གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

བྲག་སྲིན་མོ་དང་སྤྲེའུ་ཡི“གཏམ་རྒྱུད”དེས་ཡང་སྙིང་ལོ་རྒྱུས་ཀྱི་གསང་རྒྱ་གང་ཞིག་བཀྲོལ་ཡོད།

སྤེལ་དུས 2018-07-24 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ལྷག་པ་ཚེ་རིང་།
          མིའི་རིགས་འདི་ཇི་ལྟར་སྲོག་ཆགས་གཞན་ལས་ཁྱད་འཕགས་སུ་གྱུར་ཀྱང་། དོན་དུ་སོ་སོ་རང་ཉིད་ཀྱི་འབྱུང་རྩ་དངོས་གང་ནས་ཡིན་པ། ད་བར་རླབས་ཆེན་གྱི་མི་སྣ་སུས་ཀྱང་ཚིག་ཐག་གཅོད་ཐུབ་མེད་པ་ནི་མིའི་རིགས་ཀྱི་ཤེས་རིག་ད་དུང་ཐབས་སྡུག་གི་གནས་ལས་གྲོལ་མེད་པས་ཡིན།   
          གནའ་བོའི་ཨའི་ཅིའི་མི་རྣམས་ཀྱིས་ཐོག་མའི་མི་ནི་ལྷ་ཡིས་རྫ་བཟོ་ཁང་ནང་བཟོས་པ་ལས་བྱུང་བར་ཡིད་རྟོན་བྱེད་ཅིང་། དེ་རྗེས་ཡང་མི་རིགས་ཇི་རྙེད་ཀྱིས་དེ་ཉིད་དཀོན་ཅོག་དང་སྦྱར་ཏེ་དཀོན་ཅོག་གིས་མི་བསྐྲུན་པར་གྲགས་ཏེ། ཡཱ་ཏང་དང་ཤཱ་ལྦ་ཡི་གཏམ་རྒྱུད་སྙན་དུ་འཇེབས་པ་ཞིག་ཀྱང་ཤོད་རྒྱུ་ཡོད།  དེ་དང་དེ་འདྲ་བའི་མིའི་འབྱུང་ཁུངས་གསལ་འགྲེལ་བྱེད་པའི་གཏམ་རྒྱུད་འཛམ་གླིང་གི་མི་རིགས་ཁག་མང་པོའི་ནང་ཁྱབ་འདུག་ཀྱང་དེ་རྣམས་དེང་དུས་ཀྱི་མིའི་རིགས་རིག་པ་དང་། སྐྱེས་ཁམས་རིག་པ། གནའ་རྫས་རྟོག་ཞིབ་རིག་པ། ས་གཤིས་རིག་པ། རྒྱུད་གཞི(基因)རིག་པ་སོགས་ཀྱི་ཚན་རིག་ཞིབ་འཇུག་གི་སྤྱི་འགྲོས་དང་མཐུན་པའི་ཆ་ཙམ་ཡང་མ་མཆིས་པས་གཏམ་རྒྱུད་ཁོ་ནར་ཟད་པ་གདོན་མི་ཟ།   
          ཉེ་རབས་ཧྥ་རན་སིའི་མཁས་པ་སྦུ་ཧྥང་( C .  L .  Buffon)གིས“མི་དང་སྤྲ་གཉིས་མེས་པོ་གཅིག”ཡིན་པའི་ལྟ་བ་བཏོན་རྗེས། ཡང་ཧྥ་རན་སིའི་མཁས་པ་རླ་མ་ཁེ(T. B. Lamarck)ཡིས་སྦུ་ཧྥང་གི་ལྟ་བ་ཕུན་སུམ་ཚོགས་སུ་བཏང་སྟེ། མི་སྤྲ་ལས་འཕོ་འགྱུར་འབྱུང་སྟངས་རགས་ཙམ་བསྟན་ཡོད། སྤྱི་ལོ་1859ལོར་དབྱིན་ཇིའི་མཁས་དབང་སྐྱེས་དངོས་འཕེལ་འགྱུར་སྨྲ་བའི་སྲོལ་འབྱེད་པ། དཱར་ཝུན་གྱིས《དངོས་རིགས་ཀྱི་འབྱུང་རྩ》ཞེས་པའི་དེབ་འགྲེམས་སྤེལ་བྱས་ཤིང་། དེའི་ནང་སེམས་ཅན་རྣམས་སྟབས་བདེ་ནས་རྙོག་འཛིང་ཅན་དང་། དམའ་རིམ་ནས་མཐོ་རིམ་དུ་འཕེལ་རྒྱས་འགྲོ་བའི་ལྟ་བ་གསལ་འགྲེལ་བྱས་ཤིང་། ཡང་སྤྱི་ལོ་1871ལོར་ཁོང་གིས《མིའི་རིགས་ཀྱི་འབྱུང་ཁུངས་དང་འཁྲིག་སྦྱོར་གྱི་གདམ་ང་》ཞེས་པའི་བརྩམས་བྱ་འགྲེམ་སྤེལ་བྱས་ཏེ་སྤྲ་དང་མི་གཉིས་ཕྱོགས་གཉིས་སུ་འགྱེས་པ་ནི་སྐྱེས་དངོས་འཕོ་འགྱུར་གྱི་ཆོས་ཉིད་ཅིག་ཡིན་པ་ལས་རང་བྱུང་ཁམས་ལས་རྣམ་པར་རྒྱལ་བའི་སྟོབས་ཤུག་ཤིག་གིས་བས་པ་ཞིག་མ་ཡིན་པའི་ར་སྤྲོད་བྱས་ཡོད། དཱར་ཝུན་གྱི་ཤུགས་རྐྱེན་འོག དབྱིན་ཇིའི་སྐྱེས་དངོས་རིག་པ་མཁས་ཅན་ཧཱ་ཞུད་ལི( T.  H.Huxloy)དང་། འཇརཨན་གྱི་མཁས་པ་ཧཱ་ཁའོ( E. H. Hackee)དེ་བཞིན་ཨེན་ཁེ་སི་སོགས་ཀྱིས་སྐྱེས་དངོས་འཕེལ་འགྱུར་སྨྲ་བའི་གྲུབ་མཐའ་འདི་ཉིད་ཆེས་ཕུན་ཚོགས་གྲ་རྒྱས་སུ་བཏང་སྟེ། ད་བར་སྤྱིར་མི་ཀུན་གྱིས་ཁས་འཆེ་བའི་མིའི་འབྱུང་ཁུངས་སྨྲ་བའི་གྲུབ་མཐའ་ཚད་ལྡན་ཤོས་ཤིག་ཏུ་འཇོག་པ་ཡིན། འོན་ཀྱང་། ཉེ་བའི་ལོ་ཤས་ནང་དཱར་ཝུན“ཁྲིམས་གཅོད་སྟེགས་བུའི་ཐོག་སྐྱེལ་བ”འམ“མིའི་འབྱུང་ཁུངས་འཇིག་རྟེན་གཞན་གྱི་མི་ཡིན”པའི་སྐོར་གྱི་བརྩམ་བྱ་ཇི་སྙེད། ཁོ་བོའི་མིག་ལམ་དུ་སོང་རུང་། དེ་རྣམས་ལ་ཡིད་རྟོན་འཕེལ་བའི་མ་མཐའི་ཚན་རིག་གི་དཔང་རྟགས་དང་བྲལ་བས་སྙོམས་པར་འཇོག་པ་ལས་ཅི། ལྡོག་སྟེ། རང་རེའི་ཁ་བ་ཅན་གྱི་ལྗོངས་འདིར་སྔར་ནས་གྲགས་པའི་མིའི་འབྱུང་ཁུངས་བསྟན་པའི“གཏམ་རྒྱུད”བྲག་སྲིན་མོ་དང་།  སྤྲེའུ་འདུས་པ་ལས་མིའི་རིགས་མཆེད་པའི་ཁ་རྒྱུན་ཞིག་ཡོད་པ་འདི་ནི་མིའི་རིགས་ཀྱི་མེས་པོའི་འབྱུང་ཁུངས་སྨྲས་པ་སྔ་མའི་ལོ་རྒྱུས། ད་གཟོད་སྒྲུང་གཏམ་དུ་སོང་བ་ཞིག་ཡིན་པར་སེམས་ཏེ“གཏམ་རྒྱུད”འདི་ཉིད་སྐྱེས་དངོས་འཕེལ་འགྱུར་སྨྲ་བའི་རིགས་གཞུང་དང་གནའ་བོའི་ས་གཤིས་དང་གནམ་གཤིས་ཀྱི་འགྱུར་བ་དང་འཚམས་པ་གང་ཞིག གནའ་རྫས་བཙལ་རྙེད་བྱུང་བའི་གསང་རྒྱ་ཇི་སྙེད“གཏམ་རྒྱུད''འདི་ལས་གསལ་འགྲེལ་ཐུབ་པས་སོ། །   
          དེ་ཡང་ཐོག་མར“གཏམ་རྒྱུད”འདི་ཉིད་དུས་ཇི་ཙམ་ལ་བྱུང་བར་རགས་ཙམ་དཔྱད་ན།   དེང་དུས་མིག་ལམ་དུ་དངོས་སུ་མཇལ་རྒྱུ་ཡོད་པའི་བོད་རྒྱལ་སྲོང་བཙན་སྐབས་ཡིན་པར་གྲགས་པའི《མ་ཎི་བཀའ་འབུམ》དང་《བཀའ་ཆེམས་ཀ་ཁོལ་མ》དེ་བཞིན་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་སྐབས་སྦ་གསལ་སྣང་གིས་མཛད་པར་གྲགས་པའི་བསམ་ཡས་དཀར་ཆག་ཆེན་པོའམ《སྦ་བཞེད》སོགས་ནང་“གཏམ་རྒྱུད”འདི་ཉིད་དངོས་སུ་ཡིག་ཐོག་ཏུ་བཀོད་ཡོད་པ་སྟེ《མ་ཎི་བཀའ་འབུམ》(དཔར་མ། ཤ་59ཕ6)ནང་“དུས་ཅིག་གི་ཚེ་བྲག་སྲིན་མོ་གཅིག་འདོད་ཆགས་ཀྱིས་གདུངས་པས། སྤྲེ་མོའི་ཆ་བྱད་དུ་བྱས་ཏེ་ཞག་བདུན་གྱི་བར་དུ་སྤྲེའུ་དྲུང་དུ་ཡོང་ནས་འདོད་པ་སྤྱོད་ཅིག་པའི་བརྡ་བྱས་ཀྱང་།  སྤྲེའུ་དེ་འདོད་པས་སེམས་གཡོས་པར་མ་གྱུར་ཏོ། །དེ་ནས་བྲག་སྲིན་མོ་དེས་ཡང་སྤྲེའུའི་གམ་དུ་འོང་ནས་སྨྲས་པ། བདག་ཁྱོད་དང་ཁྱིམ་ཐབ་བྱའོ། །དེ་ནས་སྤྲེའུ་དེས་ཆགས་པ་མེད་པའི་སྙིང་རྗེས་ཀུན་ནས་བསླངས་ཏེ་འཕགས་པ་ལ་གསོལ་བ་བཏབ་པ། ཀྱེ་མ་འགྲོ་བའི་མགོན་པོ་ཐུགས་རྗེ་ཅན། བདུད་ཀྱི་རིགས་ཀྱི་སྲིན་མོ་ཆགས་ཅན་ཞིག བདག་ལ་ཐོ་འཚམ་བར་ཆད་བྱེད་དུ་བྱུང་།དེ་ལ་བདག་གིས་ཇི་ལྟར་བགྱི་བ་སྩོལ། འཕགས་པས་བཀའ་སྩལ་བ། བྲག་སྲིན་མོ་དང་ཁྱིམ་ཐབ་གྱིས་ཤིག ཁྱོད་ཀྱི་བུ་ཚ་རིགས་འཕེལ་ཏོ། །མཐར་མིར་གྱུར་ནས་ཆོས་ཀྱི་རྟེན་དུ་གྱུར་ཏོ”ཞེས་འཁོད་པ་དང་ཡང་《སྦ་བཞེད》(ཤ2ཕ9)ནང་“མིང་ཡང་ལྗང་ཚ་ལྷ་དབོན་དུ་གསོལ་ལོ། །དེ་ལ་ཁབ་རན་པར་གྱུར”་ཙ་ན་བོད་ཀྱི་མི་ཐམས་ཅད་སྤྲེའུ་དང་བྲག་སྲིན་གྱི་བུ་ཡིན་པས་འདིའི་ཇོ་མོ་མི་འོས”ཞེས་སོགས་འཁོད་པར་གཞིགས་ན“གཏམ་རྒྱུད”འདི་ཉིད་ཀྱི་ཡིག་ཐོག་གི་ལོ་རྒྱུས་མ་མཐར་ཡང་ད་བར་ལོ་ངོ་སྟོང་ཕྲག་གཉིས་ལ་ཉེ་བ་ཡོད་པ་ཞིག་ཡིན།   
          མཚམས་འདིར་དོགས་དཔྱད་བྱ་དགོས་པ་ཞིག་ནི“གཏམ་རྒྱུད”འདི་ཉིད་ཡིག་ཐོག་ཏུ་འཁོད་པ་དང་སྦྲགས་ཡིག་མཁན་གྱིས་རང་གི་དད་མོས་ལྟར་ཚོན་རྩི་ཇི་སྙེད་བཏང་ཡོད་པ་སྟེ། བོད་ལ་ནང་པ་སངས་རྒྱས་ཀྱི་བསྟན་པ་དར་རྗེས་སྤྲེའུ་དང་བྲག་སྲིན་སོ་སོ་སྤྱན་རས་གཟིགས་དང་རྗེ་བཙུན་སྒྲོལ་མའི་རྣམ་སྤྲུལ་དུ་སྒྲོ་བཏགས་བྱས་ནས་ལོ་རྒྱུས་ཀྱི་དངོས་རིས་དེར་ལྷ་སྒྲུང་ལྟ་བུའི་ཚོན་བྱུག་ནས། དེ་རྗེས་ཀྱི་ལོ་རྒྱུས་དེབ་ཐེར་དང་། ཆོས་འབྱུང་ཁག་ནང་དེ་ལྟར་བཀོལ་རྐྱང་བྱས་འདུག བློ་རྩེ་ནང་དུ་ཕྱོགས་ཚེ། དེ་ལྟར་ཚོན་རྩི་བཏང་བ་ནི་ཤིན་ཏུ་ནས་གསལ་ཏེ། སྟོན་པ་ཤཱཀྱ་ཐུབ་པ་སྐུ་ཞལ་བཞུགས་སྐབས་བོད་ལ་འགྲོ་བ་མི་མེད་པ་ནི་གནའ་རྫས་རྟོག་ཞིབ་ཀྱི་འབྲས་བུ་དང་མི་མཐུན་པ་གང་ཞིག《སྦ་བཞེད》སོགས་དེབ་ཐེར་མང་པོའི་ནང་། སྤྲུལ་པའི་སྐུ་གཉིས་འདུས་པའི་གདུང་རྒྱུད་ལ“སྲིན་པོ་གདོང་དམར”གྱི་རྒྱུད་ཅེས་དང་། ལྗང་ཚ་ལྷ་དབོན་གྱི་ཇོ་མོར་མི་ཡོང་བ་སོགས་ཀྱི་དམའ་ཕབ་བྱེད་པའི་སྔ་ཕྱིའི་གཏན་ཚིགས་འབྲེལ་མི་ཆགས་པའི་འགལ་འདུ་ཇི་སྙེད་བཀོད་ཡོད་པའི་ཕྱིར་རོ། །ལྷག་དོན། ལྷ་སའི་བྱང་འདབས་ཀྱི་ཆུ་གོང་ནས“སྤྲེའུའི་མགོ་ཅན་གྱི་གཞོང་པ”ཡི་རིགས་ཀྱི་རྫ་ཆས་བཙལ་རྙེད་ཐུབ་པར་གནའ་རྫས་རིགས་གཅིག་མཁས་པས་རྟོག་ཞིབ་མཛད་རྗེས་བོད་ཀྱི་རྡོ་ཆས་གསར་པའི་དུས་རབས་ཀྱི་གནའ་རྫས་ཡིན་པར་གཏན་འཁེལ་བྱས་པར་གཞིགས་ན“གཏམ་རྒྱུད”འདི་ཉིད་ལོ་ངོ་སུམ་སྟོང་བཞི་སྟོང་གི་སྔོན་ནས་བོད་དུ་དར་ཁྱབ་ངང་གནས་ཤིང་“སྤྲེའུའི་མགོ་ཅན་གྱི་གཞོང་པ”དེ་ནི་མེས་པོར་དད་བཀུར་བྱེད་པའི་གདོད་མའི་དད་མོས་ཀྱི་མཚོན་རྟགས་ཤིག་ཡིན་པ་ཐག་བཅད་ཆོག དོན་དུ་གོང་དུ་བརྗོད་པའི“གཏམ་རྒྱུད”འདིའི་ཡིག་ཐོག་ལོ་རྒྱུས་དང་གནའ་རྫས་བཙལ་རྙེད་བྱུང་རྗེས་ཀྱི་ལོ་རྒྱུས་གཉིས་ཀས་“གཏམ་རྒྱུད”འདིའི་ལོ་རྒྱུས་ཧྲིལ་པོ་མཚོན་ཐབས་མེད།  རྒྱུ་མཚན་ནི“གཏམ་རྒྱུད”འདི་ཉིད་རང་རེའི་མེས་པོ་རྣམས་ཀྱིས་འགྲོ་བ་མི་ཉིད་བྱུང་བ་ནས་ཕ་ཡིས་བུ་ལ་བརྒྱུད། བུས་ཚ་བོ་ལ་བརྒྱུད། ཚ་བོས་ཡང་ཚར་བརྒྱུད་པའི་མིའི་རིགས་ཀྱི་ལོ་རྒྱུས་ཀྱི་དངོས་རིག་ཤིག་ཡིན་པས་སོ། །དེ་ཡང་འདོད་དེ་ཡིག་རིགས་མ་དར་གོང་གི་མིའི་རིགས་ཀྱི་ལོ་རྒྱུས་ནི་ཐབས་ལམ་འདི་འབའ་ཞིག་ལ་བརྟེན་ནས་བརྒྱུད་སྤྲོད་བྱེད་པ་ལས་བྱེད་ཐབས་གཉིས་པ་མེད་པས་སོ། །   
          དེས་ན། ད་གཟོད་མིའི་རིགས་ཀྱི་ཚན་རིག་ལག་རྩལ་ཇི་ལྟར་འཕེལ་རྒྱས་སོང་ཡོད་ཀྱང་། གནའ་བོའི་ལོ་རྒྱུས་བསྐྱར་དཔར་བྱ་ཐབས་བྲལ་ཞིང་།  རིག་ཚན་གྱི་ཁྱབ་ཁོངས་ཁག་ཚང་མར་རང་རང་གི་བསྒྲལ་ཐབས་མེད་པའི་བཀག་རྒྱ་རེ་ལྡན་པས་ཁ་ཚོན་ཆོད་པའི་སྡོམ་ཚིག་ཅིག་འཇོག་པར་དཀའ་མོད།  འོན་ཀྱང་ཉེ་བའི་ལོ་ཤས་ནང་ཁོ་བོའི་ལག་ཏུ་སོན་པའི་དཔྱད་གཞི་དང་། རིགས་ལམ་ལ་བརྟེན་ནས་གང་ནུས་ཀྱིས་གདེང་ཞིག་བརྒྱབ་ན“གཏམ་རྒྱུད”འདིས་ལོ་རྒྱུས་ཀྱི་གསང་རྒྱ_མཐོ་བོད་ཀྱི་ས་ཆ་འདི་ཉིད་འགྲོ་བ་མིའི་རིགས་ཀྱི་འབྱུང་རྩ་ཞིག་ཡིན་པའི་གསང་རྒྱ་དེ་ཉིད་བཀྲོལ་ནས་ཡོད་པར་སེམས་ཏེ།   
          གཅིག འགྲོ་བ་མི་འབྱུང་འཕེལ་གྱི་སྤྱི་འགྲོས་དང་ཆེས་འཚམས་པའི“གཏམ་རྒྱུད”འདི་ཉིད་བོད་ས་མཐོ་ཁོ་ནར་འབྱུང་དོན་སྟེས་དབང་ཞིག་རྩ་བ་ནས་མ་ཡིན།   བོད་ཀྱི་ལོ་རྒྱུས་དེབ་ཐེར་ཁག་དང་དམངས་ཁྲོད་དུ་ས་ཁྱབ་རྡོ་ཁྱབ་ཏུ་སོང་བའི“བྲག་སྲིན་མོ”དང་“སྤྲེའུའི”“གཏམ་རྒྱུད”ལ་ཞིབ་མོའི་དཔྱད་པ་ཞིག་བྱས་ཚེ།  དེས་འགྲོ་བ་མིའི་མེས་པོ་སྤྲ་ཡིན་པར་བསྟན་ཟིན་ཅིང་། སྤྲ་གང་ཉིད་ཇི་ལྟར་མིར་གྱུར་པའི་ཕྱི་རྐྱེན་དང་ནང་རྐྱེན་སོགས་གནས་ལུགས་ཕྲ་རགས་རྣམས་བསྟན་ཡོད། འོན་ཀྱང་ངེད་ཚོའི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་དེ་ཉིད་རྣ་བར་གཟན་པའི་གཏམ་རྒྱུད་ཙམ་དུ་བརྩིས་ཏེ་ལོ་རྒྱུས་ཀྱི་གད་རོའི་སྒམ་ནང་གཡུག་རྐྱང་བྱེད་པ་ནི་ཧ་ཅང་བློ་ཕམ་དགོས་པ་ཞིག་ཡིན། ཁོ་བོའི་བསམ་པར་ངེད་ཚོས་མུ་མཐུད་ཚན་རིག་གི་འཕོ་འགྱུར་བསྒུག་སྟེ་ཆུ་སྣ་གང་ཁྲིད་ཀྱིས་སྐྱེ་བོ་ག་གེ་མོའི་སེམས་ཚོད་དང་ཚན་རིག་བཙལ་རྙེད་ཀྱི་ཐབས་ལམ་ཅིག་པུར་བརྟེན་ནས་ལྟེ་གནས་བྲལ་བའི་མིའི་རིགས་ཀྱི་འབྱུང་འཚོལ་ཞིབ་དང་ཚན་རིག་རྟོག་ཞིབ་ཀྱི་ལས་དོན་སྤེལ་ལམ། ཡང་ན“གཏམ་རྒྱུད”འདི་ཉིད་ཀྱི་གསང་རྒྱ་བཀྲོལ་ཏེ་མཐོ་བོད་ས་ཆ་འདི་ལྟེ་གནས་སུ་བཟུང་སྟེ་གནའ་རྫས་ཏོག་ཞིབ་ཀྱི་ལས་དོན་རྒྱ་བསྐྱེད་དང་གཏིང་ཟབ་ཏུ་བཏང་ནས་འགྲོ་བ་མིའི་འབྱུང་རྩ་བསྔོག་ཐབས་བྱ་མིན་ནི་ངེད་ཚོའི་མིའི་རིགས་མཁས་ཅན་དང་། སྐྱེས་དངོས་མཁས་ཅན། དེ་བཞིན་ལོ་རྒྱུས་ཞིབ་འཇུག་བ་དང་། གནའ་རྫས་རྟོག་དཔྱོད་པ་རྣམས་ཀྱིས་གདམ་ང་བྱ་དགོས་པའི་བྱ་བ་ཞིག་ཡིན་པར་མངོན། དུས་རབས་བཅུ་དགུའི་ནང་དབྱིན་ཇིའི་མཁས་དབང་དཱར་ཝུན་གྱིས《མིའི་རིགས་ཀྱི་འབྱུང་ཁུངས་དང་འཕྲིག་སྦྱོར་གྱི་གདམ་ང་》ཞེས་པའི་བརྩམ་བྱ་སྤེལ་རྗེས་མིའི་རིགས་ཀྱི་མེས་པོ“དཀོན་ཅོག”གི་ལག་ནས་འཕྲོག་སྟེ་སེམས་ཅན་རང་གི་ཁམས་སུ་དོ་བདག་རང་ལ་སྤྲད་པའི་རླབས་ཆེན་གྱི་མཛད་རྗེས་བཞག་པ་རེད་ཅེས། དེང་གི་མཁས་པ་རྣམས་ཀྱིས་བསྔགས་བརྗོད་བྱེད་མུས་ཡིན་མོད། འོན་ཀྱང་མིའི་རིགས་ཀྱི་མེས་པོ་སྤྲ་ཡིན་པ་ས་མཐོའི་བོད་མི་རིགས་ཀྱི་ངག་རྒྱུན་དུ་རླུང་ལྟར་གྲགས་པའི“བྲག་སྲིན་མོ”དང་“སྤྲེའུ”ཡི“གཏམ་རྒྱུད”འདི་རང་ལས་མ་འདས་ཏེ“སྤྲ”དང་“བྲག་སྲིན”རྣམས་ཚིག་ཚོགས་མི་འདྲ་ཙམ་ལས་དོན་གྱི་སྙིང་པོ་གཅིག་མཚུངས་སུ་སོང་བའི་ཕྱིར་རོ། །  དེ་ཡང་ཐ་སྙད་འདི་རྣམས་ཀྱི་སྐོར་ལ་《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ》〔ཤ་17ཕ་5〕ནང་དཔྱད་གླེང་བྱས་ཟིན་ནས་ཡོད་པ་སྟེ“དེ་ཡང་འདིར་སྤྲེའུ་ཞེས་པ་དེ་བོད་ཀྱི་སྐད་ཡིག་ཐོག་ནས་དཔྱད་ན། སྤྲ་ཆུང་ཆུང་ཞེས་པའི་གོ་དོན་ཡོད། དཔེར་ན། བོད་ཀྱི་སྐད་ ཡིག་ནང་རྟ་ཆུང་ཆུང་ལ་རྟེའུ་དང་། བ་ཆུང་ཆུང་ལ་བེའུ། ར་ཆུང་ཆུང་ལ་རའུ། མཚོ་ཆུང་ཆུང་ལ་མཚེའུ་དང་། རྡོ་ཆུང་ཆུང་ལ་རྡེའུ་སོགས་འུ་ཡིག་གིས་ཆུང་ངུ་མཚོན་པར་བྱེད་པ་ཤིན་ཏུ་མང་བ་ལྟར་སྤྲ་ཆུང་ཆུང་ལ་སྤྲེའུ་ཞེས་བརྗོད་པ་ཡིན། དེ་བཞིན་བྲག་སྲིན་མོ་ཞེས་པའང་གནས་ཡུལ་བྲག་གི་ཕུག་པར་བཅའ་བ་དང་། གདོད་མའི་སྤྲ་མི་རྣམས་ལྟར་སྲོག་ཆགས་གཞན་གྱི་ཤ་ཁྲག་ཟ་ཞིང་འཚོ་བའི་སྤྲ་རིགས་ཤིག་ཡིན་པ་ལ་་་་..”ཞེས་པ་ལྟར“བྲག་སྲིན”ནམ“སྤྲེའུ”ཞེས་པ་ཕྱིས་བྱུང་བོད་ཀྱི་ལོ་རྒྱུས་སྨྲ་བ་པོས་ཀྱང་སྒྲོ་བཏགས་གང་འདོད་དུ་བྱས་ཏེ་རང་གཞན་གཉིས་ཀ་མགོ་འཐོམས་སུ་བཅུག་པ་ཞིག་ལས། དོན་དམ་པར་སྲོག་ཆགས་དེ་གཉིས་ནི་གནས་ཡུལ་བྲག་རི་དང་ནགས་ཚལ་སོ་སོར་གཙོ་བོ་གནས་བཅའ་ཞིང་ཟས་ལ་ཤ་ཁྲག་དང་ཤིང་འབྲས་སོ་སོར་གཙོ་བོ་ལོངས་སྤྱོད་པའི་ཚོ་པ་མི་འདྲ་བའི་སྤྲ་རིགས་གཉིས་ཡིན་པ་གདོན་མི་ཟ། ད་བར“གཏམ་རྒྱུད”འདི་ཉིད་བཀོད་པའི་ཆོས་འབྱུང་དེབ་ཐེར་ཁག་དང་“གཏམ་རྒྱུད”འདི་ཁྱབ་པའི་དམངས་ཁྲོད་ཀྱི་ས་ཆ་གང་དུའང་སྤྲེའུ་ངོ་མ་ཉིད་མེས་པོར་བརྩིས་ཏེ་མཆོད་བཀུར་བྱེད་པའི་གོམས་གཤིས་མེད་ཁར། ལྡོག་སྟེ“སྤྲེ་ལད”དེ་སྤྲེའུའི་ལད་མོ་བྱེད་མཁན་ཞེས་ཀུན་སྤྱོད་མི་གཙང་བའི་མི་ལ་དམའ་བ་བྱེད་པའི་ཚིག་ཏུ་བརྩི་བའི་གོམས་སྲོལ་ཞིག་ཡོད་པས་ཀྱང་“བྲག་སྲིན་མོ”དང་“སྤྲེའུ”ཞེས་པའི་ཚིག་དོན་སྤྲེའུ་ངོ་མ་ཉིད་མིན་པ་དེ་གསལ་བཤད་བྱ་ཐུབ།   
          དེ་བཞིན《མ་ཎི་བཀའ་འབུམ》〔ཤ་59རྒྱབ་ཕ5〕ནང་“དུས་ཅིག(ཤིག)གི་ཚེ་བྲག་སྲིན་མོ་ཅིག(གཅིག)འདོད་ཆགས་ཀྱིས་གདུངས་པས།  སྤྲེ་མོའི་ཆ་བྱད་དུ་བྱས་ཏེ་བཞག(ཞག)བདུན་གྱི་བར་དུ་སྤྲེའུའི་དྲུང་དུ་འོངས་ནས……”ཞེས་འཁོད་པ་ལས“སྤྲེའུ”དང་“བྲག་སྲིན”གཉིས་གནས་ཡུལ་དང་ཟས་སྤྱོད་ལ་ཅུང་ཟད་ཁྱད་པར་ཡོད་པ་ལས་ཕྱི་དབྱིབས་ཕན་ཚུན་འདྲ་པོ་ཡོད་པ་ནི་གསལ་པོ་ཡིན།   
          དེས་ན། འགྲོ་བ་མིའི་མེས་པོ་ལྷ་ཡི་ཕྱག་ལས་མི་ཡི་ལག་ཏུ་རྩིས་སྤྲོད་བྱེད་པའི་རླབས་ཆེན་གྱི་མཛད་རྗེས་དེ་མཁས་དབང་དཱར་ཝུན་ལ་དབུལ་ལམ་ཡང་ན“གཏམ་རྒྱུད”འདིར་སྔར་ནས་དབང་བ་ཞིག་ཡིན།  ལོ་ངོ་བརྒྱ་ལྷག་ཙམ་གྱི་སྔ་རོལ་དུ། སྦུ་ཧྥང་( G. LBunon)གིས་སྤྲ་དང་མི་གཉིས་མེས་པོ་གཅིག་ཡིན་པའི་ལྟ་བ་བཏོན་ཞིང་དབྱིན་ཇིའི་མཁས་དབང་དཱར་ཝུན་གྱིས་སྐྱེས་དངོས་འཕེལ་འགྱུར་སྨྲ་བའི་སྲོལ་ཕྱེ་རྗེས། ཨེན་ཁེ་སིས“ངལ་རྩོལ་གྱིས་མི་བསྐྲུན་པའི”གལ་ཆེའི་དཔྱད་བསྡོམས་བཞག་གནང་ཡོད། དེ་ནི་དོན་དུ་སྤྲ་ཉིད་མིར་གྱུར་པའི་ཕྱི་རྐྱེན་གཙོ་བོ་དེ་གསལ་སྟོན་གནང་བ་ཞིག་རེད། བོད་ཀྱི་གནའ་བོའི“གཏམ་རྒྱུད”དེའི་ནང་ལའང་གལ་ཆེའི་ཕྱི་རྐྱེན་དེ་གསལ་པོར་བསྟན་ཟིན་པ་སྟེ《རྒྱལ་རབས་གསལ་བའི་མེ་ལོང་》〔ཤ52ཕ4〕ནང་“དེར་སྤྲེའུ་ཕྲུག་དྲུག་པོ་དེ་ནི་ཕ་བྱང་ཆུབ་སེམས་དཔའ་སྤྲེའུས་གནས་མ་བྱ་ཚོགས་བྱ་བ་ཤིང་ཐོག་ཡོད་པ་ཅིག(ཞིག)ཏུ་བསྐྱལ་ནས་ལོ་གསུམ་བཞག་གོ ལོ་གསུམ་ལོན་པ་དང་། སྤྲེའུ་བྱང་ཆུབ་སེམས་དཔའ་བལྟར་ཕྱིན་པས། ལས་ཀྱི་དབང་གིས་སྤྲེའུ་ཕྲུག་ལྔ་བརྒྱར་འཕེལ་འདུག་གོ དེ་ནས་ཤིང་ཐོག་རྣམས་ཟད།  གཞན་ཟ་རྒྱུ་མེད་ནས། ཕ་མས་ཅི་ཡང་མ་ཟོས་ཀྱང་། ཕ་ཅི་ཟ་མ་ཅི་ཟ་ཟེར་ཞིང་། ལག་གདེངས་ལ་ཉམ་ཐག་སྟེ། དབུལ་ཕོངས་སོ”ཞེས་དང་ཡང་སྤྲེའུ་དེས་འཕགས་པའི་དྲུང་དུ་སོང་ནས་སྤྲེའུ་ཕྲུག་རྣམས་ཉམ་ཐག་པའི་གནད་ལུགས་རྣམས་ཞུས་པས“འཕགས་པའི་ཞལ་ནས། ཁྱོད་ཀྱི་རིགས་རྒྱུད་རྣམས་ངས་བསྐྱང་ངོ་གསུངས་ནས་འཕགས་པ་ཡར་བཞེངས་ཏེ། ནས་དང་གྲོ། སྲན་མ། བྲ་བོ། སོ་བ་རྣམས་རི་རབ་ཀྱི་ཁོངས་སོང་ནས་བསླངས་ཏེ། ས་ལ་གཏོར་བས། ཡུལ་དེར་མ་རྨོས་པའི་ལོ་ཐོག་གི་གང་བར་གྱུར་ཏོ། །དེ་ནས་སྤྲེའུ་བྱང་ཆུབ་སེམས་དཔའ་དེས་སྤྲེའུ་ཕྲུག་རྣམས་དེར་ཁྲིད་དེ་མ་རྨོས་པའི་ལོ་ཐོག་ལ་གཏད་ནས་ཟོ་དང་གོང་པོ་རི་ཡིན་ཟེར་རོ། །དེ་ནས་སྤྲེའུ་ཕྲུག་རྣམས་ཀྱིས་ལོ་ཐོག་ཟོས་པས་ཚིས་པ་གྱུར་ནས། སྤུ་ཡང་ཐུང་དུ་སོང་། མཇུག་མ་ཡང་ཐུང་དུ་སོང་སྟེ་སྨྲ་ཤེས་མིར་གྱུར་ཏོ”ཞེས་འཁོད་པར་དཔྱད་ཚེ། ཐོག་མའི་སྤྲ་མི་རྣམས་རང་བྱུང་གི་ཤིང་འབྲས་སོགས་ལ་ལོངས་སྤྱོད་བྱེད་ཀྱི་ཡོད་པ་དང་དེ་རྗེས་རིམ་བཞིན་སྤྲ་ཡི་གྲངས་འབོར་འཕེལ་བ་དང་ཕྱོགས་མཚུང་རང་བྱུང་གི་ཤིང་འབྲས་སོགས་ཀྱིས་སྤྲ་རྣམས་ཀྱི་དགོས་མཁོ་བསྐང་མ་ཐུབ་པས། རང་རྩོལ་ལ་བརྟེན་ནས་བྱུང་བའི་ཟས་འཚོལ་ཐབས་དང་དེ་ལ་བརྟེན་ནས་རིམ་བཞིན་སྤྲ་རྣམས་མིར་གྱུར་པའི་ལོ་རྒྱུས་ཀྱི་གནད་ལུགས་དམ་པ་དེ་ཉིད་གསལ་བར་བསྟན་ཡོད། འདིར“འཕགས་པ”ཞེས་པ་ནི་ངལ་རྩོལ་ནུས་ཤུགས་ཡོད་པའི་སྤྲ་མི་རྣམས་ཀྱི་ཚབ་བྱེད་ཅིག་ཡིན་ཞིང་། སྤྲེའུ་ཕྲུག་རྣམས“མ་རྨོས་ལོ་ཐོག”ལ་ལོངས་སྤྱོད་དོ་ཞེས་བརྗོད་དོན་ནི། སྤྲེའུ་ཕྲུག་རྣམས་རང་གི་རྩོལ་བ་ལ་ལྟོས་ཏེ“མ་རྨོས་ལོ་ཐོག”ཅེས་བརྗོད་པ་ལས། དོན་དུ་དེ་རྣམས་སྤྲ་མི་གཞན་གྱི་ངལ་རྩོལ་གྱི་འབྲས་བུ་ལ་ལོངས་སྤྱོད་པ་ཧ་ཅང་གསལ་པོ་ཡིན། དེས་ན“ངལ་རྩོལ་གྱིས་མི་བསྐྲུན་པའི”ལྟ་བ་ནི“གཏམ་རྒྱུད”འདི་ལས་བསྟན་པའི་སྤྲ་ལས་མིར་གྱུར་པའི་ཕྱི་རྐྱེན་དེ་ཡིན། གཞན་ཡང་། དེང་མིའི་རིགས་ཀྱི་རྒྱུད་འཛིན་གྱི་གཞི་རྩ་འམ་རྒྱུད་གཞི་ཞིབ་འཇུག་པ་རྣམས་ཀྱིས་འབད་བརྩོན་བྱས་པའི་འབྲས་བུར་གཞིགས་ན། སྤྲ་ནས་མིར་འཕོ་འགྱུར་ཡོང་བར། ཕྱི་རྐྱེན་ཙམ་མ་ཟད། ངེས་པར་རྒྱུད་གཞི་མཐོལ་འགྱུར་གདམ་ང་(基因突变选择)བརྟེན་དགོས་པ་རྩ་བའི་འཇུག་བསྡོམས་ཤིག་ལ་བཞག་ཆོག་པ་དེ་ནི་སྤྲ་ནས་མིར་གྱུར་པའི་ནང་རྐྱེན་གཙོ་བོ་དེ་ཡིན་དགོས། “གཏམ་རྒྱུད”འདི་ལས་བསྟན་པའི“བྲག་སྲིན་མོ”དང་“སྤྲེའུ”གཉིས་ནི་ཚོ་པ་ཁག་ཁག གཤིས་སྤྱོད་ཐ་དད། གནས་ཡུལ་མི་གཅིག་པ། ཟས་སྤྱོད་ཁྱད་པར་ཆེ་བའི་སྤྲ་རིགས་གཉིས་འདུས་པ་ལས་འབྲས་བུ་ཕུང་གསུམ་པ་ཞིག་བྱུང་བར་བསྟན་པ་ནི་ནང་གི་རྒྱུད་གཞི་ལ་འཕོ་འགྱུར་སོང་བའི་གནས་ལུགས་གསལ་བཤད་དང་། སྤྲ་མིར་འགྱུར་རུང་དང་གྱུར་པའི་ནང་རྐྱེན་ཉིད་གསལ་བཤད་བྱས་པ་ཞིག་ཡིན། དེང་དུས་ཞིབ་འཇུག་པ་མང་པོས་མི་དང་དུད་འགྲོའི་ཁྱད་པར་གཙོ་བོ་ཞིག་ནི་མིའི་རིགས་ལ་ཚོ་རིགས་གཞན་དང་གཉིན་སྦྲེལ་བས་ཟིན་པ་དེ་ཡིན་ཞེས་པའི་ལྟ་བ་འདི་དང་“གཏམ་རྒྱུད”དེའི་ཆ་མཐུན་འབྲེལ་བར་ཡང་དཔྱད་ཞིབ་བྱ་རིན་ཡོད་པ་ཞིག་འདུག་སྙམ་མོ།།   
          གཉིས། ས་གཤིས་དུས་རིམ་བཞི་པའི་ནང་མཐོ་བོད་ཞིང་ཁམས་འདིར་འགྲོ་བ་མི་འབྱུང་འཕེལ་ཡོང་བའི་རང་བྱུང་གི་ཆ་རྐྱེན་ཚང་ཡོད། ས་ཁམས་ལོ་རྒྱུས་རིག་པ་སྨྲ་བ་རྣམས་ཀྱིས་བསྡོམས་ཚིག་བཞག་པར་གཞིགས་ན།  ས་གཤིས་དུས་རིམ་གསུམ་པ་ནི་འོ་འཐུང་སྲོག་ཆགས་འཕེལ་ཞིང་རྒྱས་པའི་དུས་རབས་སུ་འདོད་ཅིང་། དུས་རིམ་དེའི་དུས་མཇུག་ཏུ་མིའི་རིགས་ཀྱི་ཐོག་མའི་མེས་པོ་བྱུང་བ་དང་ས་གཤིས་དུས་རིམ་བཞི་པའི་ནང་མིའི་རིགས་ཀྱི་འཕེལ་འགྱུར་གྱི་བརྒྱུད་རིམ་ཤས་ཆེ་བ་རྫོགས་པར་ཁས་འཆེས་ཏེ་དུས་རིམ་དེར་འགྲོ་བ་མིའི་རིགས་ཀྱི་དུས་རིམ་ཞེས་ཀྱང་བརྗོད་ཀྱི་ཡོད།   
          བསྡོམས་ཚིག་འདི་དང་ད་གཟོད་བཙལ་རྙེད་བྱུང་བའི་གནའ་བོའི་སྤྲ་མིའི་འགྱུར་རྡོ་རྙེད་ཡུལ་དང་། གང་གི་སྐབས་དེའི་ས་གཤིས་དང་གནམ་གཤིས་ཀྱི་ཆ་རྐྱེན་དང་། ས་གཤིས་ཀྱི་གྲུབ་ཚུལ་ལ་རྟོག་ཞིབ་བྱས་རྗེས། ད་ལྟ་འགྲོ་བ་མིའི་རིགས་འབྱུང་རྩ་ཨེ་ཤི་ཡ་གླིང་ངམ་ཨེ་ཧྥེ་རི་ཁ་གླིང་ཡིན་པའི་རྩ་བའི་ལྟ་བའི་ཡོངས་གྲགས་ཆེ་བ་གཉིས་གནས་མུས་ཡིན། དེ་ལྟར་མིའི་རིགས་ཀྱི་དུས་རིམ་དུ་གྲགས་པའི་ས་གཤིས་དུས་རིམ་བཞི་པའི་མཐོ་བོད་ཀྱི་རང་བྱུང་ཆ་རྐྱེན་ལ་བརྟག་ཚེས་དེ་ཉིད་ནི་འགྲོ་བ་མི་སྐྱེ་འཕེལ་འགྲོ་བའི་ཆ་རྐྱེན་ཡོངས་སུ་ཚང་བ་ཞིག་ཡིན།   
          དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུ་ནས་འགོ་བརྩམས་ཏེ་ཀྲུང་གོའི་ཚན་རིག་ཁང་བོད་ལྗོངས་ཚན་རིག་རྟོག་ཞིབ་ཏུ་ཁག་གིས་བོད་རང་སྐྱོང་ལྗོངས་ཀྱི་ཇོ་མོ་གླང་མའི་ཁུལ་དུ་ཚན་རིག་རྟོག་ཞིབ་ཀྱི་ལས་དོན་སྤེལ་རྗེས། ལོ་རྒྱུས་ཞིབ་འཇུག་པ་རྣམས་ལ་མཁོ་གལ་ཆེ་བའི་ཚན་རིག་གི་དཔྱད་གཞི་ཇི་སྙེད་བཙལ་རྙེད་བྱུང་ཡོད་ལ། ས་ཆ་འདིར་གནའ་རྫས་རྟོག་ཞིབ་བྱེད་པའི་ཚན་རིག་གི་རྨང་གཞི་ཡང་བཏིང་ཡོད་པ་རེད། 《ཇོ་མོ་གླང་མ་ཁུལ་གྱི་ཚན་རིག་རྟོག་ཞིབ་སྙན་ཞུ》ཞེས་པ་དང་《གནམ་གཤིས་གནད་དོན་འགའ་ཞིག་ཐད་ཀྱི་གྲོས་བསྡུར》ཞེས་པའི་ཚན་རིག་རྟོག་ཞིབ་ཀྱི་འབྲས་བུ་འདི་གཉིས་ལ་གཞིགས་ན། བོད་ཀྱི་ཇོ་མོ་གླང་མའི་ཁུལ་དུས་གཤིས་དུས་རིམ་གསུམ་པའི་དུས་མཇུག་ཚུན། སྤྱིར་རྒྱ་མཆོའི་ངོས་ལས་མཐོ་ཚད་སྤྱི་ཁྲི་3500ཡས་མས་ཡིན་ཞིང་།གནམ་གཤིས་དྲོད་བཤེར་ཆེན་པོ་ཡོད། དུས་རིམ་བཞི་པའི་དྲོད་མོའི་དུས་སྐབས་སུ། སྤྱིར་གནམ་གཤིས་ད་ལྟ་ལས་དྲོ་བ་དང་། བཞའ་ཚན་ཆེ་བ་ཡོད་ལ། ལོ་རེའི་ཆ་སྙོམས་དྲོད་ཚད་8℃ -12℃ཀྱིས་མཐོ་བ་ཡོད། དུས་རིམ་བཞི་པའི་གྲང་ངར་གྱི་དུས་སྐབས་སུ་སྤྱིར་གནམ་གཤིས་ད་ལྟ་ལས་གྲང་ངད་ཆེ་བ་དང་། བརླན་བཤེར་ཆེ་བ་ཡོད། འོན་ཀྱང་། དུས་རིམ་བཞི་པའི་འཕོ་འགྱུར་དུས་རབས་བར་མའི་སྔ་རོལ་ནས་ཇོ་མོ་གླང་མའི་རི་རྒྱུད་ཀྱི་མཐོ་ཚད་སྤྱི་ཁྲི4500ལ་ཡིན་སྟབས། རྒྱུན་པར་དར་མི་འཁྲིགས་པའི་གནམ་གཤིས་སུ་གྲུབ་སྟེ། ཆར་ཆུ་འབེལ་ཞིང་། རྒྱ་མཆོའི་རང་བཞིན་ལྡན་པའི་གནམ་གཤིས་སུ་མཆིས། འཕོ་འགྱུར་དུས་རབས་འོག་མ་ཚུན། ཇོ་མོ་གླང་མའི་རྒྱུད་ཀྱི་ཆ་སྙོམས་མཐོ་ཚད་སྤྱི་ཁྲི་བཞི་སྟོང་ལྔ་བརྒྱ་ཡན་དུ་འཕར་བས་ཇོ་མོ་གླང་མའི་བྱང་ངོས་སྐམ་ཤས་ཆེ་བའི་རྩ་ཐང་དང་སྐམ་ས་ཆེན་པོའི་ཁྱད་ཆོས་ལྡན་པའི་གནམ་གཤིས་སུ་འཕོ་འགྱུར་བྱུང་རྐྱེན་ལྷོ་རྒྱུད་ཀྱི་རྒྱ་མཚོའི་རང་བཞིན་ལྡན་པའི་གནམ་གཤིས་དང་ཧེ་བག་མངོན་གསལ་ཇེ་དོད་དུ་སོང་། འོན་ཀྱང་ས་གཤིས་དུས་རིམ་བཞི་པའི་འཕོ་འགྱུར་དུས་རབས་ནང་། མཐོ་བོད་ཀྱི་གནམ་གཤིས་ད་ལྟ་ནང་བཞིན་སྐམ་ཤས་གྲང་ངར་ཆེ་བ་དང་། གསོ་རླུང་དཀོན་པ་ཞིག་མ་ཡིན་པར། དར་མི་འཁྲིགས་པའི་གནམ་གཤིས་ཀྱི་རང་བཞིན་དྲོད་བཤེར་ལྡན་པ་ཞིག་ཡིན། ས་གཤིས་དུས་རིམ་བཞི་པའི་འཕོ་འགྱུར་དུས་རབས་བར་མའི་རྗེས་ནས་བཟུང་། ཧེ་མ་ལ་ཡའི་རི་རྒྱུད་ཇེ་མྱུར་ཇེ་མགྱོགས་མཐོ་རུ་སོང་བས་ད་ལྟའི་སྐམ་ས་ཆེན་པོའི་རང་བཞིན་ལྡན་པའི་གནམ་གཤིས་ལ་འགྱུར་བ་བྱུང་བ་ཡིན། རྒྱུ་མཚན་འདིས་ཡ་ཐོག་གདོད་མའི་སྐབས་མཐོ་བོད་ས་ཁུལ་ལ་འགྲོ་བ་མི་འཚོ་གནས་ཐུབ་པའི་ཁོར་ཡུག་འཚམས་ཤོས་ཤིག་ཡོད་པ་ནི་ཧ་ཅང་གསལ་པོ་ཡིན།   
          གསུམ། གནའ་བོའི་སྤྲ་མིའི་འགྱུར་རྡོ་རྙེད་སའི་ཁྱབ་ཁོངས་དང་མཐོ་བོད་ནས་བཙལ་རྙེད་བྱུང་བའི་རྡོ་ཆས་རྙེང་མའི་སྐབས་ཀྱི་གནའ་རྫས་སོགས་ལ་དཔྱད་ཞིབ་བྱས་ཚེ་མཐོ་བོད་འདི་འགྲོ་བ་མི་འབྱུང་འཕེལ་འགྲོ་བའི་ལྟེ་གནས་ཀྱི་ས་ཆ་ཞིག་ཏུ་གྲུབ་ཡོད།   ད་བར་མཐོ་བོད་ས་ཁུལ་དུ་ཚན་རིག་རྟོག་ཞིབ་ཀྱི་གཞི་རྒྱ་དང་རྩོལ་ཤུགས་མི་འདང་བའི་རྐྱེན་གྱིས་གནའ་བོའི་སྤྲ་མིའི་འགྱུར་རྡོ་ས་ཆ་འདི་ལས་རྙེད་སོན་བྱུང་མེད་ཀྱང་། ད་གཟོད་གནའ་བོའི་སྤྲ་མིའི་འགྱུར་རྡོ་རྙེད་ཡུལ་ལ་ཞིབ་དཔྱད་ཅིག་བྱས་ཚེ། མཐོ་བོད་འདི་ཉིད་ས་ཆ་དེ་རྣམས་ཀྱི་ལྟེ་གནད་ཅིག་ཏུ་འཁེལ་ཀྱི་ཡོད། ས་གཞི་བྲག་ལེབ་དྲུག་ལས་གྲུབ་ཚུལ་གྱི་གཞུང་ལུགས་ལྟར་ན། མཐོ་བོད་འདི་ཉིད་མིའི་རིགས་ཀྱི་འབྱུང་གནས་སུ་སྨྲ་བའི་ཨི་ཤེ་ཡའི་གླིང་ཆེན་དང་ཨ་ཧྥེ་རི་ཁ་གཉིས་ཀྱི་བར་མཚམས་སུ་གནས་ནས་ཡོད་ལ་ཀྲུང་གོའི་ལྷོ་ནུབ་ས་ཁུལ་ནི་གདོད་མའི་སྤྲ་རིགས་ནང་གནའ་བོའི་འགྲོ་བ་མིའི་རིགས་བར་གྱི་རིས་མི་གཅིག་པའི་འགྱུར་རྡོ་རྙེད་མང་ཤོས་ཀྱི་ས་ཆ་ཞིག་ཡིན་པས་གནད་ལུགས་འདི་ཡང་མཐོ་བོད་འདི་ཉིད་ཧ་ཅང་གལ་ཆེ་བའི་ས་གནས་ཤིག་ཏུ་སོང་ཡོད་པ་སྟེ། 《ཇོ་མོ་གླང་མ་ཁུལ་དུ་ཚན་རིག་རྟོག་ཞིབ་བྱས་པའི་སྙན་ཞུ》ཞེས་པའི་ནང་། གནའ་བོའི་འགྲོ་བ་མིའི་འགྱུར་རྡོ་དང་རིག་གནས་རྗེས་ཤུལ་བཙལ་རྙེད་བྱུང་བའི“ས་ཆའི་ཁྱབ་ཚུལ་ནི་ཨ་ཧྥེ་རི་ཁ་གླིང་དུ་ལྷོ་རྒྱུད་ནས་ཤར་རྒྱུད་དང་། དེ་རྗེས་རིམ་བཞིན་བྱང་རྒྱུད་ཡིན་པ་དང་། རང་རྒྱལ་དུ་ཀྲུང་ཧྭ་བྱང་རྒྱུད་ནས་དབུས་ལྷོ་རྒྱུད། དེ་རྗེས་རིམ་བཞིན་ལྷོ་ནུབ་རྒྱུད་དུ་ཡིན”ཞེས་འཁོད་པར་དཔྱད་པ་བྱས་ནའང་། མཐོ་བོད་ཀྱི་ས་ཆ་འདི་ཉིད། དེ་རྣམས་ཀྱི་ལྟེ་གནད་དུ་སོང་བས་ས་ཆ་དེ་ཉིད་འགྲོ་བ་མིའི་སྐྱེ་འཕེལ་འབྱུང་ས་ཞིག་ལ་སྔོན་དཔོག་བྱས་ཆོག་པ་ཞིག་ཡིན།   
          གཞན་ཡང་། སྤྱི་ལོ་1975ལོར་ཚན་རིག་རྟོག་ཞིབ་པ་རྣམས་ཀྱིས་ཤི་ཤ་སྤང་མ་རི་བོའི་བྱང་རྒྱུད་སྐྱིད་རོང་ལུང་ཤུར་དུ་རྟོག་ཞིབ་བྱས་པ་བརྒྱུད། མིག་པ་གསུམ་ཅན་གྱི་རྟ་དང་། བོད་ཀྱི་མཆུ་ཆེན་བསི་རུ། གནའ་བོའི་ཤ་ཆུ་སྐེ་རིང་། སྟག་རིས་ཅན་གྱི་ཁྱིམ་ཞིམ་སོགས་ཀྱི་འགྱུར་རྡོ་བཙལ་རྙེད་བྱུང་བར། ཚབ་ཆེ་ལ་བཞའ་ཚན་ཆེ་བའི་ས་ཁུལ་གྱི་སྲོག་ཆགས་ཀྱི་འགྱུར་རྡོ་རྙེད་སོན་བྱུང་བ་ལས་ཀྱང་། ས་གཤིས་དུས་རིམ་གསུམ་པའི་དུས་མཇུག་གམ་ས་གཤིས་དུས་རིམ་བཞི་པའི་དུས་འགོ་ཙམ་དུ་མཐོ་བོད་ས་ཁུལ་དུ། སྒལ་ཚིགས་ཅན་གྱི་སྲོག་ཆགས་འཚོ་གནས་བྱེད་ཀྱི་ཡོད་པ་གསལ་བཤད་བྱེད་ཀྱི་ཡོད་པ་རེད། དེ་བཞིན་བོད་ཀྱི་ནགས་ཆུ་ས་ཁུལ་ནས་ཐོག་མར་རྡོ་ཆས་རྙིང་མའི་སྐབས་ཀྱི་རྡོ་ཆས་བརྩལ་རྙེད་བྱུང་བ་ནས་བཟུང་། བོད་ཀྱི་ས་ཆ་མང་པོ་ནས་རྡོ་རྙེང་རྡོ་ཆས་བཙལ་རྙེད་བྱུང་ཞིང་། ལྷག་དོན་དིང་རི་རྫོང་ཟུར་རིའི་ལྷོ་འདབས་ནི་རྡོ་ཆས་ཀྱི་གཟུགས་དཔེ་ཁྱོན་བཞི་བཅུ་ལྷག་ཙམ་བསྔོག་བཏོན་བྱས་ཡོད་ལ། བྱང་ཐང་དང་། ཡར་ཀླུང་། ལྷོ་བྲག་རྫོང་སོགས་ནས་ཀྱང་གནའ་མི་བཅའ་སྡོད་བྱེད་པའི་བྲག་ཕུག་དང་ས་ཕུག བྲག་ཤུར་སོགས་ཇི་སྙེད་རྙེད་ཡོད། གཞན་ཡང་《མི་དམངས་ཉིན་རེའི་ཚགས་པར 〔(ཕྱི་གཏོང་ལེ་ཚན)1995ལོའི་ཟླ་བ3ཚེས22ཉིན)〕སྤེལ་བའི་གསར་འགྱུར་ནང་ཚན་རིག་མཁས་ཅན་གྱིས་མཚོ་སྔོན་ཞིང་ཆེན་ཤར་ཕྱོགས་ཁུན་ལུན་རི་བོའི་རི་སྒོ་ནས“ལོ་ངོ་ཁྲི་གཉིས་ཀྱི་སྔོན་ལ་ནང་ས་དང་བོད་ཀྱི་འགྲུལ་བཞུད་ལམ་བུ་ཁུན་ལུན་རི་བོ་ནས་གནའ་བོའི་མིའི་རིགས་འགུལ་སྐྱོད་བྱས་པའི་གནའ་ཤུལ་ཇི་སྙེད་བཙལ་རྙེད་བྱུང་བ”ཞེས་པ་དེ་ལས་དཔགས་ནའང་མཐོ་བོད་ཀྱི་ས་ཆ་འདིར་ངེད་ཚོའི་བསམ་ཚོད་ལས་འདས་པའི་ལོ་རྒྱུས་ཀྱི་གསང་རྒྱ་ཞིག་གནས་མུས་ཡིན་པ་ནི་ཤིན་ཏུ་གསལ།   
          མདོར་ན། གནའ་བོའི་བོད་ཀྱི“གཏམ་རྒྱུད”དང་དེང་དུས་ཀྱི་ཚན་རིག་རྟོག་ཞིབ་ཀྱི་འབྲས་བུ་གང་ནས་བལྟས་ཀྱང་མཐོ་བོད་ཀྱི་ས་ཆ་འདི་ཉིད་ཧ་ཅང་གལ་འགངས་ཆེ་བའི་མིའི་རིགས་ཀྱི་འབྱུང་ཁུངས་ལྟ་བུར་མངོན་པས། ཁོ་བོས་འདིར་སོག་མའི་མེ་འཆར་ཏེ་ས་གཞི་གསལ་ཐབས་བྱེད་པའི་ཚུལ་ལྟར་རིགས་ལུང་ཕྲ་མོར་བརྟེན་ནས་གནའ་བོའི“གཏམ་རྒྱུད”དེའི་གསལ་རྒྱ་འགྲོལ་ཐབས་བྱེད་པ་དེ་རེ་ཞིག་རྫོགས་སོ། །
དཔྱད་གཞིའི་ཡིག་ཆ།
1.《མ་ཎི་བཀའ་འབུམ།》(དཔརམ)
2.《བཀའ་ཆེམས་ཀ་ཁོལ་མ།》ཀན་སུའུམི་རིགས་དཔེ་སྐྲུན་ཁང་། 1989.9
3.《རྒྱལ་རབས་གསལ་བའི་མེ་ལོང་།》མི་རིགས་དཔེ་སྐྲུན་ཁང་།1982.10
4.《ཇོ་མོ་གླང་མ་ཁུལ་དུ་ཚན་རིག་རྟོག་ཞིབ་བས་པའི་སྙན་ཞུ》ཀྲུང་གོ་ཚན་རིག་ཞིབ་འལཁ།5.《གནམ་གཤིས་གནད་དོན་འགལཞིག་ཐད་ཀྱི་གྲོས་བསྡུར།》ཀྲུང་གོ་ཚན་རིག་ཞིབ་འཇུག་ཁང་།
6.《ཇོ་མོ་གླང་མ་ཁུལ་གྱི་དུས་རིམ་བཞི་པའི་ས་རིམ་གྱི་སྐོར།》ཀྲུང་གོ་ཚན་རིག་ཞིབ་འཇུག་ཁང་།
7.《མི་དམངས་ཉིན་རེའི་ཚགས་པར།》〔(ཕྱི་གཏོང་ལེ་ཚན)1995.3.22〕
 8.《མི་རིགས་རིག་པའི་སྤྱི་བཤད་བསྐྱར་བཅོས་དེབ།》ལིང་ཨའོ་ཏཱ་ཡིས་གཙོ་སྒྲིག་བྱས། ཀྲུང་དབྱང་མི་རིགས་སློབ་ཆེན། 1997. l2
9.《བོད་ཀྱི་ལོ་རྒྱུས་རགས་རིམ་གཡུ་ཡི་ཕྲེང་བ།》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་དང་ནོར་བྲང་ཨོ་རྒྱན་གྱིས་གཙོ་སྒྲིག་པ། བོད་ལྗོངས་དཔེ་རྙིང་དཔེ་སྐྲུན་ཁང་། 1989.10
10.《སྦ་བཞེད།》མི་རིགས་དཔེ་སྐྲུན་ཁང་། 1982.9
11.《འཛམ་གླིང་གི་ལོ་རྒྱུས་སྤྱི་བཤད།》(གོ་སུན་མིང་གིས་གཙོ་སྒྲིག་བྱས་པ། ཏུང་པེ་དགེ་འོས་སློབ་ཆེན་དཔེ་སྐྲུན་ཁང་། 1999.7)