གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

བོད་ཀྱི་དཀྱིལ་འཁོར་གྱི་བཟོ་བཀོད་སྒྱུ་རྩལ་དང་མཚོན་དོན་སྐོར་རགས་ཙམ་གླེང་བ།

སྤེལ་དུས 2018-06-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བསྟན་པ་རབ་བསྟན།
            རང་ཅག་ཁ་བའི་ལྗོངས་འདིར་བཅུ་ཕྲག་རིག་པའི་གནས་ལ་གཞན་དྲིང་མི་འཇོག་པའི་མཁས་དབང་རིམ་པས་བྱོན་པའི་མཐུ་ལས་བོད་མི་རིགས་འདི་ཉིད་ལ་རང་གི་ཁྱད་ཆོས་མངོན་པར་གསལ་བའི་རིག་གནས་སྤྱི་དང་བྱེ་བྲག་སྒྱུ་རྩལ་གྱི་ཐད་ལ་ཕུན་སུམ་ཚོགས་ཤིང་། གཞན་འགྲན་མ་མཆིས་པ་ཞིག་དུས་ཡུན་རིང་མོའི་སྔོན་ནས་དར་ཡོད། མི་རིགས་ཀྱི་རིག་གནས་དང་སྒྱུ་རྩལ་ནི་མི་རིགས་གང་ཡིན་རུང་རང་གི་བསམ་པའི་བརྩེ་དུང་དང་། རང་འཚོའི་སྙིང་སྟོབས་འདུ་ཤེས་འཛིན་སྟངས་སྤྱི་ཚོགས་ཀྱི་གོམས་སྲོལ་བཅས་མཚོན་པའི་ཕྱོགས་བསྡུས་དངོས་པོ་ཞིག་ཡིན་པ་མ་ཟད། སྤུན་ཟླའི་མི་རིགས་གཞན་པ་དང་ཕན་ཚུན་འབྲེལ་ལམ་འཛུགས་པའི་ཟམ་པའམ། ཕན་ཚུན་འཆམ་མཐུན་གོ་ཤེས་ཡོང་བའི་ཤེས་རིག་ཅིག་ཀྱང་ཡིན། །   
            སངས་རྒྱས་ཆོས་ལུགས་ཀྱི་འདུ་ཤེས་དང་བག་ཆགས་གཏིང་ཟབ་པའི་བོད་ལྗོངས་འདི་ཉིད་ལ་བཅིངས་འགྲོལ་མ་ཐོབ་གོང་རང་བྱུང་ཚན་རིག་དེ་ཙམ་འཕེལ་རྒྱས་བྱུང་མེད་པ་ནི་སྨོས་ཅི་དགོས། ཡིན་ནའང་གསོ་བ་རིག་པ་དང་། གནམ་རིག་སྐར་རྩིས། རྫས་འགྱུར་རིག་པ་སོགས་རང་བྱུང་ཚན་རིག་གི་ཁོངས་སུ་གཏོགས་པའི་རྣམ་གྲངས་མི་ཉུང་བ་ཞིག་ནི་ནུབ་ཕྱོགས་རྒྱལ་ཁབ་ཏུ་རང་བྱུང་ཚན་རིག་དར་ཁྱབ་ཆེན་པོ་མ་བྱུང་སྔོན་ནས་བོད་དུ་དར་ཟིན་པ་ཡིན། དཔེར་ན་དུས་འཁོར་གྱི་རྒྱུད་ནས་དྲངས་པའི་གོ་ལའི་དཀྱིལ་འཁོར་སྒོར་གཟུགས་ཅན་གྱི་གཞུང་ལུགས་དང་། ནད་རིགས་བཞི་བརྒྱ་རྩ་བཞི་འཇོམས་པར་ནུས་པའི་གསོ་རིག་རྒྱུད་བཞིའི་གཞུང་ལུགས། རིམ་བྱོན་མཁས་པས་མཛད་པའི་བཟོ་རིག་ཕལ་པའི་ཁོངས་སུ་གཏོགས་པའི་རྫས་འགྱུར་གྱི་ནུས་པ་ལ་བརྟེན་ནས་དངོས་པོ་རིགས་འདྲ་མིན་བཟོ་ཐབས་ལ་སོགས་པ་ལྟ་བུའོ། ། དེ་ཡང་གསོ་རིག་རྒྱུད་བཞི་ལྟ་བུར་མཚོན་ན་ལོ་ངོ་ཆིག་སྟོང་ལྷག་གི་ལོ་རྒྱུས་ཡོད་ཁར་ད་དུང་གསོ་རིག་མཁས་དབང་རིམ་བྱོན་གྱིས་མཛད་པའི་རྒྱུད་བཞིའི་འགྲེལ་པ་དང་བད་བཅོས་ཀྱི་ཐབས་ཤེས་གསར་པའི་ཉམས་མྱོང་གི་གསུང་རྩོམ་མང་པོ་ཡོད། ཕྱོགས་མཚུངས་རྒྱུད་བཞིའི་དགོངས་དོན་རྣམས་རི་མོའི་སྒྱུ་རྩལ་གྱི་ལམ་དུ་བཀོད་ནས་སྨན་ཐང་ཞེས་པ་གསར་གཏོད་མཛད་དེ་བོད་ཀྱི་གསོ་རིག་སློབ་གསོའི་བྱ་བའི་ནང་ཕན་རླབས་ཤིན་ཏུ་ཆེ་བའི་ནུས་པ་ཐོན་ཡོད་ལ་ལོ་ངོ་སུམ་བརྒྱ་ཙམ་གྱི་ལོ་རྒྱུས་ཀྱང་ཡོད། གསོ་རིག་གི་རིག་པའི་གཞུང་ལུགས་དེ་དཔེ་རིས་སྒྱུ་རྩལ་གྱི་ཐོག་ནས་ངོ་སྤྲོད་བྱེད་ཐབས་འདི་ནི་རྒྱལ་སྤྱིའི་ཐོག་ཆེས་སྔ་བའི་གྲས་ཤིག་ཡིན་པར་གྲགས། །   
            དེ་ཡང་སྨན་ཐང་གི་ནང་དུ་སྨན་བླའི་དཀྱིལ་འཁོར་ཏེ་རི་རྒྱལ་ལྟ་ན་སྡུག་པའི་ཞིང་བཀོད་དང་དཀར་རྩིས་ནག་རྩིས་ཀྱི་གཞུང་ལུགས་ཀྱི་དགོངས་དོན་ཏེ་དུས་འཁོར་གྱི་རྒྱུད་ནས་བཤད་པའི་གོ་ལའི་དཀྱིལ་འཁོར་དང་རྒྱུ་སྐར་ཉེར་བརྒྱད་ཀྱི་དཀྱིལ་འཁོར་སོགས་རི་མོ་སྒྱུ་རྩལ་གྱི་ལམ་ནས་གསལ་སྟོན་བྱས་ཡོད་པ་དེ་ཐོག་ནས་ཚན་རིག་དང་སྒྱུ་རྩལ་ཟུང་དུ་འབྲེལ་བའི་ཐོན་དངོས་ངོ་མཚར་ཅན་ཞིག་ཡིན་ལ་ལྐོག་གྱུར་གྱི་དོན་མང་པོ་ཞིག་སྒྱུ་རྩལ་གྱི་ཐབས་ལམ་ལ་བརྟེན་ནས་མངོན་པ་བྱས་པར་སེམས། སྨན་རྩིས་གཙོ་བོར་གྱུར་པའི་བོད་ཀྱི་རང་བྱུང་ཚན་རིག་དེ་ཚོར་དུས་ད་ལྟའང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་ཡོད་པ་སྟེ། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་བྱ་བའི་ནང་ལ་གལ་ཆེའི་གནས་བབས་བཟུང་ཡོད། ད་དུང་ཞིང་ཁམས་སོགས་ལྷའི་དཀྱིལ་འཁོར་ཉི་ཟླ་སོགས་རྒྱུ་སྐར་གྱི་དཀྱིལ་འཁོར་གོ་ལ་སོགས་པའི་དཀྱིལ་འཁོར་བཅས་ཚང་མ་སྒོར་དབྱིབས་ཟླུམ་གཟུགས་སུ་བཀོད་པ་དེ་ཐོག་ནས་གནའ་བོའི་བོད་མིས་རང་བྱུང་ཁམས་ལ་ངོས་འཛིན་ཇི་ལྟར་ཐུབ་མིན་གསལ་སྟོན་བྱས་ཡོད། འོན་ཀྱང་གོ་ལས་རང་འཁོར་རྒྱག་པ་དེ་དམིགས་བསལ་བསྟན་མེད་པས་དེང་རབས་ཀྱི་ཚན་རིག་དང་མི་མཐུན་པའི་ཕྱོགས་དེ་ཡིན་པར་སྙམ། །   
            དེ་ཡང་གླེང་གཞི་གཙོ་བོ་རང་ཅག་བོད་ཀྱི་དཀྱིལ་འཁོར་གྱི་བཟོ་བཀོད་སྒྱུ་རྩལ་དང་དེའི་མཚོན་དོན་མདོ་ཙམ་ཞུ་རྒྱུ་ལགས་ན། སྤྱིར་དཀྱིལ་འཁོར་གྱི་བཟོ་བཀོད་སྒྱུ་རྩལ་ནི་ཆོས་ལུགས་རྐྱང་པའི་ཐོག་ཏུ་སྤྱོད་པའི་སྒྱུ་རྩལ་ཞིག་མ་ཡིན་པར་ཨར་སྐྲུན་རིག་པའི་སྒྱུ་རྩལ་གྱི་ཁོངས་སུའང་གཏོགས་ཐུབ་པ་ཞིག་ཡིན། ཆོས་ལུགས་ཀྱི་སྒྱུ་རྩལ་ཐོག་ནས་བཤད་ན་རྒྱུད་སྡེ་ཆེན་པོ་བཞི་སྟེ་བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད། རྣལ་འབྱོར་གྱི་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་བཅས་ཀྱི་ཡི་དམ་སོ་སོའི་ལྷ་ཚོགས་དུ་མ་ཞིག་ཡོད། ཡི་དམ་སོ་སོར་རང་གི་འཁོར་དང་བཅས་པའི་དཀྱིལ་འཁོར་རེ་ཡོད། མདོ་ལུགས་ལ་མཚོན་ན་གནས་བརྟན་བཅུ་དྲུག་གི་དཀྱིལ་འཁོར་དང་། སྨན་བླ་མཆེད་བརྒྱད་ཀྱི་དཀྱིལ་འཁོར་སོགས་ཡོད། དེ་བཞིན་རྒྱུ་སྐར་ཉེར་བརྒྱད་ཀྱི་དཀྱིལ་འཁོར་རི་རབ་དང་གླིང་བཞི་གླིང་ཕྲན་གྱི་དཀྱིལ་འཁོར་ཤམ་བྷཱ་ལའི་དཀྱིལ་འཁོར་སོགས་རིགས་མི་འདྲ་བ་ཧ་ཅང་མང་པོ་ཡོད་པ་དེ་དག་ནི་བློས་བསླངས་ཀྱི་དཀྱིལ་འཁོར་འགའ་ཞིག་ཕུད་མང་ཆེ་བ་ཐང་ག་དང་ལྡེབས་རིས་ཀྱི་སྟེང་དུ་རི་མོའི་སྒྱུ་རྩལ་གྱི་ལམ་ནས་བཀོད་ཡོད་པའོ། །   
            དེ་ཡང་དཀྱིལ་འཁོར་གྱི་འབྲི་ཐབས་ནས་བཤད་ན། གཞལ་ཡས་ཁང་ནི་ཨར་ལས་འཛུགས་སྐྲུན་གྱི་འཆར་ཟིན་རི་མོ་ཞིག་དང་མཚུངས་པ་མ་ཟད། ཁོར་ཡུག་གི་བཀོད་པ་མཛེས་ཤིང་ལྟ་ན་སྡུག་པ། སྣོད་བཅུད་ཀྱི་ཡོན་ཏན་ཡོངས་སུ་ཚང་བའི་འཇིག་རྟེན་གྱི་གོ་ལ་ཞིག་དང་མཚུངས་པ་ཞིག་ཀྱང་ཡིན་ཏེ་དཔེ་མཚོན་ཙམ་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དཀྱིལ་འཁོར་ཇི་ལྟར་བཞེངས་དགོས་པའི་སྐོར་ལ་གཞལ་ཡས་ཁང་གི་འོག་གཞིའི་པདྨ་ནི་གསེར་ཤུན་གྱིས་བརྒྱན་པའི་སྣ་ཚོགས་འདབ་མ་ལ་ལྟེ་བ་ལྗང་གུར་གེ་སར་སེར་པོས་མཚན་པ། པད་འདབ་རྣམས་ཕྱོགས་བཞིའི་པདྨ་དམར་པོ། མེ་རླུང་སེར། དབང་ལྡན་ནག བདེན་བྲལ་ལྗང་བྱས་པའི་ཕྱོགས་རྭ་ནས་གཡས་སྐོར་དུ་ཁ་དོག་དམར་སྔོ་ལྗང་གསུམ་སྤེལ་བའི་འདབ་མ་དྲུག་ཅུ་རེ་བཞི་དེའི་ལྟེ་བར་རྡོ་རྗེ་སྟེ་ལྟེ་བ་སྔོན་པོ་གྲུ་བཞི་པ་མཐའ་ནས་མཐར་ཆ་ཆེན་བཅུ་གཉིས།  དཔངས་ཆ་ཆེན་ལྔ། ཕྱོགས་བཞིའི་དབུས་ནས་དབུས་རྭའི་བར་ཆ་ཕྲན་གསུམ། དཀྱིལ་ལ་བཞི། རྩེ་ལ་གཅིག དབུས་ནས་ཕྱོགས་སོ་སོར་ཆ་ཕྲན་དྲུག་སོང་བ་ནས་ནང་མཐའ་ཐོན་པའི་ཕྱོགས་རྭའི་རྩ་བར་ཆ་ཕྲན་གཉིས། དབུས་ལ་གསུམ། རྩེ་ལ་གཅིག་ལས་དམན་ཙམ། རྭ་ཐམས་ཅད་ཀྱི་སྲིད་ལ་ཆ་ཕྲན་བཅུ་དྲུག་རེ་ཡོད་ཀྱང་། རེ་ཕྱོགས་རྭ་གུག་པའི་ཆས་གཉིས་འཁུམ་ཆ་སྲིན་གྱི་ཁ་ནས་འཐོན་ཞིང་། རྭ་རྣམས་ནི་ཕྱོགས་སོ་སོའི་མདོག་ཅན་ནོ། །   
            ལྟེ་བའི་དབུས་ནས་ཕྱོགས་སོ་སོར་ཆ་ཆེན་བཞི་རེ་སོང་མཚམས་སུ་ཕྱི་ནས་དཀར་སེར་དམར་ལྗང་སྔོ་བའི་རྩིག་པ་ལྔ་སྦྲག་ཅན་གྱི་ཞེང་དུ་ཆ་ཕྲན་གཅིག དཔྱངས་ཆ་ཕྲན་བཅུ་གསུམ། དེའི་སྟེང་དུ་གཞི་དམར་པོ་ལ་རྒྱན་རིས་དང་རིན་པོཆེ་ཟུར་གསུམ་གྲུ་བཞིའི་དབྱིབས་ཅན་གྱིས་སྤྲས་པ། དེའི་སྟེང་གསེར་གྱི་སྐ་རགས་བཞི་བརྩེགས་ཅན་རིན་པོ་ཆེ་བདུན་ལྡན་འོག་ཏུ་རྡོའི་སྙིང་པོ་ཁ་དོག་སྨུག་ཅན་གྱི་ཀ་བ་ཕྱི་ནང་རྐྱང་བསྒྲིགས་ཅན་ལ་མུ་ཏིག་དམར་པོའི་བྲེ། དེའི་སྟེང་སྦུག་གི་གཞུ་འཕྲེད་ལ་བཏང་བ། གཞུ་མཐའི་འོག་ཏུ་ཤེད་ཀྱི་ཀ་ཆུང་རེ། དེའི་སྟེང་བེེཌཱུརྱའི་བྲེ། ཡང་དེ་སྟེང་དུ་དངུལ་གྱི་གཞུ་གཞུང་ལ་བཏང་བ་བར་ཐག་ཇི་ལྟར་འཚམས་པ་དང་ཟུར་བཞིར་སྔར་ལྟར་ཀ་བ་དང་བྲེའི་སྟེང་དུ་སྦུག་གི་གཞུ་བསྣོལ་མ། དེའི་མཆོག་མ་བཞིར་ཤེལ་གྱི་ཀ་བ་དང་བྲེ་བཅས་ཀྱི་སྟེང་དུ་དངུལ་གྱི་གཞུ་འཁྱོག་ཅན་དེའི་སྟེང་གསེར་སྣམ་ལེབ་མོ་བརྐྱངས་པ་དབུས་ནས་རྩིག་འགྲམ་བར་ཆ་བཅུ་དྲུག་སྟེ་རྒྱ་ཁྱོན་ཕྱེད་དང་དཔངས་མཉམ་པའོ། །   
            གཞི་ཚོན་ནག་པོའི་ཐོག་ཏུ་གསེར་གྱི་རྡོ་རྗེས་གང་བའི་ཕྲེང་བ་ཟླུམ་པོ་དང་། སྣམ་བུ་མིག་མངས་རིས་སུ་བཀོད་པའི་སྣེ་མོ་རྡོ་རྗེའི་ཕྲེང་བ་ཟླུམ་པོ་ལ་ཟུག་པ། ཟླུམ་པོ་དང་སྣམ་བུ་འཕྲད་མཚམས་ནས་ཐོན་པའི་ཀ་བ་གཉིས་རེ་ཡོད་པ། ཕྱོགས་མདོག་འཁོར་ལོ་དང་རིན་པོ་ཆེ། པདྨ། རལ་གྲི་སོ་སོས་མཚན་པ། དེའི་སྟེང་བྲེ་དང་གཞུ་ཐུང་། གཞུ་རིང་འཁྱོག་པོར་བཏང་བ་གསུམ། ཡང་དེའི་སྟེང་སྔར་ལྟར་གདུང་ཟླུམ་དང་གདུང་རིང་མིག་མང་གི་རི་མོ་ཅན་བཀལ་བ། གདུང་རིང་གི་སྣེ་སོ་སོར་གསེར་སྣམ་དང་པོ་གཉིས་ལ་ཏ་བཏོན་ནས་བཀལ། དེ་ནས་ཐོག་འབུབ་པ་ནི་ལྕམ་གྱི་ཕྱི་སྣེ་གསེར་སྣམ་ལས་ཆུ་སྲིན་གྱི་མགོ་བོ་ཁ་གདངས་ནས་ཡོད་པ། ཕྱོགས་རེར་ཉེར་བརྒྱད་ཀྱི་བལ་སྣེ་གདུང་འཁོར་དང་གདུང་རིང་ལ་བཀལ་ནས་ཕྱི་ཁྱམས་གྲུ་བཞིའི་ཐོག་དབུབ་གདུང་མ་དང་ལྕམ་སྣེ་སོ་སོར་ནོར་བུ་མེ་འབར་དང་ནོར་བུ་དགའ་འཁྱིལ་གྱི་རི་བྱའོ། །   
            དེའི་སྟེང་ན་རྒྱ་ཕིབས་འདེགས་བྱེད་ཀྱི་ཀ་བ་གསེག་ཁ་ཅན་མགོ་དབུས་སུ་དུད་པ། ཀ་བ་རྣམས་ཀྱི་སྟེང་དུ་གདུང་ལེབ་ཞེང་ལ་སྒོ་ཚད་རེ་བཀལ་བའི་སྣེ་ལྷོ་བྱང་དུ་སོང་བ་ལ་ཁྱུང་གི་མགོ་བོའི་རྭ་གཉིས་ཀྱི་བར་དུ་ནོར་བུས་བརྒྱན་པ། རེའུ་མིག་གྲུ་བཞིའི་ཁ་གདངས་སུ་ཀ་ཆུང་བྲེ་གཞུ་དང་བཅས་པ་བར་ཐག་འཚམ་ཞིང་བཀོད་པའི་སྟེང་དུ་གདུང་ལེབ་ཕྱོགས་བཞིར་བཏང་། སྒྲོག་ཐུང་གི་མཚམས་ནས་གདུང་མ་བཞི་བཏང་བའི་སྣེ་མོ་དེ་འོག་གི་གདུང་ལེབ་ལ་བཀལ། རྒྱ་ཕིབས་ནི་ལྕམ་སྣེའི་སྟེང་གི་གདུང་ལེབ་དང་འཁྱོག་གདུང་ལ་བཀལ། སྒྲོག་ཐུང་གི་ཐོད་དུ་བར་སྟོང་ཡོད་སར་ཁྱུང་མགོའི་ཁ་ནས་འཕང་བའི་དྲྭ་བ་དྲྭ་ཕྱེད་ཀྱིས་བརྒྱན་ཏེ་བསྒྲིབ་པར་བྱ། སྟེང་གི་གདུང་ལེབ་ཀྱི་དབུས་སུ་རྒྱུད་བཞུགས་པའི་ཁང་ཆུང་སྒོ་ཤར་དུ་བསྟན་པ་དེའི་སྟེང་ནོར་བུ་སེར་པོ་ཟུར་དགུ་པའི་སྟེང་དུ་རྡོ་རྗེ་ཕ་ལམ་ལས་གྲུབ་པའི་རྡོ་རྗེ་རྩེ་ལྔ་པའི་ཏོག་དང་ལྡན་པའོ། །   
            ཕྱིའི་ལྕམ་སྣེར་ཆུ་སྲིན་གྱི་ཁ་འགུག་ཏུ་འཕང་བའི་དྲྭ་བ་ཉིས་གཤིབ་ལ་དབུས་སུ་ནོར་བུའི་ཚོམ་བུ་དང་། ཟླ་བ་ཕྱེད་པ་དང་། རིན་པོ་ཆེ། རྡོ་རྗེ་རྣམས་ཀྱིས་མཚན་པ། ཆུ་སྲིན་གྱི་ཁའི་དཀྱིལ་ནས་དྲྭ་ཕྱེད་གསུམ་གྱི་སྣེར་དྲིལ་བུ་དང་། རྔ་གཡབ་ཀྱིས་བརྒྱན་ཅིང་། འཕྱང་ཕྲུལ་གཡས་གཡོན་དུ་འཕན་དང་། མེ་ཏོག་གི་ཕྲེང་བ་རྣམས་ཕ་གུ་ལ་རེག་ཙམ་བྱ་བ། དེའི་སྟེང་བ་འདབ་ཀྱི་ཁོར་ཡུག་འོག་སྣེར་ཤུམ་བུ་དཀར་པོ་དང་། བྱ་འདབ་ཀྱི་སྟེང་དུ་མདའ་གཡབ་དཀར་པོ་པད་འདབ་ཕྱེད་པའི་དབྱིབས་ཅན་གྱེན་དུ་བསླངས་པའི་ཟུར་བཞིར་སྤྲེའུ་ཁ་ནང་བལྟས་གདུགས་བཟུང་བ། སྒོའི་གཡས་གཡོན་དུ་གསེར་གྱི་བུམ་པའི་དབུས་ནས་ཐོན་པའི་རྒྱལ་མཚན་དང་བ་དན་ཏེ་ཕྱོགས་སོ་སོར་རྒྱལ་མཚན་གཉིས་རེ་དང་། བ་དན་གཉིས་རེ། དེ་ཡང་རྒྱལ་མཚན་ལ་སེང་གེ་དང་མཁའ་ལྡིང་འདུས་པའི་ཕྲུ་གུ་གཟུགས་སེང་གེ་ལ་མགོ་བོ་ཁྱུང་། དཔུང་པ་གཡས་གཡོན་དུ་གཤོག་པ་ཡོད་པ། དུང་དང་ཆུ་སྲིན་འདུས་པའི་ཕྲུ་གུ་ལ་ལུས་དུང་དཀར་ལ་མགོ་བོ་དང་མཇུག་མ་ཆུ་སྲིན་གྱི་གཟུགས་ཉ་དང་སྲམ་འདུས་པའི་ཕྲུ་གུ་ལ་མགོ་དང་ལུས་སྟོད་ཉའི་རྣམ་པ་ལ་ལུས་སྨད་སྲམ་གྱི་གཟུགས་ཅན་བཅས་ནི་མི་མཐུན་པ་རྣམས་མཐུན་ཞིང་ཕྱོགས་ལས་རྣམ་པར་རྒྱལ་བ་མཚོན་པའོ། །   
            ཕྱོགས་བཞིའི་རྩིག་པའི་དབུས་ན་བརྒྱད་ཆ་ཕྱེད་པའི་སྒོ་རྩིག་པའི་ནང་འགྲམ་ནས་ཕྱིར་སྒོ་ཚད་སོང་བའི་སྒོ་ཁྱུད། སྒོ་ཁྱུད་ཀྱི་ནང་ངོས་སུ་ཕྱི་ཁྱམས་ཀྱི་ལྕམ་སྣེ་ཕྱི་མ་འགེལ་བའི་གདུང་མ་དང་། ཕྱི་ངོས་སྒོ་ཁང་གི་ལྕམ་སྣེ་ནང་མ་འགེལ་བའི་གདུང་མ་གཉིས་ཀྱི་བར་དུ་ལྕམ་བཞི་འཕྲེད་ལ་བཏང་། སྒོ་ལོགས་ཀྱི་སྣེར་ཀ་བ་གཅིག་རེ་ཡོད་པའི་སྟེང་དུ་གདུང་མ། དེའི་སྟེང་རྩིག་པ་ལ་ཕ་གུ་གསེར་གྱི་སྐེ་རག་ཡོད་པ། གདུང་མ་དེའི་འོག་ཏུ་རྒྱུ་བཞི་རེ་དང་སྒོ་གླེགས། ཡ་ཐེམས་དང་གདུང་མའི་བར་དུ་འཁོར་ལོ་དཀར་པོ། རིན་པོ་ཆེ་སེར་པོ། པདྨ་དམར་པོ། རལ་གྲི་ལྗང་ཁུ་སོགས་ཀྱིས་རབ་ཏུ་བརྒྱན་པ། རྩིག་པའི་ཕྱི་འགྲམ་དུ་འདོད་སྣམ་དམར་པོ། དེའི་སྟེང་ན་ཞལ་ནང་གཟིགས་ཀྱི་མནོད་པའི་ལྷ་མོ་ཕྱོགས་སོ་སོར་བཞི་རེ། ཐམས་ཅད་མཛེས་ཤིང་ལྟ་ན་སྡུག་པ་དང་གླུ་གར་དང་རོལ་མོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པའི་མཆོད་པ་འབུལ་བཞིན་ཡོད། རྩིག་པའི་ཕྱི་ནང་གི་ཟུར་རྣམས་སུ་ཟླ་ཚེས་དཀར་པོ། རིན་པོ་ཆེ་ཟུར་བརྒྱད་དམར་པོ། རྡོ་རྗེ་རྩེ་ལྔ་སེར་པོ་རྣམས་ཀྱིས་མཚན་པས་སོ། །   
            ཕྱོགས་བཞིའི་སྒོ་ཆེན་སོ་སོར་སྣ་ཚོགས་རྡོ་རྗེའི་རྭའི་བར་དུ་རིན་པོ་ཆེའི་ཐེམ་སྐས་བང་རིམ་བཞི་པ། ཐེམ་སྐས་གོང་མ་དང་རྡོ་རྗེའི་ལྟེ་བ་མཉམ་པ། བང་རིམ་རེ་ལ་གཡས་གཡོན་གདང་བུ་བཞི་པ་ཅན་གྱི་སེང་རེ། ཐེམ་སྐས་ཀྱི་བང་རིམ་སྟེང་མའི་གཡས་གཡོན་གྱི་སྣེར་སྟེགས་བུ་གྲུ་བཞིའི་སྟེང་དུ་བུམ་པ་ལས་ཐོན་པའི་ཀ་བ་དཀྱིལ་སྦོམ་པ་ཕྱི་ནང་དུ་གཉིས་རེ་སྟེ་རྟ་བབས་རེ་ལ་ཀ་བ་བཞི་རེ། མདའ་གཡབ་ཀྱི་བར་སྟོང་དྲུག་གི་ཆ་ལ་སྣམ་བུ་ལེབ་མོས་བཀབ་པ། དབུས་སུ་པདྨ་དང་ཟླ་བའི་སྟེང་དུ་འཁོར་ལོ་སེར་པོ་རྩིབས་བརྒྱད་པ། དེའི་གཡས་གཡོན་དུ་རི་དྭགས་ཕོ་མོ་ཉལ་སྟབས་ཅན་མགྲིན་པ་གྱེན་དུ་ཕྱོགས་ཏེ་མིག་འཁོར་ལོའི་རྩེར་བལྟ་བ། དེའི་མཇུག་མའི་ཕྱོགས་ཀྱི་མདའ་གཡབ་ནང་མའི་སྟེང་དུ་ཐོག་ས་གོང་མ་དང་མཚུངས་པར་སྤྲེའུ་གདུགས་འཛིན་དང་། གསེར་སྣམ་གོང་འོག་གསུམ་གྱི་སྟེང་དུ་བུམ་པ་ལས་ཐོན་པའི་རྒྱལ་མཚན་དང་བ་དན་རྣམས་ཀྱི་དབྱིབས་དང་ཚད་སོགས་གོང་ལྟར་རོ། །   
ས་གཞིའི་རྟ་བབས་ཀྱི་གཡས་གཡོན་དུ་གསེར་བུམ་ལས་ཐོན་པའི་དཔག་བསམ་གྱི་ལྗོན་ཤིང་ཡན་འདབ་དྲུག་པ་ལ་ལོ་མ་མེ་ཏོག་འབྲས་བུས་མཚན་པ་དེའི་དབུས་སུ་ཁྱིམ་བདག་དམར་པོ་ནོར་བུ་འཛིན་པ། འཁོར་ལོ་སེར་པོ་རྩིབས་བརྒྱད་པ། བུད་མེད་མཛེས་མ་སྔོ་བསངས་མ། གླང་ཆེན་ཐལ་དཀར་མཆེ་བ་དྲུག་ལྡན། དམག་དཔོན་ནག་པོ་རལ་གྲི་ཐོགས་པ། རྟ་མཆོག་ལྗང་གུ་ཤུགས་དང་ལྡན་པ། ནོར་བུ་སེར་པོ་ཟུར་བརྒྱད་པ་རྣམས་འཁོད་ཡོད། དེའི་ཕྱི་ངོས་ཀྱི་བར་སྣང་ལ་གྲུབ་ཆེན་དང་། སྟེང་གི་ནམ་མཁར་སྤྲིན་གྱི་གསེབ་ནས་ལུས་ཕྱེད་ཕྱིར་མངོན་ཞིང་མཛེས་ཤིང་སྒེག་ཉམས་ཅན་གྱི་ལྷ་མོ་མེ་ཏོག་གི་ཕྲེང་བ་བཟུང་བ་སོགས་ཕྱོགས་ཐམས་ཅད་ལ་ཡོད་པའོ། །
            འོག་གཞི་སྣ་ཚོགས་པདྲའི་ཕྱི་རོལ་ཏུ་སྲུང་འཁོར་མཚོན་པའི་རྡོ་རྗེའི་རྭ་བ་ཆ་ཕྲན་རེ་རེའི་བར་ཐག་ཏུ་རྡོ་རྗེ་རེ་བཀོད་ནས་རྡོ་རྗེ་བཅུ་དྲུག་ཙམ་བྲི་ཆ་ལ་ཡོད་པར་ལྟར་དང་། སྒོམ་པའི་ཚེ་ན་གྲངས་མེད་པ་ཉིད་དོ། ། དེའི་ཕྱི་རོལ་ཏུ་མེའི་རྭ་བ་མེ་མཚམས་ནས་འགོ་བཙུགས་ཏེ་དཀར་སེར་དམར་ལྗང་སྔོན་པོ་བཅས་སྤེལ་མའི་མེ་གླེང་དུམ་བུ་སོ་གཉིས་ཀྱིས་བསྐོར་བ། ཡང་དེའི་ཕྱི་རོལ་ཏུ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་བསྐོར་བ་བཅས་སོ། ། 
            གོང་དུ་གསལ་བའི་དཀྱིལ་འཁོར་གྱི་གཞལ་ཡས་ཁང་གི་ཕྱིའི་བཀོད་པ་དང་། ནང་གི་གྲུབ་ཚུལ། བཟོ་བཀོད་མཛེས་རྒྱན། ཕྱོགས་སོ་སོའི་ཁ་དོག་མཐོ་ཚད་དང་། དཔངས་ཚད་རྒྱ་ཁྱོན་བཅས་ཆ་ཚད་རིམ་པར་བཀོད་ཡོད་པས། དེ་ཡང་གཙོ་བོར་འཁོར་གྱིས་རོལ་པས་མཛེས་པ་བསྐོར་བ་སྟེ་ཡི་དམ་ལྷའི་ཕོ་བྲང་ཡིན་ཞིང་། དཀྱིལ་འཁོར་གྱི་དབུས་སུ་གཙོ་བོ་བཞུགས་སའི་ཕོ་བྲང་དང་། ཕྱོགས་མཚམས་སོ་སོར་འཁོར་གྱི་ལྷ་མགྲོན་རྣམས་བཞུགས་སའི་ཕོ་བྲང་། གཞལ་ཡས་ཁང་ཐོག་བརྩེགས་གསུམ་ལྡན་ལ་རྩེ་མོར་རྒྱ་ཕིབས་ལ་རིན་པོ་ཆེའི་ཏོག་དང་ལྡན་ཞིང་རྒྱ་ཕིབས་ཀྱི་ཟུར་རྒྱན་ལ་ཆུ་སྲིན་གྱི་མགོ་བོ་ཁ་གདངས་ནས་བསྡད་པ། ཐོག་བརྩེགས་གསུམ་དང་ལྡན་པ། ཐོག་བརྩེགས་སོ་སོའི་མདའ་གཡབ་ཀྱི་ཕྱོགས་བཞིར་ཆོས་འཁོར་ལ་རི་དྭགས་ཕོ་མོས་བརྒྱན་པ། དེའི་གཡས་གཡོན་དུ་གདུགས་དང་རྒྱལ་མཚན་བ་དན་སོགས་ཀྱིས་མཚན་པ། གཞལ་ཡས་ཁང་གི་རྩིག་པའི་ངོས་བཞི་དང་། ཕྱོགས་བཞིར་སྒོ་བཞི། མཐིལ་གྱི་ས་གཞི་བཅས་ཀྱི་ཁ་དོག་སོ་སོས་གང་མཚོན་ཡོད་ཅེ་ན་ཤར་དཀར་པོ་ཤེལ་ལས་གྲུབ་པས་ཞི་བའི་ལས་མཚོན་པ། ལྷོ་སེར་པོ་གསེར་ལས་གྲུབ་པས་རྒྱས་པའི་ལས་མཚོན་པ། ནུབ་དམར་པོ་པད་རག་ལས་གྲུབ་པས་དབང་གི་ལས་མཚོན་པ། བྱང་ལྗང་གུ་མར་གད་ལས་གྲུབ་པས་འཕྲིན་ལས་ཀྱི་ལས་མཚོན་པ། དབུས་སྔོན་བེཌཱུརྱ་ལས་གྲུབ་པས་དྲག་པོའི་ལས་མཚོན་པ་བཅས་ཡིན། གཞལ་ཡས་ཁང་གི་རྩིག་པའི་ཕྱི་ནང་གི་ངོས་སུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་དྲ་བ་དང་དྲྭ་ཕྱེད་ཀྱིས་བརྒྱན་ཅིང་། ཐོག་བརྩེགས་སོ་སོའི་ནང་གི་ཁང་པ་དང་། ཕྱིའི་བར་ཁྱིམ་གྱི་ཀ་བ་དང་གདུང་མ་གཞུ་དང་གཞུ་ཆུང་། རྒྱ་ཕིབས་འདེགས་བྱེད་ཀྱི་གླང་སྣ་བྲེ་འགྱོགས་རྣམས་ཀྱང་རྒྱུ་རིན་པོ་ཆེ་འབའ་ཞིག་ལས་གྲུབ་ཅིང་དེ་དག་གི་སྟེང་དུ་རྒྱན་རིས་བྱ་འབྲུག་དང་ལོ་མ་པ་ཊ་བཀྲ་ཤིས་རྟགས་བརྒྱད་དང་། བཀྲ་ཤིས་རྫས་བརྒྱད་སོགས་ཕུན་སུམ་ཚོགས་ཤིང་ཡིད་དུ་འོང་བ་ཤ་སྟག་བཀོད་ཡོད། གཞལ་ཡས་ཁང་གི་ཕྱི་རོལ་གྱི་ཁོར་ཡུག་ཏུ་ས་གཞི་རྣམས་རིན་པོ་ཆེ་ལས་གྲུབ་ཅིང་། ས་གཞིའི་ངོས་སུ་ཕྱོགས་བཞིར་གསེར་གྱི་བུམ་པ་ཕྲ་ཚོམ་གྱིས་བརྒྱན་པའི་ནང་དུ་དཔག་བསམ་གྱི་ལྗོན་ཤིང་ལོ་མ་མེ་ཏོག་འབྲས་བུས་ཁེངས་པའི་ཡལ་འདབ་དྲུག་པ་ཅན་བརྒྱད་ལ་རྒྱལ་སྲིད་སྣ་བདུན་གྱིས་མཚན་པ་ད་དུང་མཛེས་ཤིང་ལྟ་ན་སྡུག་པའི་མཆོད་པའི་ལྷ་མོ་མང་པོས་རོལ་མོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པའི་གླུ་གར་གྱི་མཆོད་པ་འབུལ་བ། ནམ་མཁའ་རྒྱུ་སྤྲིན་གསེབ་ཀྱི་དབུས་ནས་ལུས་ཕྱེད་ཕྱིར་མངོན་པའི་ལྷ་ཡི་བུ་དང་བུ་མོས་མེ་ཏོག་གི་ཕྲེང་བ་འཛིན་ཅིང་མཆོད་པ་འབུལ་བར་བྱེད་པ། མཐའ་འཁོར་དུ་སྲུང་འཁོར་རྡོ་རྗེའི་རྭ་བ་དང་། སྣ་ཚོགས་མེའི་རྭ་བ་དུར་ཁྲོད་ཆེན་པོ་བརྒྱད་བཅས་ཀྱིས་བསྐོར་བ་སོགས་སྣོད་བཅུད་ཀྱི་ཡོན་ཏན་ཐམས་ཅད་ཚང་ཞིང་། ངོ་མཚར་བཀོད་པ་ཕུན་སུམ་ཚོགས་པའི་ཞིང་གི་རྣམ་པ་དེར། སྐྱེ་བོ་རྣམས་ཀྱི་ཡིད་དབང་མི་འཕྲོག་པ་ཅི་ལ་སྲིད། མ་གཞི་དཀྱིལ་འཁོར་གྱི་སྒྱུ་རྩལ་འདི་ཉིད་ཆོས་ལུགས་ཀྱི་སྒྱུ་རྩལ་འདི་ཉིད་ཆོས་ལུགས་ཀྱི་སྒྱུ་རྩལ་ཞིག་ཏུ་མངོན་ནའང་། ཁོ་བོའི་ལྟ་བའི་ཐོག་ནས་ཞིབ་པར་དཔྱད་ན། དཀྱིལ་འཁོར་གྱི་ཆགས་ཚུལ་དེ་ཉིད་ཀྱི་ཐོག་ནས་ནམ་མཁའི་རྒྱུ་སྐར་གྲངས་མེད་པའི་གོ་ལ་དེ་དག་དང་གཉིས་སུ་མ་མཆིས་པས། སྟོང་བསམ་གྱི་ཚན་རིག་ཅེས་པའི་བརྩམ་བའི་བརྙན་འཕྲིན་སྤྱིན་ཤོག་ཐོག་འཁོད་པའི་སྐར་མའི་འཇིག་རྟེན་གྱི་མི་སྣ་ཁྱད་མཚར་ཅན་འཁྲབ་སྟོན་བྱེད་པའི་སྒྱུ་རྩལ་དང་གཅིག་མཚུངས་ཞིག་ཡིན། དངོས་དོན་ཐོག་ནས་བཤད་ན་གནའ་བོའི་རྒྱ་གར་གྱི་ཨར་སྐྲུན་རིག་པ་དེ་བོད་དུ་དར་རྗེས་རང་མི་རིགས་ཀྱི་ཉམས་འགྱུར་མངོན་པའི་ཨར་སྐྲུན་རིག་པ་དང་ཟུང་དུ་འབྲེལ་ནས་གནའ་བོའི་བོད་ཀྱི་ཨར་སྐྲུན་རིག་པའི་མ་ལག་གལ་ཆེན་ཞིག་ཏུ་གྱུར་པ་སྟེ། དཔེར་ན། དུས་རབས་བདུན་པའི་སྐབས་སུ་རྒྱལ་པོ་སྲོང་བཙན་སྒམ་པོས་བསྐྲུན་པའི་ལྷ་སའི་གཙུག་ལག་ཁང་གི་བཟོ་དབྱིབས་དང་དུས་རབས་བརྒྱད་པའི་ནང་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་བསྐྲུན་པའི་བསམ་ཡས་གཙུག་ལག་ཁང་། དུས་རབས་བཅུ་པའི་དུས་དཀྱིལ་ཙམ་ལ་ལོ་ཆེན་རིན་ཆེན་བཟང་པོས་བསྐྲུན་པའི་མངའ་རིས་གུ་གེའི་མཐོ་ལྡིང་གསེར་གྱི་ལྷ་ཁང་། དུས་རབས་བཅུ་བཞི་པའི་ནང་རབ་བརྟན་ཀུན་བཟང་འཕགས་ཀྱིས་བསྐྲུན་པའི་དཔལ་འཁོར་མཆོད་རྟེན་སོགས་ཀྱི་དབྱིབས་བཀོད་གྲུབ་ཚུལ་ནི་དཀྱིལ་འཁོར་ལ་དཔེ་བླངས་ནས་བསྐྲུན་ཡོད་པས། དེ་དང་དེ་འདྲ་བ་མང་པོ་ཞིག་བོད་ཀྱི་ས་གནས་ཁག་ནང་མཇལ་རྒྱུ་ཡོད། དེ་བཞིན་ཕོ་བྲང་པོ་ཏཱ་ལའི་རྒྱུ་གསེར་ཟངས་ལས་གྲུབ་པའི་དུས་འཁོར་གྱི་བློས་བསླང་དཀྱིལ་འཁོར་སེར་སྔགས་གྲྭ་ཚང་གི་རྒྱུ་འཇིམ་ལས་གྲུབ་པའི་བདེ་གསང་འཇིགས་གསུམ་གྱི་བློས་བསླང་དཀྱིལ་འཁོར། དགའ་ལྡན་ཡངས་པ་ཅན་གྱི་རྒྱུ་གསེར་ཟངས་ལས་གྲུབ་པའི་བདེ་མཆོག་གི་བློས་བསླང་དཀྱི་ལ་འཁོར་སོགས་དང་། དཀྱིལ་འཁོར་གྱི་ལྡེབས་རིས་ནི་ས་སྐྱ་དང་། ཞ་ལུ་དཔལ་འཁོར་མཆོད་རྟེན་སོགས་ཀྱི་དགོན་པ་མང་པོ་ཞིག་ཏུ་ཡོད། དཀྱིལ་འཁོར་གྱི་བྲིས་ཐང་དང་རྡུལ་ཚོན་གྱི་དཀྱིལ་འཁོར་ནི་དགོན་པ་གང་ས་གང་དུ་མཐོང་རྒྱུ་ཡོད་དེའི་ཐོག་ནས་དཀྱིལ་འཁོར་གྱི་སྒྱུ་རྩལ་ནི་ཨར་སྐྲུན་རིག་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མཚོན་ཡོད་ལ་ད་དུང་དཀྱིལ་འཁོར་ལ་བོད་ལུགས་ཀྱི་རྒྱན་རིས་སྣ་ཚོགས་བཀོད་པ་དེ་དག་དང་བོད་མིའི་དམངས་ཁྲོད་དུ་ཁྱབ་པའི་ཁང་པའི་རྒྱན་རིས་གཉིས་པོ་རྩ་བའི་ཆ་ནས་གཅིག་མཚུངས་ཡིན་ལ་ཚོན་སྣ་ཕུན་སུམ་ཚོགས་ཤིང་མཛེས་ཆ་ཤིན་ཏུ་དོད་པོ་ཡོད། དེ་ཡང་དུས་རབས་བརྒྱད་པ་ནས་དུས་རབས་བཅུ་གཉིས་པའི་བར་དུ་བྲིས་པའི་དཀྱིལ་འཁོར་ནི་བལ་ལུགས་རི་མོའི་ཁྱད་ཆོས་ལྡན་པ་ཞིག་དང་། དུས་རབས་བཅུ་གསུམ་ནས་དུས་རབས་བཅོ་ལྔ་པའི་བར་བྲིས་པའི་དཀྱིལ་འཁོར་ནི་བྱིའུ་སྒང་པའི་ལུགས་ཀྱི་ཁྱད་ཆོས་ལྡན་པ་སྟེ། དཀྱིལ་འཁོར་གྱི་གཞི་གདན་ནི་དམར་པོ་དང་ནག་པོ་གཉིས་གང་རུང་གི་ཐོག་ཏུ་ལོ་མ་པ་ཊ་དང་སྲོག་ཆགས་པ་ཊ་སོགས་ཀྱི་རི་མོ་འཁྲུག་ཆ་དོད་པོས་སྟོང་ཆ་ཡོད་ཚད་ཁེངས་ཡོད་པ་དང་། རྒྱན་རིས་རྣམས་བལ་ལུགས་སམ་ཡང་ན་ཁ་ཆེ་ལུགས་ཀྱི་ཤུགས་རྐྱེན་ལྡན་པའི་རི་མོ་ཞིབ་ཚགས་ལ་མཉེན་ཆ་དོད་པ། ཚོན་མདངས་འཇམ་ཤ་དོད་ཅིང་ཚོན་སྣ་ཕུན་སུམཆོགས་པོ་ཡོད། དེ་རྗེས་དུས་རབས་བཅོ་ལྔ་པའི་དུས་དཀྱིལ་ནས་དུས་རབས་བཅུ་བདུན་པའི་དུས་འགོ་བར་བྱིའུ་སྒང་པའི་ལུགས་ཀྱི་འབྲི་ཐབས་ནས་སྨན་མཁྱེན་གཉིས་ཀྱི་འབྲི་ཐབས་བར་འཕོ་འགྱུར་དང་ཡར་རྒྱས་ཤིན་ཏུ་ཆེན་པོ་བྱུང་བའི་དུས་སྐབས་ཤིག་ཡིན། དེ་ཡང་སྨན་ལུགས་པ་རྣམས་ཀྱིས་བྲིས་པའི་དཀྱིལ་འཁོར་གྱི་ཚོན་མདངས་སྣུམ་ཤས་ཆེ་ལ་འཇམ་ཤ་དོད་པ། བཟོ་བཀོད་མཛེས་རྩལ་རྣམ་གྲངས་མང་ལ་ཞིབ་ཚགས་པ། ལྷག་པར་དུ་གསེར་རིས་ཆ་སྙོམས་ལ་ཞིབ་ཚགས་པ་བཅས་ཀྱི་ཁྱད་ཆོས་ལྡན་པ་དང་། མཁྱེན་ལུགས་ཀྱི་དཀྱིལ་འཁོར་འབྲི་བའི་ཁྱད་ཆོས་ནི་བྱིའུ་སྒང་པའི་ལུགས་ཀྱི་ལེགས་ཆ་རྒྱན་འཛིན་གྱི་ཐོག་ཚོན་མདངས་ཅུང་ཟད་ཧར་ཤས་ཆེ་བ་དང་། རྒྱན་རིས་རྣམས་ལ་དང་དོད་ཤུགས་ཆེན་བྱེད་པ། ལྷག་པར་དུ་དཀྱིལ་འཁོར་གྱི་ལྷ་དྲག་པོའི་རིགས་རྣམས་སྟངས་སྟབས་བདེ་ཞིང་འཁྱུག་པ་སོགས་ཀྱི་ཁྱད་ཆོད་ལྡན་ཡོད། པོ་ཏཱ་ལར་རྡོ་རྗེ་ཕྲེང་བའི་དཀྱིལ་འཁོར་བཞེངས་སྟབས་ཞི་བའི་རིགས་སྨན་ཐང་པའི་ལག་རྒྱུན་ལེགས་ཚུལ་དང་དྲག་པོའི་རིགས་མཁྱེན་ལུགས་ཀྱི་ལག་རྒྱུན་ལེགས་ཚུལ་གསལ་བ་ལྟར་རི་མོའི་གྲུབ་མཐའ་མི་འདྲ་བ་གཉིས་པོ་དེར་སོ་སོའི་ཁྱད་ཆོས་མི་འདྲ་བ་བསྟན་ཡོད། མདོར་ན་བྲིས་འབུར་གཉིས་ཀའི་ཆ་ནས་ཀྱང་མཛེས་ཆ་དོད་ལ་བཟོ་བཀོད་བརྗིད་ཉམས་ལྡན་པའི་སྒྱུ་རྩལ་དེ་ལྟ་བུ་ནི་བོད་རིགས་མི་དམངས་ཀྱི་བསམ་པའི་བློ་གྲོས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པས། མི་རྣམས་ཀྱི་བསམ་པའི་དྲན་འཆར་མང་པོ་ཞིག་སྙིང་བསྡུས་ཀྱིས་སྒྱུ་རྩལ་གཟུགས་བཀོད་ཀྱི་ཐབས་ལ་བརྟེན་ནས་མངོན་པ་བྱས་ཡོད། སྒྱུ་རྩལ་དེ་ཚོས་མི་རྣམས་ལ་བསམ་པའི་འཚོ་བ་རྫོགས་མཐའ་མེད་པ་ཞིག་མཁོ་སྤྲོད་བྱས་ཡོད་པ་སྟེ། མཛེས་རྩལ་གྱི་མྱོང་རོལ་ཞེས་པ་དེ་ཡིན། རང་ཅག་གི་མེས་རྒྱལ་ཁྱིམ་ཚང་ཆེན་པོ་འདི་ལ་མཚོན་ན། མི་རིགས་ལྔ་བཅུ་ལྷག་ཙམ་འདུས་པའི་ཁྱིམ་ཚང་ཆེན་པོ་ཞིག་ཡིན། མི་རིགས་གང་འདྲ་ཞིག་ལའང་སོ་སོའི་ཁྱོད་ཆོས་ལྡན་པའི་རིག་གནས་དང་སྒྱུ་རྩལ་གྱི་སྲོལ་རྒྱུན་བཟང་པོ་རེ་ཡོད་པས། དེ་ནི་ཀྲུང་ཧྭ་མི་རིགས་ཧྲིལ་པོའི་རིག་གནས་བང་མཛོད་ནང་གི་ཆ་ཤས་ཤིག་ཡིན། དེར་གཅེས་འཛིན་བྱེད་རྒྱུ་དེ་ནི་ཧ་ཅང་གལ་ཆེན་པོ་ཞིག་ཡིན་པར་སེམས། མའོ་ཀྲུའུ་ཞིས“གནའ་བཟང་དེང་སྤྱོད་དང་ཕྱི་བཟང་ཀྲུང་སྤྱོད”ཀྱི་བཀའ་སློབ་གནང་ཡོད་པས་ང་ཚོས་ངེས་པར་དུ་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་ཕྱོགས་ཐད། མར་ཁེ་སིའི་རྩོད་སྒྲུབ་དངོས་གཙོ་སྨྲ་བའི་ལྟ་བར་བརྟེན་ནས། སྙིགས་དོར་བཅུད་ལེན་དང་། དགག་བཞག་རྒྱུན་འཛིན་བྱས་ཏེ་སླད་ཞིབ་འཇུག་མང་ཙམ་བྱས་ནས་སྒྱུ་རྩལ་སློབ་ཁྲིད་ཀྱི་ནང་དུ་ཕན་ཡོད་ཀྱི་ཆ་རྐྱེན་གང་ལེགས་སྐྲུན་རྒྱུར་འབད་བརྩོན་ཞུ་རྒྱུ་ལགས་ན། གོང་གསལ་རང་ཉིད་ཀྱིས་དཀྱིལ་འཁོར་གྱི་མཚོན་དོན་དང་སྒྱུ་རྩལ་ལ་དཔྱད་ཁུལ་ཞུས་པར་སྐྱོན་དང་ནོར་འཁྲུལ་ཇི་སྙེད་ཅིག་མཆིས་པ་གདོན་མི་ཟ་བས། གཟུ་བོར་གནས་པའི་དཔྱོད་ལྡན་རྣམ་པས་སློབ་སྟོན་ཡོ་བསྲང་གནང་རྒྱུར་རེ་བ་ཞུ་བཞིན་ཡོད་ལགས་སོ། །  
(《བོད་ལྗོངས་སློབ་ཆེན་རིག་དེབ་》1997ལོའི་དུས་དེབ་དང་པོའི་ཐོག་འཁོད།)