བཏོན།  ལུགས་ཀྱི་བསྟན་བཅོས་དེ་དག་ལས་མིའི་འགྲོ་བ་སྤྱི་ལ་འཕྲོད་པའི་འཇིག་རྟེན་མི་ཆོས་ཀྱི་སྤང་བླང་གི་རྣམ་གཞག་ངོ་མཚར་བ་དེ་འདྲ་མང་དུ་འབྱུང་བར་མ་ཟད།  ཤེས་རབ་སྡོང་བུ་ལས།    
          ཀུན་དགའ་ར་བའི་ཕྲེང་རྒྱུད་ལྟར། ། མེ་ཏོག་རྒྱས་པ་བཏུ་བྱ་ཡི།  །    
          ཇི་ལྟར་སོལ་བ་མཁན་བཞིན་དུ།  ། རྩ་ནས་གཅད་པར་མི་བྱའོ། །    
          ཞེས་དང་།  ཙ་ན་ཀའི་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ལས།     
          བྲམ་ཟེའི་བླ་མ་མེ་ཡིན་ལ།  ། རིགས་ཀྱི་བླ་མ་བྲམ་ཟེ་ཡིན།  །    
          ཆུང་མའི་བླ་མ་ཁྱིམ་ཐབ་ཡིན།  ། ཀུན་གྱི་བླ་མ་གློ་བུར་ལྷགས།  །    
          ཞེས་དང་། མ་སུ་རཀྵའི་ལུགས་ཀྱི་བསྟན་བཅོས་ལས།    
          བྲམ་ཟེ་བཀུར་ཞིང་བ་གླང་བརྙས་མི་བྱ། །    
          ཞེས་འབྱུང་བ་སོགས་རྒྱ་གར་གྱི་ཡུལ་ཆོས་དང་འབྲེལ་བའི་མིང་དང་། དཔེ་དང་། ཚིག་གི་སྦྱོར་བ་སོགས་མང་དུ་འབྱུང་བས།  གནའ་བོའི་རྒྱ་གར་གྱི་སྤྱི་ཚོགས་དང་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པ་ལའང་ཉེ་བར་མཁོ།  མཁས་དབང་དགེ་འདུན་ཆོས་འཕེལ་གྱི་ཞལ་ནས།  ལར་རྒྱ་གར་ན་བྲམ་ཟེ་དང་བ་གླང་གཉིས་ལས་གོ་ས་མཐོ་བ་སུ་ཡང་མེད[1]གསུངས་པ་སོགས་ཀྱང་གོང་གི་ལུང་དང་སྦྱར་ན་ངེས་ཤེས་ལྷག་པར་སྐྱེ་ནུས།    
          གཞན་དུ་སློབ་དཔོན་ཀླུ་སྒྲུབ་ཀྱི་གསུང་གི་ལུགས་ཀྱི་བསྟན་བཅོས་གསུམ་ནི་སློབ་དཔོན་གཞན་པ་བཞི་གའི་ལུགས་ཀྱི་བསྟན་བཅོས་དང་བསྡུར་ན།  སྐྱེ་བོ་གསོ་ཐིགས་སུ་ངན་སོང་གསུམ་དང་།  ཕར་ཕྱིན་དྲུག་གི་གཏམ་འབྱུང་བ་དང་།  དཔག་བསམ་འཁྲི་ཤིང་ཡལ་འདབ་ཉི་ཤུ་པ་ལས་འབྱུང་བའི་གྲོ་བཞིན་སྐྱེས་རྣ་བ་བྱེ་བ་རི་བས་ཡི་དྭགས་མཐོང་བའི་གཏམ་རྒྱུད་དཔེར་དྲངས་པ་ལྟ་བུ་བརྗོད་བྱ་ལ་ཕྱི་ནང་གི་ཁྱད་པར་ཅུང་ཟད་རེ་ཡོད་མོད།  སྤྱི་བབ་ནས་ལུགས་ཀྱི་བསྟན་བཅོས་བདུན་གའང་འཇིག་རྟེན་མི་ཆོས་ཀྱི་རྣམ་གཞག་སྤྱི་ལ་རྒྱུག་པ་ཞིག་ལས་ཆོས་ལུགས་ཀྱི་ཁ་དོག་གིས་བསྒོས་པ་དེ་འདྲ་མི་སྣང་།    
ཚིག་ཉུང་དོན་འདུ་གོ་སླ་བ་ནི་ལུགས་ཀྱི་བསྟན་བཅོས་བདུན་གའི་ཚིག་སྦྱོར་གྱི་ཐུན་མོང་གི་ཁྱད་ཆོས་སུ་སྣང་། དང་པོར་བོད་སྐད་དུ་བསྒྱུར་པའི་ལུགས་ཀྱི་བསྟན་བཅོས་ནས་བོད་སྐད་དུ་བསྒྱུར་བའི་ལུགས་ཀྱི་བསྟན་བཅོས་ཆེས་ཕྱི་མའི་བར་ལ་ལོ་ངོ་བརྒྱ་ཕྲག་འགའ་ཕྱིན་ཡོད་ཀྱང་། ལོ་ཙཱ་བ་རྣམས་ཀྱིས་ཕྱི་མས་སྔ་མ་ལ་སྒོ་བསྟུན་ཏེ། འགྱུར་ཚིག་ཕལ་ཆེར་འདྲ་མཚུངས་སུ་སྦྱར་འདུག་པས།  གང་ཟག་གཅིག་གིས་ཡུལ་དུས་གཅིག་ལ་བསྒྱུར་པ་ལྟ་བུའི་ཉམས་ཐོན་ཡོད། ཚེག་བར་དགུ་ཅན་དང་། བཅུ་གཅིག་ཅན། བཅོ་ལྔ་ཅན། བཅུ་དགུ་ཅན་བཅས་ཀྱི་ཚིགས་བཅད་ཀྱང་རེ་འགའ་འབྱུང་མོད།  ཕལ་ཆེ་བ་ཚེག་བར་བདུན་ཅན་དུ་བྱས་པས།  ལུགས་ཀྱི་བསྟན་བཅོས་དེ་དག་གི་ལུས་ཀྱི་སྤྱིའི་རྣམ་པ་ནི་ཚེག་བར་བདུན་ཅན་དུ་ངང་ཤུགས་ཀྱིས་གྲུབ། ཙ་ན་ཀའི་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་དང《ཀ་ཨུ་ཊི་ལྱའི་དོན་གྱི་བསྟན་བཅོས》གཉིས་རྣམ་པ་མི་འདྲ་བ་ཙམ་ལས་དོན་ལ་གཅིག་ཏུ་འབྲེལ་འདུག་པའི་ཚུལ་ནི་བཤད་ཟིན་པ་ལྟར་ཡིན་མོད།  བོད་སྐད་དུ་འགྱུར་བའི་ལུགས་ཀྱི་བསྟན་བཅོས་དེ་དག་དང་སྔར་བཤད་པའི་མ་ནུའི་ཁྲིམས་ཡིག་དང་།  པཎྩ་ཏནྟྲ།  《ཀ་ཨུ་ཊི་ལྱའི་དོན་གྱི་བསྟན་བཅོས》སོགས་ལ་བརྗོད་བྱ་ཕན་ཚུན་འབྲེལ་བའི་ཆ་དུ་མ་ཡོད་པས།  དཔེའི་སྒོ་ནས་ཅུང་ཟད་མཚོན་ན།  ཙ་ན་ཀའི་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ལས་འབྱུང་བའི།   
          གཞོན་ནུའི་ཚེ་ན་ཕས་བསྲུང་ལ།  ། ལང་ཚོའི་ཚེ་ན་ཁྱོས་བསྲུང་ཞིང་།  །    
          རྒན་པོའི་ཚེ་ན་བུས་བསྲུང་བས།  ། བུད་མེད་རང་དགར་གནས་མ་ཡིན།  །    
          ཞེས་པ་མ་ནུའི་ཁྲིམས་ཡིག་གི་བམ་པོ་ལྔ་པ་ལའང་ཇི་བཞིན་དུ་འབྱུང་། ཚིགས་སུ་བཅད་པའི་མཛོད་ལས་འབྱུང་བའི།    
          ནོར་གྱི་བདག་པོ་བསྲུང་མཁས་ཀྱང་།  ། ནང་བྱེད་ཤིན་ཏུ་བསྲུང་བར་དཀའ། །     
          ཉ་དག་རྒྱ་མཚོའི་ཆུ་འཐུང་ཡང་།  ། འཐུང་ངོ་བར་ནི་མངོན་པ་མེད།  །    
          ཅེས་པ 《ཀ་ཨུ་ཊི་ལྱའི་དོན་གྱི་བསྟན་བཅོས》ཀྱི་བམ་པོ་གཉིས་པའི་ལེའུ་དགུ་པར་ཡང་ཇི་བཞིན་དུ་འབྱུང་ཞིང་།  དོན་ནི་དཔོན་རིགས་དག་གིས་ཧམ་ཟོས་བརྐུས་འཁྱེར་རམ་གསུག་གི་ནོར་ཟ་བ་ནི་དགག་རྒྱུ་ཧ་ཅང་དཀའ་བའི་ཚུལ་བསྟན་པའོ། ། ཙ་ན་ཀའི་རྒྱལ་པོའི་ལུགས་ཀྱི་བསྟན་བཅོས་ལས་འབྱུང་བའི།   
          མཁས་པས་རྐང་པ་གཅིག་བཏེགས་ན།  ། རྐང་པ་གཅིག་ནི་གཟུགས་པར་བྱ། །    
          གནས་གཞན་ལེགས་པར་མ་བརྟགས་པར།  ། སྔ་མའི་གནས་ནི་དོར་མི་བྱ། །    
          ཞེས་པ་པཎྩ་ཏནྟྲའི་བམ་པོ་དང་པོའི་སྒྲུང་དང་པོ་ལའང་ཇི་བཞིན་དུ་འབྱུང་།  མ་ནུའི་ཁྲིམས་ཡིག་དང་།  པཎྩ་ཏནྟྲ་དང་།  《ཀ་ཨུ་ཊི་ལྱའི་དོན་གྱི་བསྟན་བཅོས》ཏེ།  གནའ་བོའི་རྒྱ་གར་གྱི་ཆོས་ཀྱི་མདོ(འདི་ཆོས་ཀྱི་བསྟན་བཅོས་དང་དོན་གྱི་བསྟན་བཅོས་གཉིས་སུ་དབྱེ)འཛམ་གླིང་ལ་སྐད་གྲགས་ཆེ་བ་དེ་དག་སྔར་བོད་སྐད་དུ་མ་འགྱུར་ཡང་། རང་རེའི་བསྟན་འགྱུར་ལས་འབྱུང་བའི་ལུགས་ཀྱི་བསྟན་བཅོས་རྣམས་ཀྱི་བརྗོད་བྱ་ལ་དེ་དག་གི་དོན་དུ་མ་འདུ་བས།  བོད་ཀྱི་མཁས་པ་ཚོས་བརྒྱུད་པའི་སྒོ་ནས་ནི་སྔ་མོ་ནས་བསྟན་བཅོས་དེ་དག་གི་རྒྱུས་རགས་པ་ཙམ་ཞིག་ལོན་འདུག་གོ། ། 

          [1]དཔའ་བོ་གཙུག་ལག་ཕྲེང་བ།  ཆོས་འབྱུང་མཁས་པའི་དགའ་སྟོན་པོད་དང་པོ།[M]  མི་རིགས་དཔེ་སྐྲུན་ཁང་།  1986. 92  
          [1]དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་པོད་དང་པོ།  [M]བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།  1990. 383
          [1]རྒྱ་གར་གྱི་རིག་གནས་ལོ་རྒྱུས།  (A.  L. 巴沙姆主编. 印度文化史. 北京: 商务印书馆. 1997. 181)
          [1]རྗེ་ཙོང་ཁ་པ། བྱང་ཆུབ་ལམ་རིམ་ཆེན་མོ། [M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།  1985 . 4  
          [1]དགེ་འདུན་ཆོས་འཕེལ་གྱི་གསུང་རྩོམ་པོད་དང་པོ། [M]བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་།  1990.  55