གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

བྱ་བའི་མིང་དངོས་པོའི་མིང་དུ་གྲུབ་ཚུལ་སྐོར་ཅུང་གླེང་བ།

སྤེལ་དུས 2018-07-09 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཚེ་རིང་དགྲ་འདུལ།
          [ནང་དོན་གནད་བསྡུས།]བྱ་བའི་མིང་དང་དེ་ལས་གྲུབ་པའི་དངོས་པོའི་མིང་གཉིས་དབར་གྱི་འགལ་འཛོལ་སྤོང་ཕྱིར་རང་ངོས་ཀྱི་ལྟ་བ་གླེང་རྒྱུ་ཙམ་མིན་པར་དོན་དངོས་ཀྱི་འབྲི་ཀློག་སོགས་ཀྱི་ཁྲོད་ལྷག་པའི་གནད་དོན་གཙོས་བཟུང་ཐོག སྔོན་བྱོན་དང་ད་ལྟའི་མཁས་པ་རྣམས་ཀྱིས་འདིའི་དོན་སྐོར་བསྟན་པའི་ལུང་རིགས་གང་མང་དྲངས་ཏེ་བྱ་བའི་མིང་དང་།  དེ་ལས་གྲུབ་པའི་དངོས་པོའི་མིང་གི་གོ་དོན་དང་།  དེའི་ཁྱད་ཆོས་དང་།  དབྱེ་བ།  མིག་སྔར་མ་དག་པའི་གོ་བ་ལེན་ཚུལ་སྐོར་ལ་ཅུང་ཞིབ་པའི་སྒོ་ནས་དཔྱད་བརྗོད་བྱས་ཡོད་པ་ཡིན། 
          [གནད་འགག་མིང་བརྡ།] བྱ་ཚིག  བྱ་བའི་མིང་ལས་གྲུབ་པའི་དངོས་པོའི་མིང་།  ཐ་སྙད།   
          དེ་ཡང་སྤྱིར་དག་ཡིག་གིས་དངོས་པོའི་མིང་དང་རྟགས་འཇུག་གིས་བྱ་བའི་མིང་སྟོན་ལ་སུམ་ཅུ་པ་ཡིས་དེ་གཉིས་ཀྱི་འབྲེལ་བ་སྟོན་པ་ཡིན་པས་སུམ་རྟགས་དག་གསུམ་གལ་ཆེན་ཡིན་ཞེས་སྨོས་པའི་རྒྱུ་མཚན་ཡང་དེ་གར་ཐུག་ཡོད་ཅིང་། སུམ་རྟགས་དག་གསུམ་གྱི་འབྲེལ་བ་ནི་གཅིག་ལ་གཅིག་རྟེན་ལྟ་བུ་ཞིག་ཡིན་པ་དང་།  སྤྱིས་འཇིག་རྟེན་གྱི་དངོས་པོ་གང་དང་ཅི་ལ་ཡང་འཕོ་འགྱུར་དང་འགུལ་སྐྱོད་ཀྱི་རང་བཞིན་ནམ་གཡོ་བའི་རང་བཞིན་ལས་མ་འདས་མོད།  ལྟོས་བཅས་ཀྱིས་དངོས་པོ་ཀུན་ལ་བརྟན་པའི་གནས་སྐབས་དང་གཡོ་བའི་གནས་སྐབས་གཉིས་སུ་ཕྱེ་བ་ལས་རྗོད་བྱེད་སྒྲ་ལ་ཡང་བརྟན་པའི་རང་བཞིན་དང་གཡོ་བའི་རང་བཞིན་མཚོན་པའི་ཐ་སྙད་དམ་དངོས་པོའི་མིང་ནི་སྔ་མ་དང་། བྱ་བ་རྗོད་པའི་ཐ་སྙད་དམ་བྱ་བའི་མིང(བྱ་ཚིག)ནི་ཕྱི་མའི་ཁོངས་སུ་གཏོགས་པ་ཡིན། དེའི་གནད་ཀྱིས་ཆོས་རྗོད་དང་ཚོས་ཅན་རྗོད་པའི་ཐ་སྙད་ལ་སྒྲ་འགྱུར་རྒྱུ་མེད་པས་བརྟན་ཅིང་བྱ་བ་བརྗོད་པའི་ཐ་སྙད་བརྗོད་བྱ་དོན་གྱི་སྟེང་གི་གཡོ་བའི་རང་བཞིན་ཇི་ལྟ་བ་བཞིན་མཚོན་དགོས་པའི་དབང་གིས་སྒྲ་འགྱུར་རྒྱུའི་ཁྱད་ཆོས་མི་འདྲ་བ་འབྱུང་བ་ཡིན་པ་དེ་གཉིས་པོའི་དབར་གྱི་འབྲེལ་བ་སྟེ།①མཁས་མཆོག་དོར་ཞི་གདོང་དྲུག་སྙེམས་བློ་ཚང་ནས་བྱ་ཚིག་གི་བྱ་བ་སྟོན་མི་སྟོན་གྱི་ཁྱད་པར་ནི། གནས་སྐབས་ཀྱི་བརྗོད་བྱའི་ཁྱད་པར་དང་།  ཚིག་ཕྲད། ཚིག་གྲོགས། སྔ་ཕྱིའི་གོ་རིམ།  སྒྲ་ཡང་ལྕི།  ཚིག་གོང་འོག་གི་འབྲེལ་བ་སོགས་ལས་ཕྱེ་བ་ཡིན་པས་རྗོད་པའི་གནས་སྐབས་ལ་ལྟོས་ནས་འགྱུར་རྒྱུ་མེད་ཅེས་གསུངས་པ་ལྟར་བྱ་བའི་མིང(བྱ་ཚིག)དངོས་པོའི་མིང་དུ་གྲུབ་པའི་སྐོར་འཆད་པར་བྱའོ། །          
དང་པོ། བྱ་བའི་མིང་གི་ངོ་བོ།
          སྤྱིར་བྱ་བའི་མིང་ངམ་བྱ་ཚིག་ཅེས་པ་གང་ཡང་སེམས་ཅན་གྱི་རྩོལ་བ་དང་བེམ་པོའི་འགྱུར་བ་སོགས་ཀྱི་མཚོན་བྱེད་བརྡ་ཡིན་ཞིང་རྣམ་དབྱེའི་སྐབས་སུ་བྱ་བའི་མིང་དུ་འདོད་ནི་བརྗོད་བྱའི་རྩོལ་བའམ་འགྱུར་བ་སོ་སོ་བའི་ངོ་བོ་ཙམ་བརྗོད་པའི་ཆ་ནས་བཏགས་པ་ཡིན་ལ་རྟགས་འཇུག་གི་སྐབས་སུ་བྱ་བའི་ཚིག་སྟེ་ལས་ཚིག(བྱ་ཚིག)ཏུ་འབོད་པ་ནི་ཚིག་གི་ཆ་ཤས་གསུམ་གྱི་ཡ་གྱད་བྱ་བྱེད་ལས་གསུམ་གྱི་ཆ་ནས་བཏགས་པ་ཞིག་ཡིན་པ་དང་འབྲེལ་བྱ་བའི་མིང་ངམ་ཐ་སྙད་ལ་བྱ་ཚིག་ཏུ་འདོད་མི་རུང་བར་དེ་གཉིས་ལ་ཁྱད་པར་ཡོད་དེ།    མཁས་མཆོག་དོར་ཞི་གདོང་དྲུག་སྙེམས་བློ་ཚང་ནས①དེང་སང་ལ་ལས་བྱ་བའི་མིང་ངམ་ཐ་སྙད་ལ་བྱ་ཚིག་ཟེར་ན། བརྡ་སྤྲོད་ལུགས་ཀྱི་གཞུང་གཞན་ན་ཚིག་གི་གྲུབ་ཆའི་ཁྱད་ཆོས་སྟེང་ནས་ཆོས་ཅན་རྗོད་པའི་ཐ་སྙད་ལས་གྲུབ་པའི་མིང་ཚིག  བྱ་བ་རྗོད་པའི་ཐ་སྙད་ལས་གྲུབ་པའི་བྱ་ཚིག་ཅེས་པ་ཡོད་པས་དེ་གཉིས་ཀྱི་ཁྱད་པར་ཇི་ལྟར་འབྱེད།  དེས་ན་མིང་གི་སྟེང་གི་ཉོག་འཁྲུལ་སེལ་ཕྱིར་ཕྱི་མ་ལ་བྱ་ཚིག་དང་སྔ་མ་ལ་བྱ་བའི་མིང་ངམ་ཐ་སྙད་ཅེས་ན་ལེགས་ཞེས་གསུངས་པའི་རྒྱུ་མཚན་གྱིས་སོ། །  དེའི་རྐྱེན་གྱིས་བྱ་བའམ་སེམས་ཅན་གྱི་རྩོལ་བ་དང་བེམ་པོའི་འཕོ་འགྱུར་མཚོན་པའི་བརྡ་གང་དེ་ཚིག་གི་སྦྱོར་བ་ལ་ཞུགས་མ་ཞུགས་ཀྱི་ཆ་ནས་ཞུགས་པ་ལ་བྱ་ཚིག(ལས་ཚིག)དང་མ་ཞུགས་ལ་བྱ་བའི་མིང་ཞེས་བརྗོད་དགོས་པ་ཡིན་ནོ། གཞན་ཡང་བྱ་བྱེད་ལས་གསུམ་གྱི་བྱ་ཚིག་དང་།  བྱ་ཚིག   བྱེད་ཚིག  འདས་ཚིག  སྐུལ་ཚིག་བཅས་ཀྱི་བྱ་ཚིག་དབར་ན་བསྔུ་བྱ་སྔུད་བྱེད་དམ་ཁྱབ་ཆེ་ཆུང་གི་ཁྱད་པར་ཡོད་པ་ཤེས་རྟོགས་བྱེད་དགོས་པ་ཡང་གལ་ཆེ་སྟེ།  སྔ་མ་ཡིས་བྱེད་པ་པོས་ལས་གང་བརྩམས་པ་དང་འཕོ་འགྱུར་ཅི་བྱུང་སོགས་ཀྱི་བྱ་བ་ཙམ་སྟོན་པ་དང་མཚུངས་ཕྱི་མ་ཡིས་བྱ་བ་གང་གི་གཡོ་བའི་རང་བཞིན་ཏེ་དུས་ཀྱི་ཁྱད་པར་འདས། ད་ལྟ། མ་འོངས་གསུམ་ལས་མ་འོངས་པའི་བྱ་བ་སྟོན་པའི་ཚིག་ཏུ་ངོས་འཛིན་བྱེད་དགོས་པར་སྙམ།   ཇི་སྐད་དུ།  ལྕགས་ཐར་རྒྱལ་ལགས་ཀྱི་བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རིག་འཕྲུལ་མེ་ལོང་ལས། བྱ་ཚིག་ཅེས་པ་སྒྲ་ཡངས་འཇུག་དང་དོག་འཇུག་གི་གོ་བ་གཉིས་ཡོད། ལས་ཚིག་ཅེས་པ་ནི་སྒྲ་ཡངས་འཇུག་གི་བྱ་ཚིག་དང་འདྲ་སྟེ།  འདིར་ལས་ཞེས་པ་ལས་ཀ་སྟེ་བྱ་བ་དང་དོན་མཚུངས་ཤིང་། དེ་ནི་ལས་ཀ་སྟོན་པའི་མིང་ངམ་སྒྲ་ཞེས་པ་འབྲུ་ཉུང་ངུར་བསྡུས་ཏེ་ལས་ཚིག་ཏུ་བྱས་པ། བྱེད་པོ་གཞན་དང་འབྲེལ་བའི་བྱ་ཚིག་ལ་སྐབས་གཞན་དུ་བྱེད་པོ་གཞན་དང་འབྲེལ་བའི་ལས་ཚིག་ཅེས་པས་ཤིང་། ལས་ཚིག་ཅེས་པ་ལ་བྱ་ཚིག་ལྟར་གྱི་འཁྲུལ་ཉེན་མེད་པའི་ཕྱིར། དེ་ནི་བྱ་བ་དང་བརྗོད་པའི་མིང་དང་།  བྱ་བའི་མིང་སོགས་ཀྱི་རྣམ་གྲངས་སུ་ཤེས་དགོས་ཤིང་། བྱ་ཚིག་ཅེས་པ་བྱེད་ཚིག་དང་འདས་ཚིག་གི་ཟླས་དྲང་བའི་བྱ་ལས་མ་འོངས་པ་སྟོན་བྱེད་ཀྱི་སྒྲ་ལ་བྱས་ན་ཤིན་ཏུ་ལེགས་སོ་སྙམ་ ① ཞེས་བསྟན་པར་རྗེས་སུ་ཡིད་རངས་ཞུའོ། །          
གཉིས་པ། དངོས་པོའི་མིང་གི་ངོ་བོ །
          ད་ལྟའི་སྐད་རིགས་གཉིས་སམ་གསུམ་སྦྱོང་མཁན་གྱི་སློབ་མ་རྣམས་ཀྱིས་རང་རེའི་བོད་ཀྱི་བརྡ་སྤྲོད་གཞུང་ན་དངོས་པོའི་མིང་དང་བྱ་བའི་མིང་། ཁྱད་ཆོས་རྗོད་པའི་མིང་། གྲངས་ཀྱི་མིང་སོགས་མིང་གི་དབྱེ་བའི་ཆ་ཤས་དངོས་པོའི་མིང་དེ་སྒྲ་ཟུར་འདྲ་བའི་ཚ་ནས་རྒྱ་ཡིག་ནང་གི་མིང་ཚིག(名词)ཅེས་པའི་སྒྲ་ཟུར་ཆགས་པའི་ཡིག་སྲོལ་དེ་སྤྱོད་བཞིན་ཡོད་དེགལ་སྲིད་བོད་ཡིག་སློབ་ཁྲིད་ཀྱི་ནང་དུདངོས་པོའི་མིང་དུཆགས་པའི་མིང་ག་གེ་~་སྟོན་ཏེ། འདི་བྱ་ཚིག་ཡིན་ནམ་མིང་ཚིག་ཡིན་ཞེས་དྲི་བ་བཏོན་ཚེ།  མིང་ཚིག་རེད་ཅེས་ལན་བཏབ་པ་ལས་ཡང་སྙིང་བོད་སྐད་དུ་མིང་དང་ཚིག་ཅེས་དོན་མི་འདྲ་བའི་ཆ་ལས་སྡེབ་ནས་སྤྱོད་ན་ར་མིན་ལུག་མིན་གྱི་སྐྱོན་དུའགྲོ་བ་ལ་འདང་རྒྱག་མཁན་ནི་ཉུང་ཤས་ཡིན་གྱི་སྣང་ཆུང་དུ་གཏོང་མཁན་ནི་ཕལ་ཆེ་བའོ། །   
          དེ་ཡང་མཁས་དབང་དམུ་དགེ་བསམ་གཏན་མཆོག་ནས། འགའ་ཞིག་གིས་ར་མགོ་ལུག་སྦྱར་གྱི་དཔེ་བཞིན་མིང་ཚིག་ཅེས་གཅིག་ཏུ་བསྲེས་ཤིང་མིང་ཚིག་གི་མཚན་གཞི་ལ་ལེ་ཉིན།     མི་དམངས།  ལྷ་ས།  ཆབ་སྲིད།  འཕྲུལ་འཁོར།  ད་ལོ་རྣམས་བཞག་པ་ནི་མ་མགོ་བར་གསལ་ཏེ།  དེ་དག་ནི་མིང་ཡིན་གྱི་ཚིག་མིན་ཏེ་དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་ཡིན་པའི་ཕྱིར་②ཞེས་གསུངས་ནས་མིང་དང་མིང་ཚིག་གཉིས་གཅིག་ཏུ་འཛིན་པའི་འཁྲུལ་བ་དག་སེལ་བྱས་ཡོད། འོ་ན་བོད་སྐད་དུམིང་ཞེས་པ་མིང་ཚིག་དང་དབྱེ་བ་ཆེ་བས་གང་འདྲ་ཞིག་ལ་གོའམ་ཟེར་ན། མཁས་དབང་དཔའ་རིས་སངས་རྒྱས་ཚང་ནས།   མིང་གི་མཚན་ཉིད་ནི་ཡི་གེ་དུ་མ་འདུས་ནས་དོན་གང་རུང་བ་ཞིག་གི་ངོ་བོ་ཙམ་སྟོན་པའི་བརྡ་ཡིན་ལ།  དེའི་མཚན་གཞིར་དཔེར་ན།  མི་ཞེ་ན་སྨྲ་ཤེས་ཤིང་དོན་གོ་བ་ཅན་ཞིག་ལྟ་བུ་བཞག་ཡོད་པ་དང་། ① དེ་དང་འདྲ་བར་མཁས་དབང་དམུ་དགེ་བསམ་གཏན་གྱིས། ཡི་གེ་གཉིས་ཡན་ཆད་འདུས་ནས་དོན་གྱི་ངོ་བོ་ཙམ་སྟོན་པའི་སྒྲ་དེ་མིང་ཚིག་གཉིས་ཕྱེས་པའི་མིང་གི་མཚན་ཉིད།  མཚན་གཞི་ནི་ཁང་བ་ཞེས་བརྗོད་པའི་སྒྲ་ལྟ་བུ་②ཞེས་གསུངས་ཤིང་།  གཞན་ཡང་། ཁོང་གིས་མིང་ཚིག་ཡི་གེ་གསུམ་དུ་ཕྱེས་པའི་མིང་དང་ཚིག་གཉིས་འགལ་བ་ཡིན་ཏེ། མཚན་ཉིད་ཀྱི་ཟུར་དུ་ཙམ་སྒྲ་ཡོད་པས་དོན་གྱི་ངོ་བོ་ཙམ་ལས་ཁྱད་པར་མི་སྟོན་པ་དགོས་པའི་ཕྱིར་ཏེ། མཚན་ཉིད་ཀྱིས་ཟུར་གྱི་ཙམ་སྒྲས་ཁྱད་པར་སྟོན་པ་གཅོད་པས་སོ། །ཞེས་ཀྱང་གསུངས་པ་ནི་མཁས་པ་ཕལ་མོ་ཆེའི་འདོད་ཚུལ་ཡིན་པས་དོགས་གནད་ཀྱི་དྲི་མས་སྒྲིབ་མེད་པ་ནི་ང་ཚོ་ཕྱི་རབས་པས་མགྲིན་གཅིག་ཏུ་ཁས་ལེན་མི་བྱེད་ཀ་མེད་དུ་སོང་བར་ཐལ་ལོ།།    
གསུམ་པ།  བྱ་བའི་མིང་དང་དེ་ལས་གྲུབ་པའི་དངོས་པོའི་མིང་དབར་གྱི་ཁྱད་པར་བཤད་པ།
          དེ་ཡང་བྱ་བའི་མིང་ནི་རྟགས་འཇུག་སྐབས་ཀྱི་བརྗོད་བྱ་གཙོ་བོ་ཞིག་དང་དངོས་པོའི་མིང་དེ་དག་ཡིག་སྐབས་ཀྱི་འཆད་བྱ་ཞིག་ཡིན་ལ་དེ་གཉིས་ཀྱི་འབྲེལ་བ་ཉིད་སུམ་ཅུ་པའི་སྐབས་བབས་ཀྱི་དོན་ཡིན་པ་གོང་དུ་བཤད་ཟིན་ཞིང་། དེ་གཉིས་ལ་ངོ་བོ་ཡང་ན་གོ་དོན་ཙམ་གྱི་ཁྱད་པར་ཡོད་པ་མ་ཟད།    བརྟན་གཡོའི་ཆ་ནས་དངོས་པོའི་མིང་ངམ་དངོས་པོའི་མིང་དུ་གྲུབ་པའི་བྱ་བའི་མིང་དེ་བརྟན་པའི་རང་བཞིན་ཅན་དང་། བྱ་བའི་མིང་ལ་གཡོ་བའི་རང་བཞིན་ལྡན་ཡོད་པ་སྟེ། བྱ་བའི་མིང་གི་སྟེང་ནས་བྱ་དངོས་གང་དེའི་སྒུལ་སྐྱོད་ཀྱི་འདས་པ་དང་། ད་ལྟ། མ་འོངས་གསུམ་མམ་འདས་པའི་འདས་པ་དང་། འདས་པའི་ད་ལྟ་སོགས་ཀྱི་དུས་ཀྱི་འགྱུར་བའི་སྔ་ཕྱི་སྟོན་ཐུབ་པའམ་ཕྱེ་ཐུབ་ཅིང་། བྱ་བའི་མིང་གང་དེ་བྱེད་པོ་གཞན་འབྲེལ་ཅན་ཡིན་ན། ད་དུང་དངོས་པོ་བདག་གཞན་དང་བྱ་བྱེད་ལས་གསུམ་སོགས་ཀྱི་དབྱེ་བ་དུམ་ཕྱེ་རྒྱུ་ཡོད་ཅིང་། གཟུགས་འགྱུར་ལས་ཚིག་ཡིན་ཚེ་མཐའ་བརྟེན་ཚིག་གྲོགས་ལྟ་བུ་མི་དགོས་པར་ལས་ཚིག་རང་ངོས་ཀྱི་གཟུགས་ཀྱི་འགྱུར་བའི་ཐོག་ནས་འདས་དང་།  ད་ལྟ།  མ་འོངས་སོགས་སྟོན་ཐུབ་པ་སྟེ། དཔེར་ན།  ཤིང་སོགས་གཅད་དང་། གཅོད བཅད། ཆོད་ལྟ་བུ།   གཞན་ཡང་། བྱ་བའི་མིང་དང་མིང་དུ་གྲུབ་པའི་བྱ་བའི་མིང་ལ་ངག་ནས་འདོན་པའི་ཚེ་ན་སྒྲ་རྩོལ་དྲག་ཞན་ནམ་ལྕི་ཡང་། མཐོ་དམན་སོགས་ཀྱི་ཁྱད་པར་ཡོད་པ་སྟེ།  ཡི་གེའི་བཤད་པ་དང་།  ཡི་གེ་བཤད་པ་གཉིས་ཀྱི་བཤད་པ་ཞེས་པ་གོང་འོག་ཀློག་པའི་ཚེ།  གོང་མ་ནི་སྒྲ་རྩོལ་སྒྲ་ཕྱེད་སྔ་མ་ཞན་པ་ནས་ཕྱེད་ཕྱི་མ་དྲག་པའི་ཚུལ་གྱིས་ཀློག་དགོས་པ་སྟེ་མིང་དུ་གྲུབ་པའི་བྱ་བའི་མིང་ཡིན་ཞིང་། ཕྱི་མ་ནི་སྒྲ་རྩོལ་ཕྱེད་སྔ་མ་དྲག་པ་ནས་ཕྱེད་ཕྱི་མ་ཞན་པའི་ཚུལ་གྱིས་ཀློག་པ་སྟེ་བྱ་བའི་མིང་ཡིན་དགོས་པ་དང་འབྲེལ།   སྤྱིར་ན་རྫོད་པའི་གྲུབ་བཞག་གི་ཁྲོད་བྱ་བའི་མིང་དེ་དངོས་པོའི་མིང་ངམ་དངོས་པོའི་མིང་དུ་གྲུབ་པའི་བྱ་བའི་མིང་གི་མཐར་གནས་ལ་བར་དུ་ཕྲད་དང་རྣམ་དབྱེ་སོགས་ཞུགས་པ།  དཔེར་ན།  དགོས་པས་དབེན།  ཁེབས་ཀྱིས་བཀབ།  རྗོད་པ་ལ་བསྟན། བྱུང་བ་ལ་བལྟས། བརྐོས་པ་འཁྱེར་ལྟ་བུ་ལ་མཚོན་ན།  བྱ་བའི་མིང་ལས་གྲུབ་པའི་དངོས་པོའི་མིང་དགོས་པ་དང་།  ཁེབས། རྗོད་པ།  བྱུང་བ། བརྐོས་པ་བཅས་དང་། བྱ་བའི་མིང་དབེན་དང་།  བཀབ། བསྟན།  བལྟས། བརྒྱབ།  འཁྱེར་བཅས་ཀྱི་བར་ན་ཕྲད་དང་རྣམ་དབྱེ་ཞུགས་པ་ཡིན་ནོ།། གཞན་ཡང་།  བར་དུ་ཕྲད་སྦྱོར་སོགས་མ་ཞུགས་པ་ཡང་ཡོད་དེ།  དཔེར་ན། བཤད་པ་བརྒྱབ། དགོད་བགད། སྒོམ་བརྒྱབ།  ཀློག་པ་སྦྱངས། འཛུགས་བཙུགས་ལྟ་བུ།   ད་དུང་། ཚིག་གྲུབ་བམ་རྗོད་པ་གང་ལྟ་བུ་ཀློག་པའི་ཚེ་བྱ་བའི་མིང་དེ་སྤྱིར་ན་སྒྲ་ཡི་འདེགས་འཇོག་ལས་དབུགས་ངལ་གསོ་བའི་མཚམས་ཡིན་པ།  དཔེར་ན། 《པོ་ཏ་ལའི་ལོ་རྒྱུས་ཕྱོགས་བསྒྲིགས》ལས། སྡེ་སྲིད་ཀྱི་མེས་པོ་མཚུར་སྟོན་དབང་གི་རྡོ་རྗེ་ནས་བརྒྱུད་པ་འཕེལ་བའི་གྲོང་སྨད་ཁྱིམ་ཚང་གི་ལོ་རྒྱུས་ཐོག་རྒྱལ་དབང་ལྔ་པའི་དགོངས་རྫོགས་ཀྱི་དོན་དུ་དགོན་སྡེ་ཁག་ལ་མཆོད་འབུལ་དང་།   སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་པ།  ཚོགས་མཆོད་བཙུགས་པ། ཚོགས་ཁྲོ་དྲུག་གསར་དུ་བཟོས་པ། དབུས་གཙང་དྭགས་ཁུལ་གྱི་འབོ་བྲེ་རྒྱ་ཉག་གི་ཚད་གཅིག་གྱུར་བཟོས་པ། རྫོང་གཞིས་ཁག་གི་བཙོན་པ་གློད་བཀྲོལ་བཏང་བ། གསེར་གདུང་འཛམ་གླིང་རྒྱན་གཅིག་རྟེན་དང་བརྟེན་པར་བཅས་པ་གསར་དུབཞེངས་པའི་སྐོར་སོགས་གསལ་པོར་བྲིས་ཡོད་① ཅེས་པའི་འཕེལ་བ་དང་།  བཞེངས་པ། བཙུགས་པ། བཟོས་པ། བཏང་བ། བྲིས་སོགས་དབུགས་ངལ་གསོ་བའི་ཚུལ་དུ་འོག་མའི་ཚིག་དང་མ་འདྲེས་པར་ཀློག་དགོས་པ་ཡིན། གོང་ན་བྱ་བའི་མིང་དང་དེ་ལས་གྲུབ་པའི་དངོས་པོའི་མིང་བར་གྱི་ཁྱད་པར་དཔེ་མཚོན་ཙམ་དུ་གླེང་བར་བྱས་ཤིང་གཡོ་བའི་རང་བཞིན་ཅན་གྱི་བྱ་བའི་མིང་དེ་བྱ་དངོས་ཀྱི་རྟེན་འབྲེལ་ཚུལ་ལས་བརྟན་པའི་རང་བཞིན་གྱི་དངོས་པའི་མིང་དུ་འགྲོ་བའི་ཆ་དེ་གཤམ་དུ་བསྟན་པར་བྱ།    
བཞི་པ། བྱ་བའི་མིང་ལས་གྲུབ་པའི་དངོས་པོའི་མིང་གི་ཁྱད་ཆོས།
          བྱ་བའི་མིང་དང་དེ་ཉིད་དངོས་པོའི་མིང་ཅན་དུ་འགྱུར་བ་གཉིས་ལ་འགལ་འཛོལ་མི་ཡོང་བ་ཞིག་གམ་བརྟན་གཡོའི་ཁྱད་པར་ལ་འཁྲུལ་བ་སྤོང་རྒྱུ་ཙམ་དུ་རེ་སྟེ།  བྱ་བའི་མིང་ཉིད་དངོས་པོའི་མིང་ཅན་དུ་འགྱུར་བའི་ཁྱད་ཆོས་ལ་བསམ་གཞིགས་རགས་ཙམ་བྱས་ན་གཤམ་གསལ་ལྟར ། 
          1 རྗེས་གྲུབ་ཀྱི་ཁྱད་ཆོས་ཕལ་ཆེར་ལྡན་པ། དཔེར་ན། འདུས་བྱས་ལྟ་བུ་དེ་རྡུལ་ཕྲ་རབ་འདུས་པ་དང་། སྐྱེས་བུ་སོགས་ཀྱི་རྩོལ་བས་བྱས་པའམ་བཟོས་པའི་ཆ་སྟེ། བྱ་བའི་མིང་འདུས་དང་བྱས་ཀྱི་ཚིག་སྡུད་དེ་མིང་ཅན་དུ་སོང་བ་ལ་རྒྱུ་མཚན་བཤད་རྒྱུ་ཡོད་པ་ཡིན་ནོ།  དེ་དང་རིགས་བསྒྲེ་ནས་དཔེར་བརྗོད་འགའ་བཞག་ན་ནི།  འཐབ་རྩོད་དེ།  ཕན་ཚུན་འཐབ་པ་དང་རྩོད་པ་ཡི་དོན་དང་། འཐབ་འཛིང་སྟེ། དགྲ་ཡ་དང་འཐབ་པ་དང་འཛིང་བ་ཡི་དོན།  སངས་རྒྱས་ཏེ། སངས་པ་ནི་ཉོན་མོངས་ཀྱི་སྒྲིབ་པ་དང་དང་ཤེས་བྱའི་སྒྲིབ་པ་ཀུན་སྤངས་ཟིན་པའི་དོན་དང་རྒྱས་པ་ནི་ཤེས་བྱ་ཐམས་ཅད་མངོན་སུམ་དུ་མཁྱེན་པའི་དོན། བསགས་སྦྱངས་ཏེ། ཚོགས་བསགས་པ་དད་སྡིག་པ་སྦྱང་བ། བརྐུས་བསད་དེ། ལྐོག་ཏུ་མི་བཏང་ནས་བསད་པའི་དོན། འཆད་ཉན་ཏེ།  འཆད་པ་དང་ཉན་པའི་བྱ་བ་གཉིས་ཏེ།  འཆད་པ་ནི་སློབ་དཔོན་ནམ་དགེ་རྒན་གྱིས་བསྟན་བྱའི་གཞུང་ལུགས་རྣམས་བཤད་ཁྲིད་བྱས་པ་དང་། ཉན་པ་ནི་སློབ་མའམ་སློབ་གྲྭ་བས་དོན་གཉེར་གྱིས་རྣ་བར་ཉན་པའོ། །གཞན། ལྟ་སྐུལ་དང་། འཛིན་བཟུང་། མྱོང་ཚོར། བཤད་ཁྲིད། འབྲི་ཀློག ཆགས་སྡང་།  འགྲན་སྡུར། བཅོས་སྒྲིག བསྒྱུར་བཅོས། བཀག་འགོག་ལ་སོགས་པ་ལྟ་བུར་ཡང་གོང་གི་དཔེར་བརྗོད་ལྟར་རིགས་བསྒྲེ་ན་ཆོག་པའོ། ། 
          2 དགག་སྒྲ་མ་དང་མི་ཡིག་ཞུགས་མི་ཆོག་པ། དཔེར་ན། རྒྱལ་པོ་དྲི་མེད་ཀུན་ལྡན་གྱི་མཛད་རྣམ་ལས། སྟོང་གསུམ་ནོར་ལ་དབུལ་བའི་རྒྱལ་བོ་ཡང་། འཇིག་རྟེན་འདི་ནས་ཕ་རོལ་འགྲོ་བའི་ཚེ།  ནོར་མེད་ལག་པ་སྟོང་པར་འགྲོ་དགོས་པས། ཟང་ཟིང་ནོར་ལ་ཆགས་པ་མ་འཁྲུལ་ལམ།① ཞེས་སྟོང་པ་དང་། ནོར་ལ་དགག་སྒྲ་སྦྱར་ཚེ་མི་སྟོང་པ་དང་མི་ནོར་ཞེས་མིང་ལ་དགག་སྒྲ་སྦྱར་བས་འཆལ་གཏམ་ཙམ་ལས་དོན་གང་ཡང་གོ་རྒྱུ་མེད་པར་འགྱུར་བའོ།། ཡང་། རྒྱལ་པོ་དྲི་མེད་ཀུན་ལྡན་གྱི་མཛད་རྣམ་ལས། ལེགས་པར་ཐུགས་ལ་བཏགས་སོ་རྒྱལ་བའི་སྲས།  ཁམས་གསུམ་འགྲོ་བ་ཀུན་གྱི་སྐྱབས་གཅིག་པུ།   དུས་གསུམ་བདེ་གཤེགས་སངས་རྒྱས་སྤྲུལ་པའི་སྐུ། སྲིད་གསུམ་འགྲོ་བ་འདྲེན་མཆོག་ཐར་པའི་ ལམ། སངས་རྒྱས་བསྟན་པ་ཉིན་མོར་མོར་བྱེད་པའི་མཆོག  འཁོར་བའི་ཆུ་བོ་ཚེ་ལས་སྒྲོལ་བའི་གྲུ། འགྲོ་དྲུག་འཁོར་བ་འཛོམས་པའི་དམག་དཔུང་ཅན། རྒྱལ་པོ་དཔའ་རྩལ་ཅན་ལ་ཕྱག་འཚལ་བསྟོད།① ཅེསཔའི་བསྟོད་ཚིག་དེའི་ནང་རྒྱལ་བ་དང་། འགྲོ་བ། སངས་རྒྱས། སྤྲུལ་པ། ཐར་པ། བསྟན་པ། འཁོར་བ་སོགས་རེ་རེ་ནས་བྱ་བའི་མིང་ལས་གྲུབ་པའི་དངོས་པོའི་མིང་ཡིན་པས་དགག་སྒྲའི་ཕྲད་མ་མི་ཞུགས་མི་རིགས་པ་ནི་མཐའ་གཅིག་ཏུ་ངེས་སོ།།
          3 ཚིག་སྡུད་པའི་མིང་ཅན་གྱི་ཆ་ལྡན་པ། དཔེར་ན།  ཁང་པ་སོགས་དབུབ་པ་ལ་འཛུགས་སྐྲུན་དང་། བལྟ་རྒྱ་དང་ཐོས་རྒྱ་བསགས་པ་ལ་ཐོས་བསམ་ཞེས་ཚིག་སྔ་ཕྱི་དང་ནས་དངོས་པོའི་མིང་དུ་གྲུབ།   དེའི་དཔེར་བརྗོད་ལ་ད་དུང་སྒོམ་སྒྲུབ།  མཐོང་ཐོས། ཁྱབ་བསྒྲགས། འཆད་ཉན། བཀོད་སྒྲིག   གཏོང་ལེན།  འཕེལ་རྒྱས།   བྱས་ཤེས།  སྦྱོང་བརྡར། ཉམས་རྒུད། འཇིགས་སྐུལ།  དྲན་ཤེས།  འཇབ་རྒོལ་ལ་སོགས་པ་མང་ངོ་།།  
          4 མིང་མཐའ་དོར་ན་དོན་གཞན་དུ་འགྱུར་བ། དཔེར་ན། 《རྒྱལ་པོ་དྲི་མེད་ཀུན་ལྡན་གྱི་མཛད་རྣམ་》ལས།  ད་ནི་སྦྱིན་པའི་མཐའ་རྫོགས་པར་བྱའོ་དགོངས་ནས་བཟང་མོ་ད་ནི་བདག་ལ་ཆགས་པ་དང་ཞེན་པ་མ་བྱེད་ཅིག ཇི་སྲིད་འཁོར་བ་ཐོག་མཐའ་ནས། ལུས་ཙམ་ཞིག་བླངས་ཀྱང་དོན་མེད་དུ་སོང་སྟེ། ཞེས་པའི་སྦྱིན་པ་དང་། ཆགས་པ། ཞེན་པ། འཁོར་བ་སོགས་ཀྱི་མིང་མཐའ་དོར་ན།  སྦྱིན་དང་།  ཆགས། ཞེན། འཁོར་དུ་འགྱུར་ཏེ།  དོན་ཡང་བྱ་བ་སྟོན་པ་ལྟ་བུའི་རང་བཞིན་ཅན་དུ་འགྲོ་བ་མ་ངེས་པའོ། གཞན།  དཔེར་ན། བསླབ་པ་ཀུན་གྱི་གཞི་འཛིན་ཅིང་།  རིག་བྱེད་སྨྲ་བ་རྣམས་ཀྱི་རྒྱུ།  མིང་ཚིག་བརྗོད་པ་ཀུན་གྱི་གཞི།  ཡི་གེའི་སྦྱོར་བ་བཤད་པར་བྱ།  ཞེས་པའི་ཤོ་ལོ་ཀ་འདིའི་ནང།  བསླབ་པ་དང་། སྨྲ་བ། བརྗོད་པ། སྦྱོར་བ་བཅས་ཀྱི་མིང་མཐའ་དོར་ན་དོན་གཞན་བྱ་བ་སྟོན་པར་འགྱུར་བའོ།།   
          5 མིང་མཐའ་གང་དེ་བདག་སྒྲའི་རང་བཞིན་ཅན་དུའགྱུར་བ། དཔེར་ན། འགྲེལ་པ་ལྟ་བུའི་མིང་མཐའ་པ་དེ་དོར་ཚེ། དོན་གཞན་དུ་འགྱུར་ལ་མིང་མཐའ་པ་དེས་བདག་སྒྲ་ཆ་འདྲའི་ཚུལ་དུ་བྱ་དངོས་ཤིག་སྟོན་པ་ཡིན་པའོ། ད་དུང་། དཔེར་ན། བཤད་པ་དང་། ཀློག་པ། འགྲོ་བ། བྱུང་བ།  སྟོན་པ། བྱས་པ། སྐྱེ་བ། ཕན་པ། འཇུག་པ། བསྟན་པ། སྒྲུབ་པ་ལ་སོགས་མང་ངོ་།  
          6 བྱ་བའི་མིང་དང་མི་འདྲ་བར་བྱ་བའི་མིང་ལས་གྲུབ་པའི་དངོས་པོའི་མིང་གི་མཐའ་ན་མེད་དང་མིན་གྱིས་དགག་སྒྲ་སྦྱོར་ཡང་གོ་རྒྱུ་ལྷག་པོ་ཆེ་སྟོན་མི་ཐུབ་པའོ། དཔེར་ན། འདི་བྱས་པ་མིན་ལྟ་བུ་ལ་མཚོན་ན།  བྱས་པ། ཞེས་པ་བྱ་བའི་མིང་ལས་གྲུབ་པའི་དངོས་པོའི་མིང་དུ་སོང་ཚེ།  དེ་ཉིད་དགག་ཚིག་གིས་ཐད་ཀར་དགག་བྱར་གྱུར་པའམ་ཐད་ཀར་འགོག་ཐུབ་པ་ཡིན་མོད། བྱ་བའི་མིང་གི་དབང་དུ་སོང་ཚེ་འདི་ངས(མིས)བྱས་པ་མིན་ལྟ་བུ་བྱེད་པ་ཞིག་ཤུགས་སུ་གོ་ཐུབ་པ་ཡིན་ནོ།   གཞན། དཔེར་ན། འདིར་དགོས་པ་མེད་ལྟ་བུ་ལ་མཚོན་ན་དགོས་པ་ཞེས་པ་དེ་ཉིད་མིང་དུ་གྲུབ་པའི་བྱ་བའི་མིང་གི་དབང་དུ་སོང་ཚེ། འདི་དང་དགོས་གཉིས་བདག་ཉིད་གཅིག་ཏུ་སོང་སྟེ་དངོས་པོ་དེ་རིགས་ཕན་ཐོགས་སམ་དགོས་པ་མེད་པར་བསྟན་མོད་དེ། བྱ་བའི་མིང་གི་དབང་དུ་བྱས་ཚེ་འདི་ཞེས་པས་གནས་སམ་ཡུལ་ཞིག་སྟོན་ཏེ་ཤུགས་བསྟན་གྱི་དངོས་པོ་ཅི་རིགས་དེ་གནས་འདིར་མི་དགོས་པ་ལྟར་བསྟན་པ་ཡིན། ད་དུང་། ངར་དྲན་པ་མེད་ཅེས་པ་དང་། དོན་འདིར་རྩོད་པ་མེད་དང་། འདིར་བྱུང་བ་མེད་ལྟ་བུ་སོགས་ལ་རིགས་བསྒྲེ་ན་ཆོག་གོ།   
          7 བྱ་བའི་མིང་དང་དེ་ལས་གྲུབ་པའི་མིང་གང་རུང་གི་མཐར་རེད་ཅེས་པ་བཀོད་ཚེ་སྐད་ཆའི་ཁོར་ཡུག་དང་སྔ་ཕྱིའི་འབྲེལ་བ་སོགས་ལ་ལྟོས་ནས་དངོས་ཞུགས་གང་གི་འབྲེལ་སྒྲ་ཞུགས་པ་ནི་སྔ་མ་དང་། བྱེད་སྒྲ་ཞུགས་པ་ནི་ཕྱི་མའོ། །དཔེར་ན། དེ་བཞེད་པ་རེད། ལྟ་བུ་ལ་ཆ་མཚོན་ན།  བཞེད་པ་ཞེས་པ་བྱ་བའི་མིང་ལས་གྲུབ་པའི་དངོས་པོའི་མིང་གི་དབང་དུ ་དེ་སུའི་བཞེད་པ་རེད། ཅེས་དང་། དེ་ཉིད་བྱ་བའི་མིང་གི་དབང་དུ་བྱས་ན་དེ་སུས་བཞེད་པ་རེད། ཅེས་པ་ལྟ་བུའོ། གཞན། དཔེར་ན། དེ་དགོངས་པ་རེད། ལྟ་བུ་ལ་དེ་སུའི་དགོངས་པ་རེད། ཅེས་དང་། དེ་སུས་དགོངས་པ་རེད། ཅེས་པའི་དྲི་ཚིག་བཀོད་ཆོག་པ། དེ་ཐུག་པ་རེད། ལྟ་བུར་དེ་སུའི་ཐུག་པ་རེད་ཅེས་དང་། དེ་སུས་ཐུག་པ་རེད། ཅེས་པ་བཀོད་ཆོག་པ། དེ་གསང་བ་རེད། ལྟ་བུར་དེ་སུའི་གསང་བ་རེད་ཅེས་དང་།  དེ་སུས་གསང་བ་རེད།  ཅེས་པ་བཀོད་ཆོག་པ།  དེ་རྩོལ་བ་རེད། ལྟ་བུར་དེ་གང་གི་རྩོལ་བ་རེད། ཅེས་དང་།  དེ་སུས་རྩོལ་བ་རེད།  ཅེས་པ་བཀོད་ཆོག་པ་སོགས་སོ། །   
          8 བྱ་བའི་མིང་ལས་གྲུབ་པའི་དངོས་པོའི་མིང་དེ་གྲངས་ཀྱི་མིང་ངམ་ཐ་སྙད་ཀྱི་སྔོན་དུ་ཁོ་ན་འཇུག་པའོ།①  དཔེར་ན། བསླབ་པ་གསུམ། འཁོར་གསུམ། རྟག་ཆད་ཀྱི་ལྟ་བ་གཉིས། འཆད་རྩོད་རྩོམ་གསུམ། བཤད་སྒྲུབ་གཉིས། སྤང་བླང་གཉིས། འགོག་བདེན་གཉིས། ཚོར་བ་གསུམ།། འཕྲི་སྣོན་གཉིས། འདུས་བྲལ་གཉིས། དར་རྒུད་གཉིས། འགྲོ་བ་རིགས་དྲུག  འབྱུང་བ་བཞི། སྒྲིབ་པ་གཉིས་ལ་སོགས་པ་ལྟ་བུའོ།།   
          9 བྱ་བའི་མིང་ལས་གྲུབ་པའི་དངོས་པོའི་མིང་དེ་ཆོས་རྗོད་པའི་ཐ་སྙད་ཀྱི་རྗེས་སུ་འཇུག་ཚེ་འབྲེལ་སྒྲ་ཐོབ་པའོ།། དཔེར་ན། ཡི་གེའི་བཤད་པ། ནང་ཚོས་ཀྱི་སྟོན་པ། མཁས་པའི་སྤྱོད་པ། དབུ་མའི་ལྟ་བ། སེམས་ཀྱི་ཚོར་བ། ཚིག་གི་སྦྱོར་བ། ཡི་གེའི་ཀློག་པ། དོན་གྱི་དགོས་པ། རང་གི་འདོད་པ། མིའི་འབྲེལ་བ། ཕན་ཚུན་གྱི་རྩོད་པ། འཇིག་རྟེན་གྱི་ལྟ་བ། ཆུ་རྒྱུན་གྱི་བརྩོན་པ། ས་གཞིའི་གསང་བ། དུས་ཀྱི་དབྱེ་བ། རྣམ་ཤེས་ཀྱི་འཕོ་བ། དུས་ཀྱི་བསྐལ་པ། ངག་གི་འགྱུར་བ། དོན་གྱི་རྗོད་པ། ཁྲིམས་ཀྱི་ཆད་པ། ཡི་གེའི་བསྡུ་བ། འགྲིག་ནོར་གྱི་ཁྱབ་པ། ཚིག་གི་འགྲེལ་པ། དྲན་པའི་སྣང་བ། བློ་ཡི་འཆར་བ། ལུས་ཀྱི་སྦྱིན་པ། མང་ཚོགས་ཀྱི་འཚོ་བ། ངག་གི་མཆོད་པ།  ས་ཡི་གཡོ་བ། སྔོན་གྱི་བྱུང་བ། མཁས་པའི་མཛད་པ། ཕྲ་མོའི་དབྱུག་པ། ནེ་ཙོའི་འདོན་པ་ལ་སོགས་པ་མང་ངོ་།།  
          10 ཕྱེད་ཕྱི་མའི་མིང་མཐའ་དོར་ནས་ཉིས་ཟློས་བྱས་ཀྱང་བྱ་བའི་མིང་ལྟར་ཁྱད་ཆོས་བརྗོད་པའི་མིང་སྟོན་མི་ཐུབ།  དཔེར་ན། ངར་སྨྱུ་གུ་དགོས་པ་མེད། ཅེས་པའི་དགོས་པ་དེ་བྱ་བའི་མིང་གི་དབང་དུ་དེ་ཡི་མིང་མཐའ་དོར་རྗེས་ཉིས་ཟློས་བྱས་པས་དགོས་དགོས་ཞེས་ཁྱད་ཆོས་བརྗོད་པའི་མིང་དུ་འགྲོ་བ་ཡིན་མོད། འོན་ཀྱང་བྱ་བའི་མིང་ལས་གྲུབ་པའི་དངོས་པོའི་མིང་གི་མིང་མཐའ་དོར་མི་རུང་བའི་དབང་གིས་དེ་ལྟར་གྱུར་རྒྱུ་སྤྲོས་བྲལ་ཡིན་གྱི་ཁྱད་ཆོས་བརྗོད་པའི་མིང་སྟོན་མི་ཐུབ་པ་ནི་བསྙོན་མེད་ཅིག་གོ། ད་དུང་། དཔེར་ན། འགྲོ་བ་དེ་འགྲོ་འགྲོ་དང་། འཁོར་བ་དེ་འཁོར་འཁོར། སྐོར་བ་དེ་སྐོར་སྐོར། འཇུག་པ་དེ་འཇུག་འཇུག  བཞེད་པ་དེ་བཞེད་བཞེད།  ཡོང་བ་དེ་ཡོང་ཡོང་། འབྱོར་བ་དེ་འབྱོར་འབྱོར།  སྒྲུབ་པ་དེ་སྒྲུབ་སྒྲུབ།  རིག་པ་དེ་རིག་རིག་ལྟ་བུར་གྱུར་མི་རིགས་སོ།།  
          ll བྱ་བའི་མིང་ལས་གྲུབ་པའི་དངོས་པོའི་མིང་དེ་བྱ་བ་སྟོན་པའི་ལས་ཚིག་ལས་སྒྲ་རན་པའམ་ལྷིང་བར་ཀློག་དགོས། དཔེར་ན། ཁྱོད་དམག་རྒྱལ་བ་ལས་རྒྱལ་བ་ཞེས་བཏགས་པ་མ་རེད་དམ།  ལྟ་བུ་ཡི་རྒྱལ་བ་དེ་གོང་མ་ནི་ལས་ཚིག་སྟེ།  རྒྱལ་ཞེས་པ་སྒྲ་དྲག་པར་ཀློག་རྗེས་མིང་མཐའ་དེ་ཞན་པར་ཀློག་དགོས་ཤིང་། ཕྱི་མའི་རྒྱལ་བ་ནི་དེ་ལས་ཟློག་པར་ཀློག་དགོས་པ་ཡིན། གཞན། དཔེར་ན། 《རྒྱལ་པོ་དྲི་མེད་ཀུན་ལྡན་གྱི་མཛད་རྣམ》ལས།①དྲི་མེད་འདི་ནས་འདས་ཏེ་ཤར་ཕྱོགས་སུ། པོ་ཏའི་རི་ལ་བཟང་པོ་རྒྱས་པ་ཞེས། ཡོངས་སུ་གྲགས་པའི་སངས་རྒྱས་སྲས་སུ་སྐྱེས། དེ་ཡང་མ་གྱུར་འགྲོ་བ་འདྲེན་པར་འགྱུར། ཆོས་ཀྱི་འཁོར་ལོ་བསྐོར་ཞིང་མངོན་སངས་རྒྱས། ཞེས་པར་རིམ་པ་བཞིན་འདས་དང་། རྒྱས་པ། གྲགས་པ། སྐྱེས། གྱུར། འགྲོ་བ། འདྲེན་པ། བསྐོར་སོགས་ཀྱི་ལས་ཚིག་ཐོན་ཡོད་པའི་ནང་ནས་འདས་དང་། གྲགས་པ།  གྱུར། འདྲེན་པ། འགྱུར། བསྐོར་བཅས་ཀྱི་མིང་མཐའ་མ་བརྩིས་པར་བྱ་ཚིག་ཉིད་སྒྲ་དྲག་པར་འདོན་དགོས་པས་ལས་ཚིག་ཡིན་པ་དང་།  གཞན་རྣམས་ལྷོད་པར་འདོན་དགོས་པས་ན་བྱ་བའི་མིང་ལས་གྲུབ་པའི་དངོས་པོའི་མིང་དུ་སོང་བ་ཡིན་པ་ལྟ་བུའོ། ད་དུང་། དཔེར་ན། དེ་རིང་རྩོམ་ཞིག་རྩོམ་བཞིན་ཡོད། ཅེས་པའི་རྩོམ་སྔ་མ་དེ་རྣམ་ཆའམ་ཚེག་ཁྱིམ་གཅིག་ཅན་གྱི་བྱ་བའི་མིང་ལས་གྲུབ་པའི་མིང་ཡིན་པས་སྒྲ་ལྷོད་པར་ཀློག་དགོས་པ་དང་།   ཕྱི་མ་བྱ་བའི་མིང་ངམ་ལས་ཚིག་ཡིན་པས་ན་སྒྲ་ལྕི་ཙམ་དུ་འདོན་དགོས་པ་ཡིན།   
          12  སྐབས་བབས་ཀྱི་བརྗོད་བྱའི་དོན་དང་བསྟུན་ནས་དུས་གསུམ་གྱི་ཚིག་གྲོགས་ཞུགས་མི་རིགས་ལ་གཟུགས་འགྱུར་གྱི་རིགས་སོགས་མེད་པར་གཏན་འཇགས་ཀྱི་རང་བཞིན་ལྡན་ནོ།། དཔེར་ན། ང་ཚོས་ངེས་པར་དུའཆད་རྩོད་རྩོམ་གསུམ་ལ་སྦྱོངས་དགོས།  ཞེས་པའི་འཆད་རྩོད་རྩོམ་གསུམ་དེ་སྦྱང་རྒྱུ་དང་། སྦྱངས་ཟིན་དང་། སྦྱོང་བཞིན་པ་དང་། སྦྱོངས་ཤིག་སོགས་ཀྱི་དུས་ཀྱི་འགྱུར་བ་དང་བསྟུན་ནས་བཤད་རྩོད་བརྩམས་སོགས་ཀྱི་འགྱུར་བ་མི་འགྲོ་བའི་རང་བཞིན་ལྡན་ཡོད་པ་རེད། གཞན། དཔེར་ན། རྩོམ་ཕུལ་བྱུང་ཞིག་བྲིས་ལྟ་བུ་ཡི་རྩོམ་ཞེས་པ་བྲིས་ཟིན་རྗེས་བརྩམས་དང་། འབྲི་བཞིན་པའི་དུས་སུ་རྩོམ། བྲི་རྒྱུ་ཡིན་ན་བརྩམ་སོགས་ཀྱི་དུས་ཀྱི་འགྱུར་བ་མེད་ལ་དུས་གསུམ་གྱི་ཚིག་གྲོགས་ཀྱང་སྦྱོར་སྲོལ་མེད་པ་ཡིན་གྱི་གཏན་འཇགས་ཀྱི་རང་བཞིན་ལྡན་པ་ལྟ་བུའོ། །  
          13 ལས་སམ་ཡུལ་གྱི་དངོས་པོ་སྟོན་པར་འཇུག་པའོ།། དཔེར་ན། སྨྲ་བ་བཤད། འདོན་པ་བྱས། འགྲེལ་པ་བརྒྱབ། རྩོམ་བྲིས། སྤང་བླང་དབྱེ། སྒོམ་བརྒྱབ། རྒྱུགས་གློད། གསོ་བ་བཏབ། སྦྱང་པ་བྱས། རིག་པ་སྦྱངས། ལྟ་བུ་ཡི་སྨྲ་བ་དང་། འདོན་པ། འགྲེལ་པ། རྩོམ། སྤང་བླང་། སྒོམ། གཏོང་། རྒྱུགས། གསོ་བ། སྦྱང་པ། རིག་པ་རྣམས་རེ་རེ་ནས་ལས་སམ་ཡུལ་གྱི་དངོས་པོ་སྟོན་པར་འཇུག་པ་ཡིན། དེ་དུང་དེ་མིན་སྟོན་པས་བསྟན། འགྲོ་བས་ངན་བསགས།  ཞེས་པའི་སྟོན་པ་དང་། འགྲོ་བ་ལྟ་བུ་ཡི་བྱ་བའི་མིང་ལས་གྲུབ་པའི་དངོས་པོའི་མིང་གིས་སྐབས་རེ་བྱེད་པ་པོའམ་བྱེད་པ་སྟོན་པ་ཡང་ཡོད་དོ།།   
          14 གང་དེ་སླར་ཡང་བྱ་བ་སྟོན་པ་ལྟ་བུ་ཞིག་ཏུ་གྱུར་ཚེ་དེའི་མཐར་བསྐྱར་དུ་ལས་ཚིག་གཅིག་སྦྱོར་དགོས་པ་ཡིན། དཔེར་ན།  རྒན་ལགས་ཀྱིས་སྦྱོང་ཚན་བཀོད་སྒྲིག་བྱས། སློབ་གྲྭས་ཁང་གསར་འཛུགས་སྐྲུན་བྱས། གྲུབ་ཐོབ་ཀྱིས་སྒོམ་སྒྲུབ་ཞུགས། བདེ་འཇགས་དཔོན་གྱིས་མགྲོན་པོའི་ལུས་སྔོག་བཤེར་བྱས། རང་དམག་གིས་འགོག་རྒོལ་མཐའ་གཅིག་ཏུ་་བྱས།  ཞེས་པའི་བཀོད་སྒྲིག་དང་། འཛུགས་སྐྲུན། སྒོམ་སྒྲུབ། སྔོག་བཤེར། འགོག་རྒོལ་བཅས་ཀྱི་རྗེས་སུ་ལས་ཚིག་རེ་འཇུག་པ་སོགས་སོ། །  
ལྔ་པ། བྱ་བའི་མིང་ལས་གྲུབ་པའི་དངོས་པོའི་མིང་གི་དབྱེ་བ།
          དེ་ཡང་མཁས་དབང་དཔའ་རིས་སངས་རྒྱས་ཚང་ནས་བྱ་བའི་མིང་ལ་དུས་ཀྱི་རྣམ་བཞག་ཡོད་པས་དངོས་པོའི་མིང་ལ་གདགས་པར་གང་ལ་གང་འཚམ་དུ་གདགས་དགོས་ཏེ།  བྱེད་པའི་སྒོ་ནས་བཏགས་པ་ད་ལྟ་བ་ཐོབ་པ། ལས་ཀྱི་སྒོ་ནས་བཏགས་པ་ལ་མ་འོངས་པ་ཐོབ་པ། འབྲས་བུའི་སྒོ་ནས་བཏགས་པ་ལ་འདས་པ་ཐོབ་པ། ནུས་པའི་སྒོ་ནས་བཏགས་པ་ལ་བྱ་ལས་འདས་པ་ཐོབ་པ།①ཞེས་སོགས་གསུངས་ཡོད་པའང་བྱ་བའི་མིང་ལས་གྲུབ་པའི་དངོས་པོའི་མིང་གི་དབྱེ་བའི་གྲས་ཤིག་ཡིན་པར་བཤད་མི་ཆོག་ནི་མེད་ཅིང་།    གོང་དུ་སྨོས་ཟིན་པའི་ཁྱད་ཆོས་དག་ལས་ཀྱང་དབྱེ་བའི་སྐོར་འཕྲོས་ཐུབ་པ་ཡོད་དེ་གཤམ་དུ་དེའི་དབྱེ་བ་ལ་མཚན་གཞི་ཙམ་ཕྱེ་ན་ནི།   
          l མིང་རྒྱུའམ་རྣམ་ཆ་མང་ཉུང་གི་ཆ་ནས་དབྱེ་བ་རིགས་གཉིས་ཡོད། གཅིག་ནི་རྣམ་ཆ་རྐྱང་པའོ།། དཔེར་ན། རྩོམ་བྲིས་ལྟ་བུའི་རྩོམ་དང་། ཁོང་གིས་དབུལ་འཕོངས་ལ་འཇོག་བཞག་ལྟ་བུའི་འཇོག་ལྷམ་གྱི་སྒྲོག་པཅིངས་ལྟ་བུའི་སྒྲོག  རྒྱལ་སྒོའི་འཛུགས་ཤིང་ངམ་འཛུགས་བཙུགས་ལྟ་བུའི་འཛུགས། སློབ་མས་འདོན་བྱས་ལྟ་བུའི་འདོན་སོགས་སོ། གཅིག་ཤོས་ནི་རྣམ་ཆ་འདུས་མའོ།  དཔེར་ན།  འབྲི་ཀློག   ཀློག་འདོན། དཔོད་བྲིས། ཉན་བཤད། སློབ་གསོ།  བསྟན་བཅོས། སངས་རྒྱས། ཁེངས་རློམ། འཕྲོག་བཅོམ། དཔྱད་རྩོམ། འགྲོ་སོང་། བཀོད་སྒྲིག། བསྟོད་བསྔགས། འགྲོ་འདུག་ལ་སོགས་པ་མང་ངོ།།  
          2 མིང་མཐའ་ཞུགས་མ་ཞུགས་ཀྱི་སྒོ་ནས་དབྱེ་ནས་ཕྱེ་ན་ནི་གཉིས་ཡོད། གཅིག་ནི་མིང་མཐའ་ཞུགས་པའོ། །  དཔེར་ན།  ཀློག་པ། བྲིས་པ། རིག་པ། ལྟ་བ། སེམས་པ། བྱས་པ། བཟོད་པ།  བྱུང་བ་སོགས་ལྟ་བུ་དང་།  གཅིག་ཤོས་ནི་མིང་མཐའ་མ་ཞུགས་སོ། །  དཔེར་ན། ཕམ་ཉེས། འཛུགས་སྐྲུན། ཐོབ་ཤོར། བསྐོར་བསྐྱོད།  བསམ་འཆར། སློབ་གསོ།  སངས་རྒྱས། དཔྱད་རྩོམ། འཐེན་རྩིས། གསོ་སྐྱོང་ལྟ་བུ།   
          3 ཚེག་བར་རམ་ཚིག་སྣ་བསྡུས་དང་མ་བསྡུས་ཀྱི་ཆ་ནས་གཉིས་ཡོད། གཅིག་ནི་མ་བསྡུས་པའོ།། དཔེར་ན། མཆོངས་བརྒྱབ་ལྟ་བུའི་མཆོངས་དང་། རྩོམ་བྲིས་པའི་རྩོམ། སྒྲ་བྱས་པའོ་ཞེས་པའི་བྱས་པ། ཡི་གེའི་ཀློག་པ་ལྟ་བུའི་ཀློག་པ་སོགས་སོ། གཅིག་ཤོས་ནི་བསྡུས་པའོ། དཔེར་ན། དུད་ནས་འགྲོ་བ་ལ་དུད་འགྲོ དབུལ་ཞིང་འཕོངས་པ་དབུལ་འཕོངས། ཁ་སྣ་གཉིས་ནས་ཆུ་འཐུང་བ་ལ་གཉིས་འཐུང་། ལང་ཚོ་དར་ཞིང་རྒྱས་པ་ལ་དར་རྒྱས་ལྟ་བུ་མང་ངོ།།    
          4 དུས་གསུམ་དང་ཚིག་གྲོགས་སོགས་ཀྱི་སྒོ་ནས་དབྱེ་ན་ནི①ལས་ཀྱི་སྒོ་ནས་བཏགས་པ་ལ་མ་འོངས་པ་ཐོབ་པ། དཔེར་ན། བཞོན་བྱའི་རྟ་ལ་བཅིབ་པ། ཤེས་བྱའི་གནས་ལ་བསླབ་པའམ་བསླབ་པར་བྱ་བ། བཏུང་བྱ་ལ་སྐོམ། ཟ་རྒྱུ་འཐུང་རྒྱུ་ལ་བཟའ་བཏུང་། གཞན་ལ་ཕན་པ་སྟེར་རྒྱུའི་ནོར་ལ་སྦྱིན་པ། སྤོས་ལ་བདུག་པ།  སྟན་ལ་འདིང་བྱ་ཞེས་པ་སོགས་སོ། (2)བྱེད་པའི་སྒོ་ནས་བཏགས་པ་ལ་ད་ལྟ་བ་ཐོབ་པ། དཔེར་ན། སངས་རྒྱས་ལ་སྟོན་པ། ཆོས་ཁྲིམས་ལ་སྡོམ་པ། སོག་ལེ་ལ་གཅོད་བྱེད་དམ་འདྲ་སྤྱད།  སེམས་ཅན་ལ་འགྲོ་བ་ལྟ་བུ།  (3)ཚིག་གྲོགས་དབང་གིས་ཕྱེད་ཕྱི་མར་འཕུལ་ཅན་སོགས་ཞུགས་ནས་ཕྱེད་སྔ་མ་དངོས་པོའི་མིང་དུ་འགྲོ་བའི་རིགས། དཔེར་ན། དབྱུག་པ་དབྱུགས། སྤྲིང་ཡིག་སྤྲིངས། དཔྱང་ཐག་དཔྱངས། གཙུབ་ཤིང་གཙུབས། ཚོགས་ལ་འཚོགས། གྲོགས་དང་འགྲོགས།  རྒྱན་གྱིས་བརྒྱན། རླན་གྱིས་བརླན། རྔན་པས་བརྔན།  གོམ་པ་བགོམ་ལྟ་བུའོ།  ⑷འབྲས་བུའི་སྒོ་ནས་བཏགས་པ་ལ་མ་འོངས་པ་ཐོབ་པའི་རིགས།   དཔེར་ན། སྔོན་གྱི་ལོ་རྒྱུས་སམ་རྣམ་ཐར་ལ་བྱུང་བ། ཉོན་མོངས་པའི་དགྲ་བཅོམ་པའི་གང་ཟག་ལ་དགྲ་བཅོམ་པ། འཇིག་རྟེན་གྱི་བྱ་བ་བློས་བཏང་བའི་ཆོས་པ་ལབྱ་བཏང་བ་སོགས་སོ། ། ①   ⑸ནུས་པའི་སྒོ་ནས་བཏགས་པ་ལ་བྱ་ལས་འདས་པ་ཐོབ་པའི་རིགས། དཔེར་ན། འཆིང་བྱེད་ལ་ཆིངས། འགྱོགས་བྱེད་ལ་ཁྱོགས།  སྨན་སོགས་འཐུམ་སྤྱད་ལ་ཐུམ། སྣམ་བུ་སོགས་འཐག་བྱེད་ལ་ཐགས། རྒྱང་ལ་བལྟ་སྤྱད་ལ་རྒྱང་མཐོང་།   འཇོམས་པར་བྱེད་པ་པོ་ལ་ཆོམ་པོ་ལྟ་བུ།(5)②སྐུལ་ཚིག་དང་སྒྲ་མཚུངས་པའི་བྱ་ཚིག་ལས་གྲུབ་པའི་རིགས།   དཔེར་ན། གྲོས་ཆོད། ཡིད་སྲུབས། ཁྲུས་ཆུ། ཤོད་སྟངས། ཐོན་གསར།  ལྟོས་གྲུབ། ཚོང་པ། རྟ་ཐུལ་ལྟ་བུ། ⑺ཡིག་གཟུགས་འདྲ་ཡང་འདོན་ཚུལ་མི་གཅིག་པའི་ཆ་ནས་བྱ་བའི་མིང་དེ་དངོས་པོའི་མིང་དུ་འགྲོ་བའི་རིགས།  དཔེར་ན། འབྱུང་བ། འཛིན་པ། འབོད་པ། ལྟ་བ། སྒྲུབ་པ། བསྟོད་པ་སོགས་བྱ་བར་འཇུག་ཚེ་མིང་མཐའི་སྒྲ་ཟོར་ཡང་བར་འདོན་པ་དང་། མིང་དུ་གྲུབ་པའི་བྱ་ཚིག་དབང་དུ་སྒྲ་གདངས་ལྕི་ཞིང་གསལ་བར་འདོན་དགོས་པའོ། ། ⑻དུས་ཀྱི་རྣམ་པ་མི་གཅིག་པའི་བྱ་ཚིག་དུ་མ་ལས་གྲུབ་པའི་རིགས། དཔེར་ན། གཟུང་འཛིན། བཤད་སྒྲུབ། འགུག་གཞུག དགག་སྒྲུབ། འཆར་བཀོད། དཔྱད་སྒོམ། བཅིངས་འགྲོལ། འགྲོ་སོང་ལྟ་བུ་སོགས་ཀྱི་དབྱེ་བ་མང་ཡང་འདིར་དཔེ་མཚོན་ཙམ་དུ་བྱའོ། །
དྲུག་པ། བྱ་བའི་མིང་ལས་གྲུབ་པའི་དངོས་པོའི་མིང་གི་སྐོར་ལས་འཕྲོས་པའི་མ་དག་རྒྱུན་འབྱམས་ལ་དཔེ་མཚོན་ཙམ་གྱི་དབྱེ་ཞིབ་དང་དེའི་རེ་བའི་སྐོར།
          དེ་ཡང་མཁས་དབང་དོར་ཞི་མཆོག་ནས། བྱ་བ་སྟོན་མི་སྟོན་པའི་བྱ་ཚིག་གི་ཁྱད་པར་མ་ཤེས་ན། དུས་གསུམ་གྱི་ཁྱད་པར་སྦྱོར་མི་ཤེས་པས། ཤེས་བྱ་འདི་ནི་གལ་ཆེ་བ་སྣང་ངོ་།། ཞེས་གསུངས་པ་ལས་བྱ་ཚིག་གམ་ལས་ཚིག་ཡང་ན་བྱ་བའི་མིང་ལ་བྱ་བ་སྟོན་དང་མི་སྟོན་ཁྱད་པར་ཡོད་པ་ནི་ཤེས་གསལ་ཡིན་ཞིང་། བྱ་བའི་མིང(ལས་ཚིག)ཡིན་ཕྱིན་བྱ་བ་སྟོན་པར་འགྲོ་བ་ལ་གོ་བ་ལེན་པར་ཡང་དགག་པ་བརྒྱབ་པ་ཞིག་དང་འབྲེལ་བྱ་བ་སྟོན་པའི་བྱ་བའི་མིང་གི་དཀའ་གནད་ལས་གྲོལ་ན་བྱ་བའི་མིང་ལས་གྲུབ་པའི་དངོས་པོའི་མིང་དེ་གོ་བདེར་གྱུར་བ་ནི་སྨོས་མེད་ཅིག་ལགས།  དེའི་སྐོར་དཔེ་ཞིག་གི་ཐོག་ནས་ཞུ་ན། དཔེར་ན། ང་ཚོས་སྔར་གྱི་བྱུང་བ་ལ་སློབ་སྦྱོང་བྱེད་དགོས། ལྟ་བུར་ཆ་མཚོན་ན།   བྱུང་བ་ཞེས་པ་སྔར་བརྒྱུད་མྱོང་བའི་ལོ་རྒྱུས་སམ་དངོས་པོའི་མིང་ཞིག་ཡིན་པ་དང་འབྲེལ་དེ་ཉིད་བྱ་བ་སྟོན་པའི་བྱ་པའི་མིང་དུ་ངོས་འཛིན་པའམ་ཀློག་ཚེ་དོན་ལ་འགལ་བའམ་ནོར་བ་སྟེ། གཅིག་ནས་བྱ་ཚིག་དང་ཚོས་རྗོད་པའི་ཐ་སྙད་སླར་ཞེས་པ་གཉིས་དབར་འབྲེལ་སྒྲ་ཐོབ་པ་ནི་མི་སྲིད་ཅིང  གལ་སྲིད་དེ་ལྟར་ཐོབ་པའི་དབང་དུ་བཏང་ན་འབྲེལ་སྒྲ་གྱི་ཞེས་པ་རྒྱུ་མཚན་སྟོན་པར་འཇུག་པ་དང་།  བྱུང་བ་ཞེས་པ་ལས་ཚིག་ཏུ་སོང་གི་ཤུགས་བསྟན་དུ་གང་བྱུང་བའི་དངོས་པོ་ཞིག་དགོས་པ།   སློབ་སྦྱོང་བྱེད་སའི་ཁ་ཕྱོགས་ནི་གང་ལྟ་བུ་བྱུང་བ་དེ་ཡིན་པས་རབ་རིབ་ཙམ་ལས་མི་གསལ་ཞིང་སྔར་ཞེས་པ་ནི་དུས་སྟོན་པ་ཡིན་གྱི་གཞན་ལས་སྔ་བའི་དོན་ཅན་གྱི་བྱ་བའམ་ཁྱད་ཆོས་སྟོན་པ་ཞིག་སྟེ། ང་ཚོས་སྔར་ཞེས་པ་ཚིག་ཏུ་གྲུབ་དགོས་ཤིང་བྱ་བ་ཕྱི་མ་སློབ་སྦྱོང་བྱེད་མཁན་ནི་སུ་ཡིན་པ་ཤུགས་བསྟན་ཡིན་པ་སོགས་ཀྱི་རྗོད་པ་ཐུང་ངུ་ཞིག་ཀྱང་དོན་གྱི་རྙོག་འཛིང་ཅན་དུ་གྱུར་ཏེ།   ཡང་སྙིང་བསྟན་བྱ་ཅི་ཡིན་གསལ་པོར་གོ་མི་ཐུབ་པ་ནི་བརྗོད་མེད་ཅིག་ལགས། དེས་ན། ང་ཚོས་ངེས་པར་དུ་དེའི་ཐོག་ཏུ་ཡིད་གཟབ་བྱ་དགོས་པ་ནི།  སྤྱིར་ན་བྱུང་བ་ཞེས་པ་རྗོད་པའི་ནང་དངོས་པའི་མིང་ཡིན་པ་མཚོན་རྟགས་འདི་ཙམ་ཡོད་དེ། བྱུང་བ་དེ་ལས་ཚིག་ཡིན་ན་སྤྱིར་སྔ་མའི་འབྲེལ་སྒྲ་ཐོན་མི་རིགས་པའི་ཆ་ནས་དེ་ཉིད་དངོས་པོའི་མིང་ཡིན་པ་ཤེས་དགོས་པ་དང་གཅིག   བྱ་བྱེད་ཐ་དད་པའི་དབང་དུ་བྱ་བྱེད་ལས་གསུམ་གྱི་ཆ་ལས་བྱ་བ་དང་། བྱེད་པ་གཉིས་ངོས་འཛིན་ཐུབ་པ་དང་། ཡང་ན་བྱ་བ་ངོས་འཛིན་ཐུབ་ན་དེ་མུས་སུ་ཚིག་ཕྲད་ལ་སོགས་ཕུད།  བྱེད་པ་འམ་ལས་སམ་ཡུལ་གྱི་དངོས་པོ་གདམ་གསེས་ཀྱི་ཚུལ་ནས་ཤེས་ཐུབ་པ་དང་གཉིས།  བརྗོད་བྱའི་དོན་གྱི་དོན་སྤྱི་ལ་བསམ་ནས་བྱ་བ་གང་དེ་འཆར་ཐུབ་པ་བྱས་ཏེ་བྱ་བ་དེ་དང་འབྲེལ་བའི་ལས་ལ་བསམ་གཞིགས་ཀྱིས་ལས་སམ་བྱེད་པ་དང་། བྱ་བ་གཉིས་འཛོལ་མི་རུང་བ་ཤེས་དགོས་པ་དང་གསུམ། རང་ཉིད་ཀྱིས་བྱུང་བ་ཞེས་པ་དངོས་པོའི་མིང་ཡིན་པ་ཤེས་བཞིན་དེ་ཉིད་ཀློག་པའི་ཚེ་ན་སྒྲ་གདངས་དྲག་ཞན་མ་ཆོད་པའི་དབང་གིས་ལས་ཚིག་དང་འཛོལ་ཏེ་ཉན་པ་བོར་བསམ་གཞིགས་ཀྱི་བཀག་རྒྱ་བཟོ་ངེས་པས་གཟབ་དགོས་པ་དང་བཞི།  ཐབས་ཅི་རིགས་ཀྱིས་བརྡ་སྤྲོད་གཞུང་ལ་སློབ་སྦྱོང་བྱས་ཏེ་དེ་དོན་སྐོར་གྱི་རྙོག་འཛིང་སེལ་ཐབས་བྱེད་པ་ནི་ལམ་དམ་པ་ཞིག་ཡིན་པ་དང་ལྔ་སོགས་འདི་ཙམ་དུ་མཚམས་བཞག་པར་བྱའོ། །
མཇུག་བསྡུའི་གཏམ།
          ས་བཟང་མ་ཏི་པཎ་ཆེན་གྱི་གསུང་ལས། ལེགས་པ་བྱས་ཀྱང་མགྱོགས་པ་གཙོ།  མགྱོགས་པ་བས་ཀྱང་སྙོམས་པ་གཙོ།  སྙོམས་པ་བས་ཀྱང་དག་པ་གཙོ། དེས་ན་དག་པ་གཙོ་བོ་ཡིན།  ཞེས་གསུངས་པ་ལྟར་ཡི་གེའི་དག་ཆ་དེ་དོན་ག་གེ་མོ་དག་སྟོན་བྱེད་ཀྱི་ལག་ཆ་ལྟ་བུར་སོང་བ་ནི་མངོན་ལྐོག་གང་གིས་ཀྱང་རྟོགས་ཐུབ་པ་ཞིག་ཡིན་ལ་ཡི་གེ་གང་དག་མིང་དང་ཚིག་གི་སྦྱོར་བའི་ཁྲོད་དག་ཆ་ནོར་བ་ཡིན་ན། སྨན་པས་སྨན་གྱི་སྦྱོར་སྡེབ་ནོར་ཏེ། ནད་ལ་མི་ཕན་པའམ་ཐ་ན་གནོད་པར་འགྱུར་བ་བཞིན་སྐབས་བབས་ཀྱི་དོན་ལ་ཡང་འགྲེལ་བསྐྱར་འགྲེལ་བྱས་ཀྱང་རྙོག་འཛིང་ཆེ་བ་ལས་གོ་བ་ཆགས་མི་ཐུབ་པའམ་གོ་བ་ལེན་མི་ཐུབ་པའི་གནས་སུ་གྱར་བ་མ་ཟད།  གོ་བ་ཕྱིན་ཅི་ལོག་པར་ཡང་འགྲོ་སྲིད་པས་བྱ་ཚིག་ལས་གྲུབ་པའི་མིང་གི་ཚུལ་ཡང་དེ་ལྟ་བུའི་གནས་ལུགས་ཤིག་གམ་ཡི་གེའི་དག་ཆར་འགྲོ་བ་ཡང་མིན་ཞེས་བཤད་མི་ཆོག་པ་མིན་ལ་བྱ་ཚིག་ལས་གྲུབ་པའི་མིང་དེ་ཉིད་ཡི་གེའི་གཟུགས་ཙམ་མ་ཟད།  ངག་ནས་འདོན་པའི་སྒྲའི་ཤུགས་ཚད་དམ་སྒྲ་མཐོ་དམན་གྱི་ཆ་ཡང་ཡོད་པར་ཤེས་རྟོགས་བྱས་ཏེ། ཕྱིས་འབྱུང་ཡི་གེ་འབྲི་བའམ་ཀློག་འདོན་བྱེད་པའི་བརྒྱུད་རིམ་ནང་བདག་དང་འདྲ་བའི་གཞོན་སྐྱེས་རྣམས་ལ་བྱ་བའི་མིང་ལས་གྲུབ་པའི་དངོས་པོའི་མིང་དང་། བྱ་བའི་མིང་ངམ་ལས་ཚིག་དབར་གྱི་ཤེས་བྱའི་གནས་ལ་འགལ་འཛོལ་མི་ཡོང་བའི་ཕྱིར་དུ་བྲིས་ཀྱང་། ད་དུང་ནོར་འཁྲུལ་དང་མ་དག་པའི་ཆ་མང་པོ་ཡོད་ངེས་པས་སྤྱན་ཡངས་པ་རྣམས་ཀྱིས་དགོངས་འཆར་ལྷུག་ཏུ་བསྩལ་རྒྱུའི་འདུན་པ་སྙིང་དབུས་ནས་བཅངས་ཡོད་དོ།

རྩོམ་པ་པོ་ངོ་སྤྲོད།   ཚེ་རིང་དགྲ་འདུལ།  (1983-  )  ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པ་ཞིབ་འཇུག་གླིང་གི་2007ལོའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་ཤེས་རམས་པའི་ཞིབ་འཇུག་སློབ་མ་ཡིན།

①དོར་ཞི་གདུང་དྲུག་སྙེམས་བློ།  《བོད་ཀྱི་བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་1999ལོར་ལན་ཀྲུའུ་ནས་པར་དུ་བསྐྲུན། ཤོག་ངོས་95ན་གསལ།
①དོར་ཞི་གདུང་དྲུག་སྙེམས་བློ།  《བོད་ཀྱི་བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་1999ལོར་ལན་ཀྲུའུ་ནས་པར་དུ་བསྐྲུན། ཤོག་ངོས་154ན་གསལ།
① ལྕགས་ཐར་རྒྱལ། 《བོད་སྐད་བརྡ་སྤྲོད་ཀྱི་གནད་དོན་ཁ་ཤས་ལ་དཔྱད་པ་རིག་འཕྲུལ་མེ་ལོང་།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས2008ལོར་ཟི་ལིང་ནས་པར་དུ་བསྐྲུན། ཤོག་ངོས་193ན་གསལ།
②དམུ་དགེ་བསམ་གཏན། 《བརྡ་སྤྲོད་བློ་གསལ་དགའ་སྟོན།》མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས2005ལོར་ཟི་ལིང་ནས་པར་དུ་བསྐྲུན།
①དཔའ་རིས་སངས་རྒྱས། 《བརྡ་སྤྲོད་གསལ་བྱེད་ངག་སྒྲོན།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས1998ལོར་ཟི་ལིང་ནས་པར་དུ་བསྐྲུན། ཤོག་ངོས་8ན་གསལ།
② དམུ་དགེ་བསམ་གཏན། 《བརྡ་སྤྲོད་བློ་གསལ་དགའ་སྟོན།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས2005ལོར་ཟི་ལིང་ནས་པར་དུ་བསྐྲུན། ཤོག་ངོས་32ན་གསལ།
①《ཕོ་བྲང་པོ་ཏ་ལའི་ལོ་རྒྱུས་ཕྱོགས་བསྒྲིགས།》  བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས1987ལོར་ལྷ་ས་ནས་པར་བསྐྲུན།  ཤོག་ངོས་56ན་གསལ། 
① དོན་གྲུབ་ཀྱིས་རྩོམ་སྒྲིག་བྱས། 《ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར།》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས1981ལོར་ལྷ་ས་ནས་པར་དུ་བསྐྲུན།  ཤོག་ངོས་12ན་གསལ།
①དོན་གྲུབ་ཀྱིས་རྩོམ་སྒྲིག་བྱས། 《ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར།》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས1981ལོར་ལྷ་ས་ནས་པར་དུ་བསྐྲུན།  ཤོག་ངོས་12ན་གསལ།
①དོར་ཞི་གདུང་དྲུག་སྙེམས་བློ།  《བོད་ཀྱི་བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་1999ལོར་ལན་ཀྲུའུ་ནས་པར་དུ་བསྐྲུན། ཤོག་ངོས་158ན་གསལ།
①དོན་གྲུབ་ཀྱིས་རྩོམ་སྒྲིག་བྱས། 《ཆོས་རྒྱལ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར།》བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས1981ལོར་ལྷ་ས་ནས་པར་དུ་བསྐྲུན།  ཤོག་ངོས་64ན་གསལ།
①དཔའ་རིས་སངས་རྒྱས། 《བརྡ་སྤྲོད་གསལ་བྱེད་ངག་སྒྲོན།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས1998ལོར་ཟི་ལིང་ནས་པར་དུ་བསྐྲུན། ཤོག་ངོས་24ན་གསལ།
①དཔའ་རིས་སངས་རྒྱས། 《བརྡ་སྤྲོད་གསལ་བྱེད་ངག་སྒྲོན།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས1998ལོར་ཟི་ལིང་ནས་པར་དུ་བསྐྲུན། ཤོག་ངོས་23ན་གསལ།
②དོར་ཞི་གདུང་དྲུག་སྙེམས་བློ།  《བོད་ཀྱི་བརྡ་སྤྲོད་རིག་པའི་དོན་འགྲེལ་ཕྱོགས་བསྒྲིགས》ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་1999ལོར་ལན་ཀྲུའུ་ནས་པར་དུ་བསྐྲུན། ཤོག་ངོས་157ན་གསལ།