གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

གསར་དུ་རྙེད་པའི་བོད་བཙན་པོའི་སྐབས་བཞེངས་པའི་སྨར་ཁམས་རྫོང་རྣམ་པར་སྣང་མཛད་ཀྱི་བྲག་བརྐོས་སྣང་བརྙན་སྐོར་རགས་ཙམ་བརྗོད་པ།

སྤེལ་དུས 2018-07-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། གུ་གེ་ཚེ་རིང་རྒྱལ་པོ།
          འདིར་ཁོ་བོས་བོད་བཙན་པོའི་སྐབས་ཀྱི་བྲག་བརྐོས་འཁྲུལ་མེད་རྣམ་པར་སྣང་མཛད་དང་ཉེ་བའི་སྲས་ཆེན་བརྒྱད་①ཀྱི་སྣང་བརྙན་སྐོར་མཚམས་སྦྱོར་རགས་ཙམ་བྱེད་རྒྱུར། དེ་ནི་སྤྱི་ལོ2014ལོའི་སྤྱི་ཟླ་དང་པོའི་ཚེས22ལ་ཁོ་བོ་ཆབ་མདོ་ས་ཁུལ་སྨར་ཁམས་རྫོང་སྤང་མདའ་ཤང་འབུམ་ནས་གྲོང་ཚོར་བཅའ་སྡོད་བྱེད་སྐབས་བརྟག་དཔྱད་ཞིབ་འཇུག་བྱེད་པའི་སྐབས་སུ་གསར་ཏུ་རྙེད་པ་ཞིག་ཡིན། བྲག་བརྐོས་སྣང་བརྙན་དེ་དག་གི་སྐོར་ད་ཕན་ལོ་རྒྱུས་དེབ་ཐེར་དང་དཔྱད་གཞིའི་ཡིག་རིགས་ནང་ལ་ཡེ་ནས་འཁོད་མི་འདུག དེང་རབས་རིག་དངོས་བསྡུ་རུབ་བྱེད་མཁན་དང་ས་འོག་སྔོག་འདོན་རིག་པར་ཞིབ་འཇུག་བྱེད་མཁན་ཆོའི་དཔེ་དེབ་ནང་ལའང་འཁོད་མེད་པས་ད་ཐེངས་རིན་ཐང་བྲལ་བའི་བཙན་པོའི་སྐབས་ཀྱི་བྲག་བརྐོས་རིག་དངོས་དེ་འདྲ་བ་རྙེད་པ་ནི་དོན་སྙིང་ཧ་ཅང་ཆེ་བའོ། །   
          བྲག་བརྐོས་སྣང་བརྙན་དེ་དག་ནི་སྐབས་དེའི་བོད་ལྗོངས་ཤར་ཕྱོགས་སྨར་ཁམས་ཁུལ་གྱི་ལོ་རྒྱུས་དང་། ཆོས་ལུགས། གོས་རྒྱན་ཆ་ལུགས། སྒྱུ་རྩལ་སོགས་ལ་ཞིབ་འཇུག་བྱེད་པར་ཤིན་ཏུ་སྨན་ངེས་དང་རིན་ཐང་ཡང་ཧ་ཅང་ཆེ། དེར་དབུས་སུ་རྣམ་པར་སྣང་མཛད་ཀྱི་སྣང་བརྙན་དང་ཞོགས་གཡས་གཡོན་ལ་ཉེ་བའི་སྲས་ཆེན་བརྒྱད་ཀྱི་སྣང་བརྙན་ཡོད། བྲག་བརྐོས་སྣང་བརྙན་དེའི་རིགས་ནི་སྐབས་དེ་དུས་རྒྱ་ནག་དང་བལ་ཡུལ་སོགས་ལ་དར་ཁྱབ་ཆེན་པོ་ཡོད།  བོད་ཀྱི་ཤར་ཕྱོགས་ཡུལ་ལྕང་སྨར་ཁམས་དང་། སྦ་ཐང་། རྒྱལ་ཐང་སོགས་ནི་ཐང་རྒྱལ་རབས་དང་བོད་བཙན་པོའི་དབར་ཀྱི་ཚོང་ལམ་གལ་ཆེན་དང་། དྲག་པོའི་དཔུང་འཁྲུགས་ཀྱི་ལམ། སངས་རྒྱས་ཆོས་ལུགས་དར་བའི་ལམ་གལ་ཆེན་ཞིག་ཀྱང་ཡིན། རྒྱ་བོད་དྲེལ་ལམ་དང་ཁམས་བོད་དྲེལ་ལམ་ཡང་ས་ཁུལ་དེ་དག་བརྒྱུད་ནས་འགྲོ་དགོས། དཔེར་ན་ཟླ་ཆུ②རྒྱུད་ནས་ཡོང་ཞིང་། བྲག་སྒོ་ཤར③གྱི་ལུང་པ། དེ་ནས་ཆགས་ལ་ཞེས་པའི་ལ་ཆེན་དེ་བརྒྱབ་རྗེས་བྱིས་གྲོང་④ལ་སླེབས། དེ་ནས་ལྷ་མདུན།⑤དེ་ནས་སྤང་མདའི་ཤི་རི་པི་ཙི་ཞེས་པའི་ལ་དེ་བརྒྱབ་རྗེས་སུ་ཤག་ཆུའི་བྱང་ཕྱོགས་འབུམ་ནས་གྲོང་ཆོའི་ཁོངས་སུ་གཏོགས་པའི་བྱང་རྭ་དང་བཅས་ད་ལྟའི་བྲག་ལོགས་སུ་བརྐོས་པའི་རྣམ་སྣང་སྣང་བརྙན་ཡོད་སར་སླེབས་ཀྱི་ཡོད། དེ་ནས་མུ་མཐུད་དེ་ནུབ་ཕྱོགས་སུ་བྱོན་ཚེ་སྨར་ཁམས་རྫོང་སྲིད་གཞུང་ཆགས་སའི་སྒ་ཐོག་དང་། མཛོ་སྒང་། ཚ་བ་སྤ་ཤོད་བཅས་རྒྱུད་ལྷ་སར་འགྲོ་བའི་ལམ་ཡིན། དེ་ནས་ཡང་མུ་མཐུད་དེ་ནུབ་ཕྱོགས་སུ་བྱོན་ཚེ་རི་བོ་ཧི་མ་ལ་ཡའི་ལྷོ་ཕྱོགས་སུ་མཆིས་པའི་ཐག་རིང་བལ་ཡུལ་ལ་སླེབས། ཟླ་ཆུ་རྒྱུད་པའི་རྒྱ་བོད་དྲེལ་ལམ་གྱི་མཐའ་ཐུག་ས་ནི་སི་ཁྲོན་དང་ཡུན་ནན་སོགས་ཡིན། སྐབས་དེ་དུས་ཡུན་ནན་ས་ཁོངས་དེ་ནི་འཇང་གི་རྒྱུལ་པོ་ཁཱ་ལ་ཀག་དང་ཀག་ལོ་བོང་སོགས(642-902)ཀྱིས་དབང་བསྒྱུར་ཅིང་འཇང་གི་རྒྱལ་པོ་དང་བོད་བཙན་པོའི་དབར་སྤྱི་ལོ་745ལ་དམག་མི་བརྒྱག་པའི་ཆིང་ཡིག་བཞག་གནང་བ་ཡིན་ལ་འཇང་གི་རྒྱལ་ཐོག་བཅུ་གསུམ་ཙམ་རིང་ལ་བོད་བཙན་པོ་དག་གིས་འཇང་གི་རྒྱལ་པོ་དེ་ཚོ་ལ་བཙན་པོའི་གཅུང་པོ་ཞེས་ཟེར⑥བ་མ་ཟད། བོད་བཙན་པོའི་བཙན་པོ་ཁག་དང་འཇང་གི་རྒྱལ་པོ་དབར་ལ་དམག་དོན། ཚོང་དོན། ཆོས་ལུགས་བཅས་གྱི་འབྲེལ་བ་དམ་པོ་བྱུང་འདུག 
          དེ་དུས་བོད་དང་འཇང་དབར་ལ་ཕྱི་འབྲེལ་དང་ཚོང་དོན་འབྲེལ་བ་ལེགས་པོ་ཡོད་པའི་དབང་གིས་ཕན་ཚུན་དབར་གྱི་མཛའ་གྲོགས་འབྲེལ་བར་ཤུགས་རྐྱེན་ལེགས་པོ་ཐེབས་བཞིན་མཆིས། འཇང་ཡུལ་ལ་བོད་ཀྱི་འབྲེལ་བ་རྒྱུད་སངས་རྒྱས་ཆོས་ལུགས་ཀྱང་དར་ཤུགས་ཇེ་ཆེར་ཕྱིན་བཞིན་ཡོད་ལ་རིག་གནས་སྤེལ་རེས་ཀྱི་འབྲེལ་བ་ཡང་དམ་པོ་ཡོད། དེ་བཞིན་འཇང་ཡུལ་རྒྱུད་ཐང་རྒྱལརབས་ཀྱི་སངས་རྒྱས་ཆོས་ལུགས་ཀྱི་ལྷ་སྐུའི་སྣང་བརྙན་བྲག་ཐོག་བརྐོས་པའི་སྲོལ་ཡང་རིམ་གྱིས་བོད་ཡུལ་དུ་དར་བཞིན་མཆིས། དེ་འདྲའི་ལོ་རྒྱུས་རྒྱབ་ལྗོངས་འོག་ལ་བོད་ཀྱི་ཤར་ཕྱོགས་སྨར་ཁམས་དང་། བྲག་གཡབ། སྐྱེ་དགུ་མདོ་བཅས་ལ་ལྷ་སྐུའི་སྣང་བརྙན་བྲག་ལོགས་སུ་རྡོ་བརྐོས་པ་མི་ཉུང་བ་བྱུང་ཡོད། དེའི་སྐོར་ལ་དཔྱད་གཞི་ཡིག་ཆ་ཉུང་བས་ལོ་རྒྱུས་དངོས་མང་པོ་ཞིག་ཤེས་པར་དཀའ་བོ་ཡོད་མོད་ཀྱང་རྡོ་བརྐོས་ཀྱི་དབྱིབས་གཟུགས་དང་དེའི་འོག་ལ་བྲིས་པའི་མཚན་བྱང་ནས་སྐབས་དེ་དུས་རྣམ་སྣང་ལ་དད་ཤུགས་ཆེན་པོ་ཡོད་པ་ཤེས་ཐུབ་པ་མ་ཟད་བཙན་པོའི་སྐབས་ཀྱི་རྡོ་བརྐོས་སྒྱུ་རྩལ་ཅི་འདྲ་ཡིན་མིན་ཡང་ཤེས་ཐུབ་ངེས་ཡིན། ཡུལ་མི་རྒན་རབས་མྱོང་བ་ཅན་ཚོས་ངག་རྒྱུན་དུ་བརྗོད་པར་སྐུ་དེ་དག་རྒྱ་བཟའ་ཀོང་ཇོ(སྤྱི་ལོ641)བོད་ལ་ཕེབས་སྐབས་བཞེངས་པ་ཡིན་བརྗོད་མོད་ཀྱང་དོན་དུ་དུས་རབས་ཅི་ཙམ་ལ་བརྐོས་མིན་སྐོར་ལ་མུ་མཐུད་ཞིབ་འཇུག་ནན་པོ་བྱས་ནས་ཐག་གཅོད་དགོས་པར་སྙམ།  
          འདིར་བརྗོད་པའི་བྲག་ལོགས་སུ་བརྐོས་པའི་རྣམ་སྣང་དང་། ཉེ་སྲས་བརྒྱད་དག་ནི་ཆབ་མདོ་ས་ཁུལ་སྨར་ཁམས་རྫོང་སྒ་ཐོག་གྲོང་སྡེ་རྒྱུད་ནས་རྒྱུག་ཡོང་བའི་ཤག་ཆུ་གཙང་པོ་བཞུར་རྒྱུན་གྱི་བྱང་ཕྱོགས་སུ་ཡོད། རྣམ་པར་སྣང་མཛད་བཞེངས་སྐུ་⑦དེ་ནི་སྒ་ཐོག་གྲོང་སྡེའི་སྤར་རུ་ཚུན་གཙུག་ཤོད་ཙུའུ་ལྷ་འབབ་ཐང་ལ་ཆགས་ཡོད་ཅིང་བསན་འཛིན་དབང་ཕྱུག་ཅེས་པའི་གྲོང་མི་དེ་དང་ཐག་རིང་ཐུང་ཀུང་ཁྲེ200ལྷག་ཙམ་ན་མཆིས། དུས་ཡུན་རིང་པོའི་ནང་བྲག་ལྷུང་ཟིན་ཁའི་ལྷ་དབང་ཐོང་པ་ཞེས་པའི་མི་ཚང་དེས་བདག་པོ་བརྒྱབ་པ་ཡིན། བྲག་དེའི་དབྱིབས་ནི་མར་ལྟང་གྲིས་བཅད་པ་ལྟར་ཡོད་པས་དེར་མར་གྲོད་སྤུ་ཞེས་བརྗོད།   
          རྡོ་བརྐོས་སྐུ་དག་མཆོད་པའི་ལྷ་ཁང་དེ་ནུབ་ཕྱོགས་ཀྱི་བྲག་ཕུག་ལ་སྔར་འོད་ཟེར་སྤྲུལ་སྐུ་⑧མཚམས་བཞུགས་བྱས་པས་སྤྲུལ་སྐུ་དེ་ཡང་རྟག་ཏུ་བྲག་བརྐོས་ལྷ་ཁང་དེར་ཕེབས་ནས་ཕྱག་དང་མཆོད་འབུལ་གནང་གི་ཡོད། དེ་སྔ་ལྷ་ཁང་དེའི་ཉེ་འདབས་སུ་ཆུ་ཚན་གྱི་ཆུ་མིག་ཁྱད་འཕགས་ཤིག་ཡོད་ལ་དེར་ནི་འོད་ཟེར་སྤྲུལ་སྐུ་སོགས་སྐྱེས་བུ་དམ་པ་དག་གི་སྒྲུབ་ཆུ་ཡིན་སྐད་ཀྱང་ད་ལྟ་ནི་སྐམ་ཟིན་འདུག རྣམ་པར་སྣང་མཛད་ལྷ་ཁང་དེ་སྨར་ཁམས་རྫོང་ལྟེ་བ་ཆགས་ས་སྒ་ཐོག་གྲོང་སྡེའི་ཤར་ཕྱོགས་སྤྱི་ལེ35ཙམ་ན་མཆིས།   
          རྣམ་སྣང་དང་ཉེ་སྲས་བརྒྱད་ཀྱི་སྣང་བརྙན་དག་བྲག་ལོགས་སུ་འབུར་མའི་ཚོད་དུ་བརྐོས་ཤིང་སྟེང་ཐོག་མེད་པའི་ལྷ་ཁང་ཆུང་ཆུང་ཞིག་ནང་ལ་འདུག དེ་ཡང་རྣམ་པར་སྣང་མཛད་སྣང་བརྙན་གྱི་རྒྱབ་ཁྲིའི་མཐོ་ཚད་ནི་རྨིད5.65ཡིནཞིང་རྣམ་པར་སྣང་མཛད་སྐུའི་མཐོ་ཚད་ལ་རྨིད4.92 ཞབས་ཁྲིའི་རིང་ཚད་ལ་རྨིད་3.14 དཔུང་མགོའི་རིང་ཚད་ལ་རྨིད་1.67 དབུའི་མཐོ་ཚད་ལ་རྨིད་1.36 དབུའི་ཞེང་ཚད་ལ་རྨིད0.60 ཞོགས་གཡོན་གྱི་ཕྱག་ན་རྡོ་རྗེ་སོགས་ཀྱི་སྐུའི་མཐོ་ཚད་ལ་རྨིད2.7 དབུའི་ཞེང་ཚད་ལ་རྨིད0.78ཞོགས་གཡས་ཀྱི་ཀུན་ཏུ་བཟང་པོ་སོགས་ཀྱི་སྐུའི་མཐོ་ཚད་ལ་རྨིད2. 7དབུའི་ཞེང་ཚད་ལ་རྨིད0.75 འཇམ་དཔལ་དབངས་ཀྱི་སྐུའི་མཐོ་ཚད་ལ་རྨིད2.15 ཞེང་ཚད་ལ་རྨིད0.70 ཡང་རྣམ་སྣང་སྐུ་བརྐོས་སའི་བྲག་དེའི་མཐོ་ཚད་ལ་རྨིད9 ཞེང་ཚད་ལ་རྨིད་7.5འདུག རྣམ་པར་སྣང་མཛད་ནི་སེང་གེ་གཉིས་ཀྱི་བཏེགས་ཤིང་། བྲག་དེའི་རྩ་བར་སེང་གེ་དེ་གཉིས་བརྐོས་ཡོད་ཅིང་དེ་གཉིས་ཀྱི་ཞེང་ཚད་ལ་རྨིད་1.3དང་། མཐོ་ཚད་ལ་རྨིད་1.3ཡོད། སེང་གེ་དེ་གཉིས་ཀྱི་དབྱིབས་དང་ཆེ་ཆུང་ཆ་འདྲ་ཡིན།   
          བྲག་བརྐོས་སྐུའི་བཀོད་པའི་རྣམ་པ་ནི་དབུས་སུ་རྣམ་པར་སྣང་མཛད་ཀེར་བཞེངས་སུ་བཞུགས་ཤིང་། དེའི་གཡས་ཕྱོགས་སུ་ནམ་མཁའི་སྙིང་པོ་དང་མེ་ཅི་བྱམས་པ་གཉིས་སྟེང་། ས་ཡི་སྙིང་པོ་དང་ཨ་རྒྱ་པ་ལོ་གཉིས་གཤམ། དེའི་གཡོན་ཕྱོགས་སུ་ཀུན་ཏུ་བཟང་པོ་དང་། ཕྱག་ན་རྡོ་རྗེ་གཉིས་སྟེང་། འཇམ་དཔལ་དབྱངས་དང་སྒྲིབ་པ་རྣམ་བསལ་གཉིས་གཤམ་བཅས་ཉེ་བའི་སྲས་ཆེན་བརྒྱད་ཀྱང་ཀེར་བཞེངས་ཚུལ་དུ་མཆིས་ཤིང་། བྲག་ལོགས་སུ་འབུར་བརྐོས་ཚུལ་དུ་བཞུགས་འདུག དེའི་མཚན་བང་ཡང་བྲག་ལྡེབས་སུ་དབུ་ཅན་གྱི་གཟུགས་ཁ་གསལ་པོར་བརྐོས་ནས་ཡོད་ལ། རྒྱལ་བ་བྱམས་པ་ལ་མེ་ཅི་བྱམས་པ་དང་སྤྱན་རས་གཟིགས་ལ་ཨ་རྒྱ་པ་ལོ་ཞེས་ལེགས་སྦྱར་གྱི་སྐད་དང་བོད་སྐད་འདྲེས་མའམ་ལེགས་སྦྱར་སྐད་རང་སོར་བཞག་འདུག ཨ་རྒྱ་པ་ལོ་ནི་ཏུན་ཧོང་གི་ཡིག་རྙིང⑨སྤྱན་རས་གཟིགས་དབང་ཕྱུག་གི་ཆོ་ག་ཞེས་པའི་ཕྱག་ཤོག་དང་། བསམ་ཡས་དགོན་པའི་ལྷ་ཁང་ལ་ཨ་རྒྱ་པ་ལོའི་གླིང་⑩ཞེས་བརྗོད་ཡོད་པས་སྤྱིར་བཏང་བྱས་ན་འཕགས་པ་སྤྱན་རས་གཟིགས་ལ་ཨ་རྒྱ་པ་ལོ་ཞེས་བྲིས་པ་ནི་བསྟན་པ་སྔ་དར་རམ་བོད་བཙན་པོའི་སྐབས་ཀྱི་ཡིག་རྙིང་ཁག་ནང་མཐོང་རྒྱུ་ཡོད་པ་ལས་བསྟན་པ་ཕྱི་དར་གྱི་ཡིག་རྙིང་དག་ལ་འཁོད་པ་མི་བསལ། སྐུ་དེ་དག་བང་རིམ་གཉིས་རེ་དང་བང་རིམ་རེ་ལ་སྐུ་ཀེར་བཞེངས་པ་གཉིས་རེ་བྱས་ནས་བརྐོས་འདུག ཉེ་བའི་སྲས་ཆེན་བརྒྱད་ཀྱི་ན་བཟའ་རྒྱ་ལུགས་ཕྱུ་པ་རྟེང་པར་ཐུག་ཙམ་ཤ་སྟག་དང་བཞུགས་སྟངས་གཡོ་འགུལ་མེད་པའི་ཚུལ་དུ་འདུག དབུ་ལ་རྒྱ་ནག་ལུགས་ཀྱི་དབུ་ཞྭ་གཙུག་གཏོར་ཅན་གཡས་གཡོན་ལ་ཇབ་ཇབ་བྱས་པ་ཤ་སྟག་རེད།   
          སྐབས་དེའི་དུས་སུ་བོད་ཁ་བ་གངས་ཅན་ཤར་ཕྱོགས་ཀྱི་ཡུལ་ཤུལ་ལྡན་ཁོག་བྲག་བརྐོས། འབིས་མདའི་བྲག་བརྐོས། ལེབ་ཁོག་བྲག་བརྐོས། བྲག་གཡབ་ཀྱི་ལྡན་མ་བྲག་བརྐོས། སྨར་ཁམས་སྤ་རུ་གཙུག་ཤོད་ལྷ་བབས་ཐང་གི་བྲག་བརྐོས་བཅས་བཞེངས་པའི་དགོས་པ་ནི། དེ་ཚེ་བོད་བཙན་པོའི་མངའ་ཁོངས་སུ་ནང་བསྟན་ཆོས་ལུགས་ཀྱི་བསྔོ་སྨོན་དང་འབྲེལ་བས་འབྲེལ་ཐོགས་ཡོད་དོར་དགེ་འབྲས་ཀྱི་བགོ་སྐལ་ཤུགས་ཆེན་འཐོབ་པའི་ཆེད་དང་། ནང་བསྟན་ཆོས་ལུགས་བོད་ཡུལ་དུ་དར་ཤུགས་ཇེ་ཆེར་འགྲོ་བའི་སླད། བོད་མི་ཚོས་ནམ་གནས་ཇི་སྲིད་དབར་ནང་བསྟན་ཆོས་ལུགས་ལ་དད་པ་བརྟན་པོ་བྲག་ལ་སྣང་བརྙན་བརྐོས་པ་ལྟར་ཡོང་བའི་ཆེད། དེ་བཞིན་བྱང་ཆུབ་ཀྱི་སེམས་ཚེ་རབས་རྣམས་སུ་མི་འབྲལ་བར་གྱུར་བའི་ཕན་ཡོན་ཆེ་བ་བཅས་ཀྱི་ཆེད་དུ་ཡིན་པ་གསལ་པོ་རེད།   
          ཤག་ཆུ་གཙང་པོ་དེའི་ལྷོ་ཕྱོགས་སུ་རྡོ་ལྷ་ཞེས་ཚེ་དཔག་མེད་ཀྱི་རྡོ་སྐུ་ཐུན་མོང་མིན་པ་ཞིག་ཀྱང་མཆིས་པ་ད་ལྟ་དབུ་ཙམ་ལས་གཟུགས་མང་ཆེ་བ་གཏོར་བརླགས་སུ་སོང་ཟིན་འདུག ཚེ་དཔག་མེད་ཀྱི་རྡོ་སྐུ་དེའི་མཐོ་ཚད་ལ་རྨིད0.7དང་། སྟོད་ཞེང་ལ་རྨིད0.6 དབུའི་མཐོ་ཚད་ལ་རྨིད0.28 དབུའི་ཞེང་ཚད་ལ་རྨིད0.52 དེའི་མཉན་ལྕོག་གི་མཐོ་ཚད་ལ་རྨིད0.14བཅས་ཡོད། དེ་བཞིན་རྡོ་སྐུ་དེའི་གཡས་གཡོན་ལ་བརྐོས་པའི་མེ་ཏོག་པད་མའི་མཐོ་ཚད་ལ་རྨིད0.11 ཞེང་ཚད་ལ་རྨིད0.11 རྒྱབ་མདུན་དབར་གྱི་རིང་ཚད་ལ་རྨིད1.1 ཞབས་ཁྲིའི་ཞེང་ཚད་ལ་རྨིད0.64 ཞབས་ཁྲིའི་མཐོ་ཚད་ལ་རྨིད0.64 ཞབས་ཁྲི་སྒོར་མོའི་རིང་ཚད་རིམ་པ་དང་པོར་རྨིད1.48 རིམ་པ་གཉིས་པར་རྨིད་1. 87 ཡོད་པ་བཅས་སོ། །དེ་བཞིན་རྣམ་པར་སྣང་མཛད་ལྷ་ཁང་དེའི་མདུན་ཕྱོགས་རྨིད་བཅུ་ཙམ་ན་སྨན་ཐང་ཞིག་འདུག་པ་དེར་ལྷའི་སྣང་བརྙན་དང་ཡིག་རིས་བརྐོས་པའི་རྡོ་ལེབ་དང་རྡོ་རིལ་མང་དག་འདུག་པ་དེ་ཚོ་ལའང་ཞིབ་འཇུག་གི་རིན་ཐང་ཆེན་པོ་ལྡན་ནོ། །  
          མདོར་ན། སྒ་ཐོག་གྲོང་སྡེའི་སྤར་རུ་ཚུན་གཙུག་ཤོད་ཙུའུ་ལྷ་འབབ་ཐང་ལ་ཆགས་པའི་རྣམ་སྣང་ལྷ་ཁང་ནང་མཆོད་པའི་གཙོ་སྐུ་རྣམ་པར་སྣང་མཛད་དང་ཞོགས་གཡས་གཡོན་གྱི་ཉེ་བའི་སྲས་ཆེན་བརྒྱད་སོགས་ཀྱི་སྐུ་བརྙན་བྲག་ལྡེབས་སུ་བརྐོས་པ་དེ་དག་ནི་བོད་བཙན་པོའི་སྐབས་ཀྱི་བརྐོས་རིས་སྣང་བརྙན་གྱི་རིག་དངོས་རྗེས་ཤུལ་འཁྲུལ་མེད་ཡིན་པར་ཐེ་ཚོམ་དང་ཀླན་ཀ་ཡེ་ནས་མི་དགོས་པ་ཞིག་ཡིན་པ་བརྗོད་མེད་དང་། མཚན་བྱང་ཡིག་རིགས་ཟབ་བརྐོས་བྱས་པ་དག་དུས་ད་ལྟའང་མ་འདྲེས་མ་ཟུབ་པར་ལྷམ་མེར་གསལ་ཞིང་།  སྐུའི་སྣང་བརྙན་ཡོད་དོ་ཅོག་ལ་ཐུན་མོང་མ་ཡིན་པའི་གནའ་བོའི་བརྐོས་རིས་སྒྱུ་རྩལ་གྱི་ཉམས་འགྱུར་ཁྱད་ཅན་ལྡན་ཡོད་པ་བཅས་ལོ་ངོ་སྟོང་ཕྲག་གཅིག་ལྷག་ཙམ་ཉེ་བའི་གོང་དུ་བོད་ཁ་བ་གངས་ཅན་གྱི་རྡོ་བརྐོས་ལག་རྩལ་ཧཅང་མཐོ་པོ་ཡོད་པ་དང་སྦྲགས། བོད་གནའ་རབས་ཀྱི་བྲིས་འབུར་སྣང་བརྙན་ལག་རྒྱུན་ལ་ཆེད་གཉེར་བརྟག་དཔྱད་དང་ཞིབ་འཇུག་བྱེད་པར་དཔྱད་གཞིའི་རིན་ཐང་མི་དམའ་བ་ལྡན་ཡོད་པ་གསལ་པོ་ཡིན་ལ། དུས་རབས་ཀྱི་རང་བཞིན་གསལ་བའི་གཞི་འཛིན་སའི་དཔྱད་གཞི་ཡང་གལ་འགངས་ཤིན་ཏུ་ཆེ་བ་ཞིག་གོ།
མཆན་འགྲེལ།
①ཉེ་བའི་སྲས་ཆེན་བརྒྱད་ནི་སྟོན་པའི་སྐུ་དང་ཉེ་བར་འབྲལ་མེད་བཞུགས་ཡོད་པས་ན་ཉེ་སྲས་བརྗོད་ཅེས་པ་དང་ཡང་སྟོན་པའི་ཐུགས་རྒྱུད་ཀྱི་དབང་བརྒྱད་བཞིན་ལག་གཟུགས་སུ་འཆར་བ་ཞེས་བརྗོད་ཚུལ་གཞན་ཞིག་གོ
②ཟླ་ཆུ་ནི་ཐོག་མ་མཚོ་བོད་ས་མཐོའི་གདང་ལ་རི་རྒྱུད་བྱང་ངོས་ཀྱི་རྫ་ཆུ་དང་ངོམ་ཆུ་ཡིན་ཞིང་གཙང་ཆབ་དེ་གཉིས་བོད་ལྗོངས་ཀྱི་ཆབ་མདོར་འདྲེས་རྗེས་སུ་བྲག་གཡབ་དང་། ཚ་བ་མཛོ་སྒང་། སྨར་ཁམས་སྒང་། རྒྱལ་ཐང་གི་བདེ་ཆེན་ཁུལ་སོགས་བརྒྱུད་དེ་ཕྱི་རོལ་ལ་སླེབས་ཚེ་སྨེ་གུང་གཙང་པོ་ཞེས་ཤིང་མཐར་ལྷོ་རྒྱུད་རྒྱ་མཚོ་ཆེན་པོར་འབབ་བོ། །
③བྲག་སྒོ་ཤར་ནི་སྨར་ཁམས་རྫོང་ནག་གཤེན་ཤང་སྲིད་གཞུང་ནས་སྤྱི་ལེ་ལྔ་ཙམ་གྱི་སར་ཆགས་ཡོད་དེར་བོད་བཙན་པོའི་སྐབས་བཞེངས་པའི་རྡོ་སྐུ་བདུན་བྲག་ལོགས་སུ་བརྐོས་ཡོད།
④བྱིས་གྲོང་ཞེས་པ་ནི་རྒན་པོ་མྱོང་བ་ཅན་གྱིས་བརྗོད་སྲོལ་ལ་སྔར་རྒྱ་བཟའ་ཀོང་ཇོ་དེར་ཕེབས་སྐབས་སུ་ཁོང་དང་བློན་པོ་མགར་བའི་བྱིས་ཕྲུག་དེར་གྲོང་པས་མིང་དེ་ལྟར་ཐོགས་སྐད། དེར་རྒྱ་གྲོང་མཆོད་རྟེན་ཞེས་མཆོད་རྟེན་ཞིག་མཆིས་པར་དེའི་ནང་ལ་རྒྱ་གཟའ་ཀོང་ཇོའི་བུ་མོ་དམར་འབྱར་གྲོང་པའི་ཕུང་པོ་མཆོད་ནས་ཡོད་སྐད། གལ་སྲིད་བུད་མེད་ན་གཞོན་སོགས་ལ་ཡུན་རིང་ཕྲུ་གུ་མ་འཁོར་ཚེ་མཆོད་རྟེན་དེར་སྐོར་བ་ལན་གསུམ་རྒྱབ་ཚེ་མགྱོགས་དང་མྱུར་དུ་སྦྲུམ་ཆགས་པར་འགྱུར་གྱི་ཡོད་སྐད་བཅས་སོ། །
⑤རྣམ་པར་སྣང་མཛད་ལྷ་ཁང་ནི་སྨར་ཁམས་རྫོང་སྤང་མདའ་ཤང་ལྷ་མདུན་གྲོང་ཆོའི་ནང་ལ་ཡོད་ཅིང་ལྷ་ཁང་དེའི་རྒྱ་ཁྱོན་ཞེང་ཚད་ལ་རྨིད16.6 མཐོ་ཚད་ལ་རྨིད11.30 སྒོའི་ཞེང་ཚད་ལ་རྨིད1.5 མཐོ་ཚད་རྨིད་1.8ཡོད། ནང་ལ་ཀ་བ་བཅུ་དྲུག་ཡོད། ལྷ་ཁང་དེའི་སྒོ་ནུབ་ལ་ཕྱོགས་ཤིང་ཕུ་ཤར་ལ་ཕྱོགས་ནས་ཡོད། ཕུ་ལ་རྣམ་པར་སྣང་མཛད་ཀྱི་རྡོ་སྐུ་ཆེན་པོ་ཞིག་བཞེངས་ཡོད་ཅིང་བཞུགས་ཁྲི་ལ་བང་རིམ་བདུན་ཡོད་ཅིང་བང་རིམ་དང་པོའི་སྟེང་ལ་སེང་གེ་བཞི་ཡི་འཇིམ་སྐུ་ཡོད། དེ་དག་སྔར་སྐུ་རྒྱུ་རྡོ་ཡིན་སྐད། གཉིས་ཁ་ནུབ་ལ་ཕྱོགས་ཤིང་གཞན་པ་གཉིས་པོ་དེ་ཁ་ཤར་ལ་ཕྱོགས་ཡོད་ལ་གཉིས་རེ་བྱས་ཏེ་རྐུབ་འབྲེལ་ལ་བཞེངས་འདུག སེང་གེ་བཞི་པོ་དེས་རྣམ་སྣང་གི་སྐུ་ཡར་བཀྱགས་ནས་འདུག རྡོ་ཡི་བཞུགས་ཁྲི་སྒོར་མོའི་འོག་ལ་ཁྲི་གྲུ་བཞི་ཞིག་འདུག་པ་དེའི་ཞེང་ཚད་ལ་རྨིད1.5དང་རིང་ཚད་ལ་རྨིད1.8འདུག བཞུགས་ཁྲི་སྒོར་མོའི་རིང་ཚད་ལ་རྨིད6དང་རྣམ་པར་སྣང་མཛད་ཀྱི་སྐུའི་མཐོ་ཚད་ལ་རྨིད2.3དང་ཞེང་ཚད་ལ་རྨིད1.6འདུག རྣམ་པར་སྣང་མཛད་སྐུའི་གཡས་གཡོན་ལ་ཉེ་བའི་སྲས་ཆེན་བརྒྱད་ཡོད་དེ་བྱང་ཕྱོགས་ལ་སྒོ་ཕྱོགས་ནས་རིམ་གྱིས་སྒྲིབ་པ་རྣམ་བསལ་དང་། ནམ་མཁའི་སྙིང་པོ། བྱམས་པ་མགོན་པོ། ཀུན་ཏུ་བཟང་པོ། ལྷོ་ཕུ་ཕྱོགས་ནས་རིམ་གྱིས་འཇམ་དབྱངས་དང་། ཕྱག་ན་རྡོ་རྗེ། སྤྱན་རས་གཟིགས། ས་ཡི་སྙིང་པོ་བཅས་ཡོད། སྐུ་དེ་ཚོའི་མཐོ་ཚད་ལ་རྨིད2.8དང་ཞེང་ཚད་ལ་རྨིད་1.2ཡོད། བཞུགས་ཁྲི་སྒོར་མོའི་རིང་ཚད་ལ་རྨིད་3.9མཆིས། བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་བཞི་དང་བཅོ་ལྔ་ལ་འཕྲིན་བཅོལ་དང་འབུམ་བསྒྲོགས་པའི་ཆོ་ག་བྱེད་སྲོལ་ཡོད། རྣམ་པར་སྣང་མཛད་ལྷ་ཁང་དེའི་ཕྱིའི་ཕྱོགས་བཞི་ལ་སྒོ་སྲུང་ཡིན་ཞེས་བྲག་ལོགས་སུ་ལྷའི་སྣང་བརྙན་སྣ་ཚོགས་བཞེངས་ཡོད་དེ། ཤར་ཕྱོགས་ཀྱི་སྒོ་སྲུང་སྟེ་བྲག་ལོགས་སུ་སྐུ་གཉིས་སྟེང་འོག་ཏུ་བརྐོས་ཡོད་པར་སྟེང་ནི་ཚེ་དཔག་མེད་དང་ཤོད་དེ་འོད་དཔག་མེད་སྐུ་ཡིན། བྱང་ཕྱོགས་ཀྱི་སྒོ་སྲུང་སྟེ་འབུམ་ལུང་མདའ་ཡི་སྟག་ལྗོངས་ཐག་གི་བྲག་ལྡེབས་སུ་ཡོད། དེ་བཞིན་རྣམ་སྣང་སྐུ་ཡི་ལྷོ་ཕྱོགས་རྨིད་སྟོང་ཕྲག་གཅིག་གི་ས་སྟེ་རྒྱ་ཚྭ་ཐང་བྱེ་མ་ལུང་གི་མདའ་ལ་རྡོ་ལེབ་མོ་ཞིག་གི་ལོགས་སུ་ཡི་གེ་གི་གུ་ལོག་པ་དང་མྱི་ཞེས་པ་འདུག་པས་བཙན་པོའི་སྐབས་འཕྲུལ་མེད་རེད།
⑥1985ལོའི་ཟླ་བ7པར་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་《བོད་རྒྱ་ཚིག་མཛོད་ཆེན་མོའི》ཤོག་གྲངས་884ནང་གསལ།
⑦ཡུལ་དེའི་ཡུལ་མི་རྒན་རབས་མྱོང་བ་ཅན་ཚོས་རྣམ་པར་སྣང་མཛད་ཀྱི་རྡོ་སྐུ་དེ་ནི་རྒྱ་བཟའ་ཀོང་ཇོས་བཞེངས་པ་ཡིན་པས་མཚན་ཡོངས་ལ་རྣམ་པར་སྣང་མཛད་བཞེངས་སྐུ་ཞེས་འབོད། རྣམ་པར་སྣང་མཛད་ཀྱི་འཁྲུངས་སྐུ་དེ་ལྷ་མདུན་གྲོང་ཚོའི་ལྕང་མགོ་དགོན་དང་ཐག་ཉེ་པོར་ཆགས་ནས་ཡོད།
⑧སྨར་ཁམས་རྫོང་ཆགས་སའི་དབུས་ཙམ་ན་རི་བོ་དགེ་ལྡན་གྱི་ལུགས་འཛིན་པའི་འོད་ཟེར་དགོན་པ་ཞེས་པ་དེའི་སྤྲུལ་སྐུ་ཡིན། ཁོང་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་དང་དྲུག་ཅུ་ཙམ་ལ་རྣམ་སྣང་ལྷ་ཁང་ནུབ་ཕྱོགས་ཀྱི་ཕུག་པའི་ནང་ལ་མཚམས་བཞུགས་མྱོང་བ་ཡིན།
⑨P.T7,23,24,32བཅས་ཐོག་བཀོད་ཡོད།
⑩1980ལོར་མི་རིགས་དཔེ་སྐྲུན་ཁང་ནས་འགྲེམས་སྤེལ་བྱས་པའི་《སྦ་བཞེད》ནང་བཀོད་ཡོད།
དཔྱད་གཞིའི་ཡིག་ཆ།①གཉའ་གོང་དཀོན་མཆོག་ཚེ་བརྟན། པདྨ་འབུམ། 《ཡུལ་ཤུལ་ཁུལ་གྱི་བོད་བཙན་པོའི་སྐབས་ཀྱི་རྟེན་ཡིག་བྲག་བརྐོས་མ་འགའ།》 ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།
②ཆབ་སྤེལ་ཚེ་བརྟན་ཕུན་ཚོགས། 《བཙན་པོའི་དུས་ཀྱི་བྲག་བརྐོས་ཡིག་རིས་གཅིག་གསར་དུ་མཚམས་སྦྱོར་ཞུས་པ།》 ཀྲུང་གོའི་བོད་ཀྱི་ཤེས་རིག
③བསོད་ནམས་སྐྱིད་དང་དབང་རྒྱལ། 《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས།》མི་རིགས་དཔེ་སྐྲུན་ཁང། 1983ལོ།
④བསོད་ནམས་སྐྱིད་དང་དབང་རྒྱལ། 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ།》 མི་རིགས་དཔེ་སྐྲུན་ཁང་། 1982ལོ།
⑤《བོད་ལྗོངས་ཤར་ཕྱོགས་ཀྱི་སངས་རྒྱས་ཆོས་ལུགས་སྣང་བརྙན་དང་བྲག་བརྐོས་མཚན་བྱང་།》
⑥《ལྷ་མདུན་རྣམ་པར་སྣང་མཛད་ཀྱི་ལོ་རྒྱུས།》 2012ལོར་ལྷ་མདུན་དུ་ནང་ཁུལ་འགྲེམས་སྤེལ་བྱས་པ།
⑦དཔའ་བོ་གཙུག་ལག་འཕྲེང་བ། 《ཆོས་འབྱུང་མཁས་པའི་དགའ་སྟོན།》 མི་རིགས་དཔེ་སྐྲུན་ཁང་། 1986ལོ།
⑧《བོད་བརྒྱུད་ནང་བསྟན་ལྷ་ཚོགས་ཆེན་མོ་བཞུགས་སོ།》 མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2006ལོ།  
(《བོད་ལྗོངས་སློབ་ཆེན་རིག་དེབ་》2014ལོའི་དུས་དེབ་གསུམ་པའི་ཐོག་འཁོད།)