གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

རྒྱ་བོད་ཡིག་སྒྱུར་ཁྲོད་ཀྱི་སྒྲ་སྒྱུར་སྐོར་ཅུང་ཟད་གླེང་བ།

སྤེལ་དུས 2018-08-09 ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ། རྩོམ་པ་པོ། ཕུར་བུ་ཚེ་རིང་།
དང་པོ།  ཕྱི་དར་མིང་ཚིག་གི་ངོ་བོ་དང་དེའི་འབྱུང་རྐྱེན་སྐོར་བཤད་པ།   
           དེང་སྐབས་ཀྱི་འཛམ་བུ་གླིང་ནི་འགྲོ་བ་མིའི་རིགས་ས་བླ་ས་སྟེང་ཕྱོགས་བཞི་མཚམས་བརྒྱད་ཀུན་ནས་ཕན་ཚུན་འབྲེལ་གཏུགས་རྒྱ་ཆེ་གཏིང་ཟབ་བྱེད་པའི་ལོ་རྒྱུས་ཀྱི་དུས་རབས་གསར་པ་ཞིག་ལ་སླེབས་ཡོད། རང་ཅག་གངས་རིའི་ར་བས་ཡོངས་སུ་བསྐོར་པའི་བོད་ལྗོངས་འདི་ཡང་དུས་རབས་ཀྱི་རླབས་རྒྱུན་གྱི་ཤུགས་རྐྱེན་ངེས་ཅན་ཐེབས་མུས་ཡིན། ལྷག་དོན་དུ་ཉེ་བའི་ལོ་ཤས་རིང་ལ་ཏང་གི་སྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་ཀྱི་འཁྲིད་སྟོན་འོག་ལོ་མང་རིང་གི་བག་འཁུམ་རྙེང་སྲོལ་གྱི་འཆིང་ཞགས་ལས་རིམ་བཞིན་གྲོལ་ནས་ཕྱིའི་རྒྱལ་ཁབ་དབར་དང་། ནང་གི་མི་རིགས་དབར་ལ་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་སོགས་ཁྱབ་ཁོངས་མང་པོའི་ཐོག་འབྲེལ་བ་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། འབྲེལ་བ་དེ་ལྟ་བུ་རྒྱ་ཆེ་གཏིང་ཟབ་ཏུ་འགྲོ་ཐུབ་པའི་ཐད་ལ་སྐད་དང་ཡི་གེའི་ནུས་པ་ཆེན་པོ་ཐོན་གྱི་ཡོད། སྐད་དང་ཡི་གེ་ནི་འགྲོ་བ་མིའི་རིགས་ཕན་ཚུན་བསམ་དོན་མཚོན་བྱེད་ཀྱི་བྱེད་པོ་ཉག་གཅིག་ཙམ་དུ་ཡིན་པ་མ་ཟད།  དེང་དུས་ཀྱི་སྤྱི་ཚོགས་འཚོ་བའི་ཁྲོད་དུའང་ནུས་པ་གཞན་དང་མི་འདྲ་བའི་མངོན་གསལ་དོད་ལ་གལ་འགངས་ཆེན་པོ་ཐོན་གྱི་ཡོད་པའི་མངོན་ར་འཕྲོད།  དེ་འདྲ་སོང་ཙང་། འཛམ་བུ་གླིང་གི་མི་མང་པོས་སྐད་རིགས་སྣ་ཚོགས་སློབ་སྦྱོང་བྱེད་རྒྱུར་མཐོང་ཆེན་བྱེད་བཞིན་ཡོད་པ་ཡང་ཀུན་གྱིས་མཁྱེན་གསལ་ལགས།
           ལོ་རྒྱུས་ཀྱི་དུས་ཡུན་རིང་པོའི་ཁྲོད་དུ་དར་རྒྱས་བྱུང་བའི་བོད་ཀྱི་སྐད་དང་ཡི་གེ་དེ་ལ་ཡང་ཕྱི་ནས་དར་ཡོང་བའི་སྐད་དང་ཡི་གེའི་ཤན་ཞུགས་པ་མང་པོ་ཡོད་ལ་མིང་ཚིག་མང་པོ་ཞིག་འགྱུར་མེད་རང་སོར་བེད་སྤྱོད་གཏོང་གི་ཡོད།  མིང་ཚིག་འདི་རིགས་ལ་ཕྱི་དར་མིང་ཚིག་ཟེར་ན་ཆོག
           འོ་ན་གང་འདྲ་ཞིག་ལ་ཕྱི་དར་མིང་ཚིག་ཟེར་རམ་ཞེ་ན། དེ་ཡང་ཕྱི་དར་ཞེས་པའི་ཕྱི་ནི་ཕྱིའི་རྒྱལ་ཁབ་ཅེས་པའི་གོ་དོན་ཁོ་ན་མ་ཡིན་ལ་བསྟན་པ་ཕྱི་དར་ཞེས་པའི་ཕྱི་དུས་ཀྱི་གོ་དོན་ཡང་མིན། དེའི་གོ་དོན་ནི་གང་ཞིག་རང་གི་མི་རིགས་ཕར་ཕུད་པའི་ཕྱིའི་རྒྱལ་ཁབ་དང་། མི་རིགས་གཞན་ཡོད་དོ་ཅོག་གི་དོན་ལ་འཇུག་ཅིང་། ཕྱི་རིགས་དེ་དག་ལས་བྱུང་བའི་སྐད་ལ་ཕྱི་སྐད་ཟེར་བ་ཡིན། དེ་འདྲ་སོང་ཙང་། དེ་ལ་ཕྱི་དར་མིང་ཚིག་དང་། གཞན་གཡར་ཐ་སྙད།  ཕྱི་འོངས་ཐ་སྙད་སོགས་དོན་གཅིག་མིང་གི་རྣམ་གྲངས་མང་པོ་ཡོད། ཕྱི་དར་མིང་ཆིག་གི་འབྱུང་རྐྱེན་གང་ཡིན་ནམ་ཞེ་ན། དེ་ཡང་ཕྱི་དར་མིང་ཚིག་འདི་རིགས་ནི་བོད་ཀྱི་མི་རིགས་རྣམས་ལོ་རྒྱུས་ཀྱི་དུས་ཡུན་རིང་པོའི་ནང་དུ་བོད་དུ་འབྲེལ་བ་ཡོད་པའི་རྒྱལ་ཁབ་དང་། དེ་བཞིན་རྒྱལ་ནང་གི་མི་རིགས་གཞན་དང་ལས་རིགས་སུམ་བརྒྱ་རེ་དྲུག་ཕྱོགས་གང་ཅིའི་ཐད་ནས་ཕན་ཚུན་བསམ་བློ་ངོ་སྤྲོད་དང་དཔལ་འབྱོར་བརྗེ་ཚོང་། རིག་གནས་སྒྱུ་རྩལ་སྤེལ་རེས་སོགས་ཀྱི་ལས་འབྲེལ་བྱེད་པའི་བརྒྱུད་རིམ་ནང་དུ་རིམ་གྱིས་དར་ཁྱབ་བྱུང་བ་མ་ཟད་བོད་མི་རྣམས་ཀྱི་ངག་རྒྱུན་དུ་འཇགས་པ་རེད།   
           མི་རིགས་གང་ཞིག་གི་ས་ཁོངས་སུ་གསར་དུ་ཐོན་པའི་བྱ་བ་དང་དངོས་པོ་གང་དང་གང་ཞིག་མི་རིགས་གཞན་ཞིག་གི་ས་ཁོངས་སུ་སྔར་མེད་གསར་དུ་དར་ཁྱབ་ཡོང་སྐབས། དར་ཁྱབ་འབྱུང་ཡུལ་གྱི་མི་རིགས་དེས་མི་རིགས་གཞན་ལས་བྱུང་བའི་བྱ་དངོས་གསར་པ་དེ་རིགས་ཉམས་ལེན་བྱེད་སྐབས་བྱ་དངོས་དེ་རིགས་ལ་མིང་གི་ཐ་སྙད་ཀྱང་འདོགས་ལོང་མ་བྱུང་བར་བྱ་དངོས་དེ་རང་དང་མཉམ་སྦྲགས་སུ་དར་ཡོང་བའི་ལྷན་སྐྱེས་ཀྱི་མིང་དེ་ཉིད་འབོད་རྐྱང་བྱེད་པ་མ་ཟད། ཐ་ན་མིང་ཚིག་ཁ་ཤས་ཀྱི་བརྡ་དོན་མ་དག་རྒྱུན་འབྱམས་སུ་འགྲོ་བཞིན་ཡོད། དཔེརན། (手扶拖拉机)ཞེས་པ་དེ་ཐོག་མར་བོད་ཀྱི་གྲོང་གསེབ་ཏུ་དར་ཁྱབ་ཤིན་ཏུ་མྱུར་ལ་རྒྱ་ཆེ་བས་གཞུང་ཕྱོགས་ཀྱི་སྒྱུར་ཡིག་ནང་དུ་ལག་སྐྱོར་འདྲུད་འཐེན་འཁོར་ལོ་ཞེས་སྒྱུར་གྱིན་བསྡད་པའི་མིང་དེ་གཤམ་འོག་ཏུ་མ་ཁྱབ་གོང་ལ་གྲོང་གསེབ་པས་ཐོ་ཕྲུག་ཟེར་བའི་མིང་བཏགས་ཚར་བ་རེད། དུས་མཚམས་དེ་ལ་སླེབས་སྐབས་འཕྲུལ་འཁོར་དེ་ལ་ཐོ་ཕྲུག་མི་ཟེར། འདྲུད་འཐེན་འཁོར་ལོ་ཟེར་དགོས་ཞེས་གོང་དཔོན་པོའི་བཀའ་ཕབས་ཀྱང་འགྱུར་ཐབས་མེད་པའི་གནས་སུ་གྱར། དེས་ན་ལག་སྐྱོར་འདྲུད་འཐེན་འཁོར་ལོ་ཞེས་པའི་མིང་དེ་ནི་གོ་བདེ་བའི་འགྲེལ་བཤད་ཙམ་དུ་བྱས་ནས་ཡི་གེའི་བང་མཛོད་ནང་དུ་བསྡུ་གསོག་བརྒྱབ་ནས་བཞག་རྒྱུ་ཁེལ་བ་རེད།   གནས་ཚུལ་དེ་འདྲའི་ཐོག་ནས་བལྟས་ན་ཕྱི་དར་མིང་ཚིག་སྒྱུར་སྟངས་ཁ་ཤས་གོང་ནས་མར་སྒྱུར་སྤྲོད་བྱེད་པ་ལས་གཤམ་ནས་ཡར་ལེན་སྤྱོད་བྱས་ན་ཡག་པ་འདུག ཡང་རྒྱ་སྐད་ཀྱི་包工队ཞེས་པ་དེ་དང་པོ་ནས་བོད་སྐད་དུ་བསྒྱུར་ཅིང་ངག་རྒྱུན་དུ་བེད་སྤྱོད་བྱས་ཚེ་ཤིན་ཏུ་བསྒྱུར་བདེ་ལ་བརྗོད་བདེ་གོ་བདེའི་ཐ་སྙད་ཅིག་ཡིན་པ་གདོན་མི་ཟ། འོན་ཀྱང་བཟོ་སྐྲུན་ལས་རིགས་ཐབས་ཤེས་འདི་རིགས་ལོ་རབས་བརྒྱད་ཅུ་པའི་དུས་འགོར་དྲག་ཆར་རླུང་འཚུབ་ལྟར་དུ་རྒྱ་ཁྱབ་སོང་བས་སྐབས་དེ་དུས་ནས་ཐ་ན་རྒྱ་སྐད་ཚིག་གཅིག་ཀྱང་མི་ཤེས་པའི་ལུང་ཁུག་གི་ཞིང་པས་ཀྱང་ཐ་སྙད་དེ་ལ་རྒྱ་སྐད་ཀྱི་ལན་ཟློས་ལྟར་པའོ་ཀུང་ཏུད་ཅེས་པ་ཁོ་ན་འབོད་རྐྱང་བྱེད་པ་ལས་བོད་སྐད་ཐ་སྙད་འབོད་པའི་སྐད་ཀྱི་གོམས་གཤིས་མ་ཆགས། འདི་ལྟ་བུའི་ཕྱི་དར་མིང་ཚིག་མང་པོ་ཞིག་བོད་མི་རྒན་གཞོན་མང་པོའི་ཁ་རྒྱུན་དུ་འཇགས་པ་རེད། དེ་ནི་ཕྱི་དར་མིང་ཚིག་འབྱུང་བའི་རྒྱུ་རྐྱེན་གྱི་དཔེ་མཚོན་ཙམ་ཡིན།
           ཕྱི་དར་མིང་ཚིག་ཁ་ཤས་ནི་ཤིན་ཏུ་བསྒྱུར་དཀའ་ལ་ཐ་ན་བསྒྱུར་ཐབས་མེད་པ་ཡིན། མིང་ཚིག་དེ་རིགས་ནི་མི་རིགས་གཅིག་རང་གི་སྐད་ཙམ་ལས་གྲུབ་པ་མ་ཡིན་པར། ཁ་ཤས་ནི་དབྱིན་ཇིའི་སྐད་ནས་ཨུ་རུ་སུའི་སྐད་དུ་གྱུར།  དེ་ནས་ཡང་རུ་སུའི་སྐད་ནས་རྒྱ་སྐད་དུ་འགྱུར་བ་ལྟ་བུ་སྐད་རིགས་ཁ་ཤས་ཤིག་ཕན་ཚུན་མཉམ་བསྲེས་བྱས་པ་ལས་བྱུང་བ་ཡང་འདུག དཔེར་ན། དེང་དུས་གསར་དུ་དར་ཁྱབ་ཆེ་བའི་ཕྱི་དར་མིང་ཚིག(卡拉0K)ཞེས་པའི་ཐད་སྙད་འདི་རི་པིན་གྱི་སྐད་དང་དབྱིན་ཇིའི་སྐད་གཉིས་མཉམ་བསྲེས་བྱས་ནས་བྱུང་བ་རེད། དེ་ལྟར་སྐད་ཀྱི་ཐ་སྙད་མི་འདྲ་བ་ཕར་འདྲེས་ཚུར་འདྲེས་བྱས་ཏེ་མིང་ཚིག་འདྲེས་མ་ཞེས་པ་དེ་དག་ཀྱང་བྱུང་བ་རེད།
གཉིས་པ། ཕྱི་དར་མིང་ཚིག་ཡིག་སྒྱུར་བྱེད་པའི་གཞི་རྩའི་རྩ་དོན་བཤད་པ།
           གོང་དུ་བཤད་པའི་དམིགས་བསལ་གྱི་ཕྱི་དར་མིང་ཚིག་དེ་ལྟ་བུ་ཡིག་སྒྱུར་བྱེད་སྐབས་ཨ་ན་ཨུ་ཚུགས་ཀྱིས་ཐད་སྒྱུར་མཁྲེགས་སྒྱུར་བྱས་ཚེ་ཐ་སྙད་དེ་དག་ཡང་ན་གོ་དཀའ་བའི་བསྡུས་མིང་ཙམ་དུ་ཆགས་པ་དང་། ཡང་ན་མིང་ཚིག་གཅིག་ལ་གཅིག་སྐྱེས་ཀྱིས་འགྲེལ་བཤད་ཀྱི་རང་བཞིན་ལྡན་པའི་སྒྱུར་ཡིག་ཏུ་འགྲོ་ཉེན་ཆེ། དེ་འདྲའི་དབང་གིས་ཐ་སྙད་འདི་རིགས་ཡིག་སྒྱུར་བྱ་བ་ལ་ཡིག་སྒྱུར་གྱི་ཐབས་དམ་པ་བཞིའི་ནང་གི་སྒྲ་སྒྱུར་ཁོ་ན་ལག་ལེན་བྱས་ན་ལེགས།  སྒྲ་སྒྱུར་བྱས་པ་དེ་ནི་མི་རིགས་དེ་ལ་ཡིག་སྒྱུར་གྱི་ཐ་སྙད་དཀོན་པའི་རྟགས་མཚན་མིན་ལ་ཡིག་སྒྱུར་གྱི་ཆུ་ཚད་མི་ལྡེང་བའི་མཚོན་རྟགས་ཀྱང་མ་ཡིན།  རྒྱལ་ཁབ་གང་དང་མི་རིགས་གང་ཞིག་ལ་སོ་སོའི་མི་རིགས་ཀྱི་སྐད་དང་ཡི་གེ་ཇི་ལྟར་ཕུན་སུམ་ཚོགས་ཀྱང་དེ་དག་ལ་ཕྱི་དར་མིང་ཚིག་མེད་པ་མི་སྲིད། དཔེར་ན། དེང་དུས་དར་རྒྱས་ཤིན་ཏུ་ཆེ་བའི་རི་པིན་རྒྱལ་ཁབ་ནང་དུའང་ཕྱི་དར་མིང་ཚིག་རྒྱལ་ཁབ་དེ་རང་གི་དེང་དུས་སྐད་ཀྱི10%ཟིན་གྱི་ཡོད། དེས་ན། ཕྱི་དར་མིང་ཚིག་སྒྱུར་མཁས་སྤྱོད་མཁས་བྱས་ཏེ་བརྡ་དོན་ཁ་གསལ་ཡོང་བ་མ་ཟད་དེས་རང་རིགས་ཀྱི་སྐད་ཡིག་ཀྱང་ཕུན་སུམ་ཚོགས་སུ་གཏོང་རྒྱུའི་དགོས་པ་ཡོད།      
གསུམ་པ། ཕྱི་དར་མིང་ཚིག་ཡིག་སྒྱུར་བྱ་རྒྱུའི་ཐབས་ཤེས་ཁ་ཤས་བཤད་པ།
           ཕྱི་དར་མིང་ཚིག་ཁག་གཅིག་གོ་དོན་ཤིན་ཏུ་རྒྱ་ཆེ་ལ་གཏིང་ཟབ་ཅིང་མིང་གི་གྲུབ་ལུགས་ཀྱང་ཤིན་ཏུ་ཁྱད་མཚར་ལ་དམིགས་བསལ་ཅན་ཡིན་ན་གཤམ་གསལ་གྱི་སྒྱུར་ཐབས་ཁག་ལག་ལེན་བྱེད་དགོས།
སྒྱུར་ཐབས་དང་པོ། མིང་ཚིག་ཆ་ཚང་སྒྲ་སྒྱུར།
           ①ཆབ་སྲིད་ཀྱི་གོ་དོན་ཟབ་ལ་རྒྱ་ཆེ་བའི་མིང་ཚིག་ཁག་གཅིག་ཆ་ཚང་སྒྲ་སྒྱུར། དཔེར་ན། (共产党、法西斯)ལྟ་བུ་ཡིན། (公社)ཞེས་པ་དེ་ལ་ཆ་བཞག་ན། དེ་ནི་ལོ་རྒྱུས་ཀྱི་དུས་མཚམས་དང་རྒྱལ་ཁབ་མི་འདྲ་བ་སོ་སོར་ཐ་སྙད་དེའི་ཆབ་སྲིད་ཀྱི་གོ་དོན་ཡང་མི་འདྲ་བ་མང་པོ་ཆགས་མྱོང་ཡོད། དཔེར་ན། ཀྲུང་གོའི་གདོད་མའི་སྤྱི་ཚོགས་ཀྱི་སྐབས་སུ(公社)ཞེས་པ་དེའི་གོ་དོན་ནི་སྐབས་དེའི་མི་རྣམས་མཉམ་དུ་ཐོན་སྐྱེད་བྱེད་པ་དང་། མཉམ་དུ་མཛད་སྤྱོད་བྱེད་པའི་མཉམ་འབྲེལ་གྱི་འཚོ་བའི་རྣམ་པ་ཞིག་ལ་ཟེར་བ་ཡིན། དེ་མིན་དུ་གནའ་རབས་སུ་ཨའོ་གླིང་གི་ལོ་རྒྱུས་ཐོག་གྲོང་ཁྱེར་རང་སྐྱོང་བྱེད་པའི་སྡེ་ཚན་ཞིག་ལ་ཡང་(公社)ཟེར་གྱི་ཡོད་པ་རེད། དེ་དང་འདྲ་བར། སྤྱི་ལོ1870སྐབས་སུ་རྒྱལ་སྤྱིའི་ཐོག་བྱུང་བའི(公社)ཞེས་པ་དེ་ནི་འབྱོར་མེད་གྲལ་རིམ་གྱི་སྲིད་དབང་མཚོན་བྱེད་ཀྱི་རྣམ་པ་ཞིག་ཡིན་པ་སྟེ། དཔེར་ན། ཕཱ་རན་སིའི་པཱ་ལི་ཀུང་ཧྲེ་དང་། རང་རྒྱལ་གྱི་གོང་ཀྲའུ་ཀུང་ཧྲེ་ལྟ་བུ་ཡིན། དེ་བཞིན་དུ(法西斯)ཞེས་པ་དེ་ཡང་ཀྲུང་གོར་རྒྱུན་སྤྱོད་ཀྱི་ལཱ ་ཏིང་གི་ཡི་གེ་ཞིག་ཡིན་ཞིང་། དེའི་ཐོག་མའི་གོ་དོན་ནི་དཀྱིལ་དུ་སྟ་རེ་ཞིག་བཙུགས་བཞག་ཡོད་པའི་ཤིང་རྡུམ་ཕུང་པོ་ཞིག་ཟེར་བའི་གོ་དོན་ཡིན་ཞིང་། དེ་ནི་དྲག་གནོན་དང་གདུག་རྩུབ་ཀྱི་སྲིད་དབང་མཚོན་བྱེད་ཀྱི་མིང་ཚིག་ཅིག་ཡིན་པ་རེད། གལ་ཏེ་གོང་དུ་བཤད་པའི་དམིགས་བསལ་གྱི་ཆབ་སྲིད་མིང་ཚིག(公社)ཞེས་པ། སྤྱི་ཁང་ལྟ་བུ་དང་། (法西斯)ཞེས་པ་དཀྱིལ་དུ་སྟ་རེ་བཙུགས་པའི་ཤིང་རྡུམ་ཕུང་པོ་ཞེས་པ་ལྟ་བུར་དོན་སྒྱུར་བྱས་ཚེ་མིང་དེ་ཚོའི་ཐོག་མའི་སྒམ་བརླིང་གཏིང་ཟབ་ཀྱི་ཆབ་སྲིད་གོ་དོན་དང་། ཐུན་མོང་མིན་པའི་ཉམས་སྣང་ལ་ཉམས་ཆག་ཤོར་བ་མ་ཟད། མིང་དོན་གོ་ནོར་ཐེབས་པའི་སྐྱོན་ཆ་ཡོང་ངེས་ཡིན།   
           ②ཚན་རིག་ལག་རྩལ་གྱི་མིང་ཚིག་ཁ་ཤས་ཆ་ཚང་སྒྲ་སྒྱུར།
དེང་རབས་ཀྱི་ཚན་རིག་དང་། དམག་དོན། གསོ་རིག་ལག་རྩལ་སོགས་ཀྱི་མིང་ཚིག་ཡིག་སྒྱུར་གནད་འཁེལ་པོ་མ་བྱུང་ཚེ་གོ་ནོར་ཐེབས་ནས་ཐད་ཀར་དཔལ་འབྱོར་གྱི་གྱོང་གུན་བཟོ་བ་མ་ཟད། ཐ་ན་མི་སྲོག་ལ་ཐུག་པའི་དོན་རྐྱེན་ཡང་ཡོང་སྲིད། དཔེར་ན། དེང་དུས་རྟག་ཏུ་བེད་སྤྱོད་གཏོང་བཞིན་པའི(青化甲、维生素、摄氏度、华达呢、尼古丁、雷达、B超、大哥大、千瓦、唐克)སོགས་ཐ་སྙད་དེ་རྣམས་ཆ་ཚང་སྒྲ་སྒྱུར་བྱེད་དགོས།   
           ③ས་མིང་རྒྱལ་མིང་ཆ་ཚང་སྒྲ་སྒྱུར།
           དཔེར་ན། (北京王府景,拉萨)ལྟ་བུ། ས་ཆའི་མིང་དང་རྒྱལ་ཁབ་ཀྱི་མིང་འདི་ལྟ་བུ་ལ་ཐོག་མའི་མིང་དེའི་འབྱུང་ལུགས་ཐད་ལ་ཡི་གེའི་གོ་དོན་ཕྲན་བུ་ཡོད་ནའང་སྔོན་མ་ནས་སྲོལ་རྒྱུན་ལྟར་དོན་སྒྱུར་དུ་ཆགས་ཟིན་པའི་དམིགས་བསལ་གྱི་ས་མིང་རྒྱལ་མིང་ཁག་གཅིག་ཕར་ཕུད། དེ་མིན་གྱི་ས་མིང་རྒྱལ་མིང་རྣམས་སྤྱིར་བཏང་ཆ་ཚང་སྒྲ་སྒྱུར་བྱེད་དགོས། དཔེར་ན། ལྷ་ས(拉萨)ཞེས་པར(神地)དང་(北京)(པེ་ཅིང་)ཞེས་པ་ལ་རྒྱལ་ས་བྱང་མ་ལྟ་བུར་དོན་སྒྱུར་བྱས་ཚེ་གོ་བདེ་བ་མི་བདེ་བར་བཟོས་ནས་སྐུ་གཉེར་འཕྱིས་བདར་མཁས་ན་གསེར་སྐུ་རག་ལ་བཏང་ཞེས་པའི་དཔེ་ལྟ་བུར་འགྲོ་རྒྱུ་ཙམ་དུ་མ་ཟད། ཐ་ན་གོ་ནོར་ཐེབས་ནས་རྙོག་དྲ་ཡོང་གི་རེད། དེ་དང་འདྲ་བར། རྒྱ་ནག་གི་ཡུལ་གྲོང་སོགས་ཀྱི་མིང་དུ(大丘庄、小靳庄、许家沟、绍山冲、南泥湾、沙州坝)ཟེར་བ་ལྟ་བུ་ཡོད་པ་དེ་ཚོ་ཁ་ཤས་མ་གཞི་ཡུལ་གྲོང་སོ་སོ་ཆགས་སའི་ས་དབྱིབས་ཀྱི་ཁྱད་ཆོས་ལ་བལྟས་ནས་མིང་ཐོབ་པ་དེ་འདྲ་ཡོད་དེ། དཔེར་ན། (许家沟)ཞེས་པ་དེ་རི་ཤུར་ཞིག་ཏུ་ཡོད་ཤས་ཆེ་བ་དང་། ཡང་(沙州坝)ཞེས་པ་དེ་ཐང་བདེར་ཞིག་ཏུ་ཡོད་བཟོ་འདུག མིང་ཚིག་འདི་རིགས་ལ་ས་མིང་སྟེང་དུ་ཡུལ་གྲོང་སོ་སོའི་གཞི་རྒྱ་ཆེ་ཆུང་མཆོན་ཐུབ་པའི་གོ་དོན་ཡང་ལྡན། དེ་འདྲ་ཡིན་ན་ཡང་། གལ་ཏེ་མིང་དེ་ལ་དོན་འདི་སྙམ་པའི་དོན་སྒྱུར་བྱས་ན་སྦྲུལ་ལ་ཡན་ལག་གི་དཔེ་བཞིན་དུ་འགྲོ་ཉེན་ཆེ་བས་ས་ཆའི་མིང་འདི་ལྟ་བུ་ཡང་ཆ་ཚང་སྒྲ་སྒྱུར་བྱས་ན་ལེགས། དེ་ཡང་ལྷ་སའི་ནོར་བུ་གླིང་ཁར་རྒྱ་སྐད་དུ(罗布林卡)ཞེས་སྒྲ་སྒྱུར་རང་སོར་འཇོག་པ་དང་། པེ་ཅིང་གི(中南海)ལ་བོད་སྐད་དུའང་ཀྲུང་ནན་ཧད་ཅེས་ཆ་ཚང་སྒྲ་སྒྱུར་བྱེད་པ་ལས་ནོར་བུ་གླིང་ཁར(宝贝林园)དང། (中南海)ལ་དབུས་གཞུང་ལྷོ་རྒྱ་མཚོ་ཞེས་དོན་སྒྱུར་བྱེད་སྲོལ་མེད་པ་ལྟ་བུའོ། །   
④གོ་གནས་ཀྱི་མིང་ཆ་ཚང་སྒྲ་སྒྱུར།   
           རྒྱལ་ཁབ་ཀྱི་ཏང་སྲིད་དམག་གི་ལས་བྱེད་པའི་གནས་མིང་(主席、总理、委员长、书记、总统)སོགས་དང་། (省长、市长、厅长、校长)ལྟ་བུ་དང་། ཡང་དུ་ཤེས་རིག་གི་གོ་གནས་སོགས་མཚོན་པའི་(学士、硕士、博士)ཟེར་བ་རྣམས་ཀྱང་སྒྲ་སྒྱུར་བྱས་པ་མང་བ་འདུག དེ་བཞིན་དུ(排长、连长、军长、司务长)ཞེས་པའི་དམག་མིའི་གོ་གནས་ཀྱང་ཆ་ཚང་སྒྲ་སྒྱུར་བྱས་པ་མང་ཤས་ཆེ། དེ་ལྟར་དུ་ཆ་ཚང་སྒྲ་སྒྱུར་བྱས་པ་དེ་དག་མི་འགྲིག་པ་མི་འདུག་སྙམ། གང་ལགས་ཤེ་ན་གནའ་དུས་ཀྱི་ལོ་རྒྱུས་དེབ་ཐེར་ནང་དུ་ཡང་དེ་ལྟར་ཆ་ཚང་སྒྲ་སྒྱུར་བྱས་པ་མང་པོ་འདུག དཔེར་ན། རྒྱ་ནག་ཐང་གོང་མས་བོད་རྒྱལ་སྲོང་བཙན་སྒམ་པོར་གནང་བའི(西海君王)ཞེས་པའི་རྒྱལ་པོའི་གོ་གནས་དང་(马体马都尉)ཟེར་བའི་མག་པའི་ཆོ་ལོ་ཚང་མ་སྒྲ་སྒྱུར་བྱས།  ཡོན་རྒྱལ་རབས་ཀྱིས་འགྲོ་མགོན་ཆོས་རྒྱལ་འཕགས་པར་གནང་བའི་(帝师)དང་(国师)ཞེས་པའང་། ཌི་ཤྲཱི་དང་། གོ་ཤྲཱི་ཞེས་རང་འཇགས་སྒྲ་སྒྱུར་བྱས་ཡོད།   
           དེ་བཞིན་དུ། བོད་སོགས་སྐད་ཡིག་གི་གནས་མིང་། པཎ་ཆེན་ཨེར་ཏི་ནི།   ཏཱ་ལའི་བླ་མ། དེ་མོ་ཧུ་ཐོག་ཐུ་དང། ཡང། ས་སྐྱ་པཎྜིཏ། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཟེར་བ་སོགས་ཀྱང་རྒྱ་སྐད་དུ(班禅额尔德尼、达赖喇麻、迪姆呼图克图、萨迦班智达、第司.桑结加措)ཞེས་པ་དང་། དེ་དང་འདྲ་བར། བཀའ་བློན་དང་ཁྲི་པ། སྡེ་པ་སོགས་ཀྱི་གནས་མིང་དེ་ཚོ་ཡང་རྒྱ་སྐད་དུ(喝伦、赤巴、第巴)ཞེས་ཆ་ཚང་སྒྲ་སྒྱུར་བྱེད་པ་ལས་དོན་སྒྱུར་བྱེད་སྲོལ་མེད།   
⑤སྡེ་ཚན་གྱི་མིང་ཆ་ཚང་སྒྲ་སྒྱུར།  
           དཔེར་ན། (义和团、八路军、新四军、公司、党中央)ཞེས་པ་དེ་ཚོ་ནི་ཡི་ཧོ་ཐོན། པཱ་ལུའུ་ཅུན། ཤིན་སི་ཅུན། ཀུང་སི། ཀྲུང་ཧྲུའུ། ཏང་ཀྲུང་དབྱང་ཞེས་ཆ་ཚང་སྒྲ་སྒྱུར་བྱེད་པ་དང་། ད་དུང་(部、司、州、旗)སོགས་ཀྱང་ཧ་ལམ་རྒྱལ་ཡོངས་ཀུན་ལ་ཆ་ཚང་སྒྲ་སྒྱུར་བྱེད་ཀྱི་ཡོད། ཐ་སྙད་ཆ་ཚང་སྒྲ་སྒྱུར་བྱེད་སྟངས་ཀྱི་དཔེ་མཚོན་བོད་ཀྱི་ལོ་རྒྱུས་ཡིག་རྙིང་ཁྲོད་དུའང་མང་པོ་ཡོད་པ་སྟེ། གོང་མ་ཆན་ལུང་གཤེགས་ཚུལ་ཡཱ་མནོ་དུ་འབྱོར་ཞེས་པ་དེ་འདྲ་འདུག་ལ་ཡོན་རྒྱལ་རབས་ཀྱི་སྲིད་འཛིན་ལས་ཁུངས(宣政院、宣尉司徒元少府)ཟེར་བ་སོགས་ཀྱང་རང་འཇགས་སྒྲ་སྒྱུར་བྱས་པ་མང་།   
⑥ཟས་རིགས་ཀྱི་མིང་ཆ་ཚང་སྒྲ་སྒྱུར།   
           རྒྱ་བོད་མི་རིགས་གཉིས་སྔ་མོ་ནས་འགྲོ་འོང་འབྲེལ་གཏུགས་ཟབ་པོ་བྱུང་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་རིང་པོའི་ཁྲོད་དུ་ཕན་ཚུན་སྐད་ཡིག་སྤེལ་རེས་ཀྱང་མང་པོ་བྱུང་ནས་མིང་ཚིག་མ་ཉུང་བ་ཞིག་ཆ་ཚང་སྒྲ་སྒྱུར་གྱི་ཐོག་ནས་བེད་སྤྱོད་གཏོང་རེས་བྱེད་ཀྱི་ཡོད། དཔེར་ན། (白菜、箩卜、西瓜、南瓜、点心、海参、豆腐、面包、醋酱油)ཞེས་པ་ལ། པད་ཚལ། ལཱ་བུག། ཤི་ཀྭོ     ཏན་ཤིན། ནན་ཀོ ། ཧི་སན། ལྡེ་ཧྥུ། མེན་པའོ། ཚུའུ། ཅང་ཡོའུ་ཞེས་ཆ་ཚང་སྒྲ་སྒྱུར་ཡིན། དེ་བཞིན་དུ་དངོས་རིགས་གཞན་ཐད་ལ(洋蜡、洋琴、菜板、菜刀、桌子、筷子)ཞེས་པ་དེ་རྣམས་ཀྱང་། ཡཱང་ལཱ། ཡང་ཆིང་། ཚལ་པང་། ཚལ་ཏའོ། སྒྲོག་ཙེ། ཁོད་ཙེ་ཞེས་ཆ་ཚང་སྒྲ་སྒྱུར་བྱེད། ཡང་རིང་ཐུང་དང་ལྗིད་ཚད་སོགས་འཇལ་བྱེད་ཀྱི་མིང་(公尺、公分、英里、英磅、亩、吨)བཅས། ཀུང་ཁྲེ། ཀུང་ཕིང་། དབྱིང་ལི། དབྱིང་པང་། མུའུ། ཏུན་ནམ་ཀྲའོན་ཞེས་ཆ་ཚང་སྒྲ་སྒྱུར་བྱེད། གྱོན་ཆས་ཀྱི་ཐད་ལ(大衣、大褂、绒衣绒裤、靴子、裙子)ཞེས་པ་ཡང་། ཏཱ་ཡི། ཏཱ་ཀོ་ཙེ། རོང་ཡི་རོང་ཁུ། ཤོལ་ཙེ། ཇུན་ཙེ་ཞེས་རང་འཇགས་སྒྲ་སྒྱུར་བྱེད་དགོས།   
           གོང་གསལ་གྱི་མིང་ཚིག་ཆ་ཚང་སྒྲ་སྒྱུར་བྱས་པའི་རིགས་དེ་དག་སྔར་སྲོལ་གྱི་སྒྱུར་སྟངས་ཡིན་ནའང་འདྲ། དེང་དུས་ཀྱི་སྒྱུར་ལུགས་ཡིན་ནའང་འདྲ་གང་ལྟར་མི་རིགས་མང་ཆེ་བས་གོ་ཐུབ་ཀྱི་ཡོད། དེ་ནི་ལོ་རྒྱུས་ཀྱི་གནས་བབ་མི་འདྲ་བ་སོ་སོར་བྱུང་བའི་དམིགས་བསལ་གྱི་སྒྲ་སྒྱུར་ཐ་སྙད་ཁག་གཅིག་ཙམ་ཡིན་པ་རེད། དེ་འདྲ་སོང་ཙང་དེང་དུས་ཀྱི་ཕྱི་དར་མིང་ཚིག་ཅིག་ཀྱང་དགོས་ངེས་ཀྱི་སྒྲ་སྒྱུར་བྱས་ན་ཡག་པ་འདུག   
           གལ་ཏེ་གོང་གསལ་གྱི་ཐ་སྙད་འདི་ལྟ་བུ་ཨུ་ཚུགས་ཀྱིས་དོན་སྒྱུར་བྱས་ན་དེ་ཚོ་སོ་སོར་ལྡན་པའི་རྒྱ་ཆེ་གཏིང་ཟབ་ཀྱི་ཆབ་སྲིད་གོ་དོན་དང་ཐུན་མོང་མིན་པའི་མི་རིགས་ཀྱི་ཁྱད་ཆོས་ས་ཁུལ་གྱི་ཁྱད་ཆོས། དུས་རབས་ཀྱི་ཁྱད་ཆོས་རྣམས་ཀྱང་དོན་དང་ཚིག་སྦྱོར་གང་གི་ཐོག་ནས་དོན་སྒྱུར་དང་ཆབས་ཅིག་ཉམས་ཆག་ཆེན་པོ་ཤོར་གྱི་རེད། ཆ་ཚང་སྒྲ་སྒྱུར་བྱེད་ལུགས་ཀྱི་ཐད་ལ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་རིང་ལ་ཆོས་ཀྱི་གཞུང་བོད་སྐད་དུ་བསྒྱུར་བའི་ཐབས་དམ་པ་བཞི་ཡོད་པ་དེའི་དོན་ཚན་གཉིས་པའི་ནང་དུ་མིང་གཅིག་དོན་མང་པོ་ལ་འཇུག་པ་རྣམས་ཐ་སྙད་གཅིག་གི་ནང་དུ་བརྗོད་བྱའི་དོན་ཐམས་ཅད་འདུ་བར་བྱེད་མི་ཐུབ་པས་དོན་གཅིག་ཁོ་ན་ལ་བསམ་ནས་མི་བསྒྱུར་བར་རྒྱ་གར་གྱི་སྐད་སོར་འཇོག་བྱེད་དགོས་ཞེས་ཐ་སྙད་ཆ་ཚང་སྒྲ་སྒྱུར་བྱེད་དགོས་པའི་བཞེད་པ་འཛིན་གྱི་ཡོད།    
སྒྱུར་ཐབས་གཉིས་པ།   སྒྲ་དོན་མཉམ་སྒྱུར་བྱེད་ཐབས།   
①མིའི་མིང་སྒྲ་དོན་མཉམ་སྒྱུར་བྱེད་ཐབས།   
           མིའི་མིང་དང་རང་རང་གི་ཁྱད་ཆོས་སྒྲ་དོན་མཉམ་སྒྱུར་བྱས་ཏེ་མི་དེ་རང་གི་རུས་མིང་ཆ་ཚང་སྒྲ་སྒྱུར་བྱས་པའི་ཁར། མི་དེ་ལ་ཕྱིའི་རྣམ་པ་དང་ནང་གི་ཁྱད་ཆོས་གང་དང་གང་ཡོད་མིན་མིང་གི་ཐོག་ནས་མཚོན་ཐུབ། དཔེར་ན《ཆུ་ངོགས་གཏམ་རྒྱུད》ཀྱི་ནང་དུ(白衣秀士王伦、拼命三朗石秀、花和尚卢智深、操刀鬼董勇,及时雨松江,黑旋李愧)ཞེས་པ་རྣམས། ཤེས་ལྡན་གོས་དཀར་བ་ལྦང་ལུན། རང་སྲོག་བློས་གཏོང་བུ་གསུམ་པ་ཧྲེ་ཤེའུ།  བཙུན་པ་རྒལ་ཁྲ་ལུའུ་ཀྲེ་ཧྲེན། བཤས་གྲི་འཛིན་པ་གདུང་ཡུང་། དུས་ཐོག་ཆར་པ་སུང་ཅང་། རླུང་འཁོར་ནག་པོ་ལི་ཁུལ་ཞེས་མིའི་མིང་སྒྲ་དོན་མཉམ་སྒྱུར་བྱས་ཡོད།   དེང་དུས་ཀྱི་མི་སྣའི་མིང་སྒྱུར་སྟངས་ཀྱང་དེ་འདྲ་བྱས་ན་འགྲིག དཔེར་ན། (世界拳王泰森,双枪老婆淑英,铁人王进喜,狗头军师张春桥,白毛女喜儿,地主周扒皮)ཟེར་བ་རྣམས་ཀྱང་། འཛམ་གླིང་ཁུ་མཚུར་རྒྱལ་པོ་ཐས་སེང་། མེ་མདའ་ཆ་འཁྱེར་རྒས་མོ་ལི་ཧྲུའུ་དབྱིང་། ལྕགས་མི་ལྦང་ཅིང་ཞི། ཇུས་དཔོན་ཁྱི་མགོ་ཅན་ཀྲང་ཁྲུན་ཇའོ། སྐྲ་དཀར་བུ་མོ་ཞི་ཨར། ས་བདག་ཀྲའོ་པགས་བཤུ་ཞེས་པ་དང་། ཡང་དུ(张胖子、李拐子、王瞎子、林疯子)ཟེར་བ་ལྟ་བུའི་མིང་དང་སོ་སོའི་ཁྱད་ཆོས་དེ་ཚོ་ཡང་ཀྲང་རྒྱགས་པ། ལི་སུག་འཁྱོག  ལྦང་ཞ་ར། ལིང་སྨྱོན་པ་ཞེས་སྒྲ་དོན་མཉམ་སྒྱུར་བྱེད་དགོས།   
②ས་མིང་རྒྱལ་མིང་སྒྲ་དོན་མཉམ་སྒྱུར་བྱེད་ཐབས།   
           ས་ཆ་དང་རྒྱལ་ཁབ་ཀྱི་མིང་སྒྲ་དོན་མཉམ་སྒྱུར་བྱས་ནས་དེ་ཚོ་སོ་སོའི་ཁ་ཕྱོགས། ངོ་བོ་སོགས་ཀྱི་གོ་དོན་མཚོན་ཐུབ་ཀྱི་ཡོད། དཔེར་ན། (北美州、东南亚、海南岛、北京市、喜玛拉雅山、陕北民族、甘南藏族)ཟེར་བ་ལྟ་བུ་ནི་མེར་གླིང་བྱང་མ། ཡཱ་གླིང་ཤར་ལྷོ། ཧད་ནན་གླིང་ཕྲན། པེ་ཅིང་གྲོང་ཁྱེར། རི་བོ་ཧི་མ་ལ། ཧྲ་ན་ཤི་བྱང་རྒྱུད་ཀྱི་དམངས་གཞས། ཀན་ལྷོ་བོད་རིགས་ཞེས་སྒྲ་དོན་མཉམ་སྒྱུར་བྱེད་དགོས། དེ་བཞིན་དུ་རྒྱལ་ཁབ་ཀྱི་མིང་(中尼公路、孟加拉国、阿拉伯国家)ཞེས་པ་ལ། ཀྲུང་ནེ་གཞུང་ལམ།  བྷང་ག་ལ་རྒྱལ་ཁབ། ཨ་ལ་པོ་རྒྱལ་ཁབ་ཅེས་རྒྱལ་ཁབ་དེ་རང་གི་མིང་ཡིན་ནའང་འདྲ། རྒྱལ་ཁབ་དེའི་མིང་དང་འབྲེལ་བའི་དོན་ཡིན་ནའང་འདྲ། གང་ལྟར་ཚང་མ་སྒྲ་དང་དོན་གཉིས་མཉམ་བསྲེས་ཀྱིས་ཡིག་སྒྱུར་བྱེད་དགོས། དེ་ལྟར་སྒྱུར་བས་མིང་བརྗོད་བདེ་ལ་དོན་གོ་སླ་བའི་ཁྱད་ཆོས་འདུག  
 ③མི་རིགས་ཀྱི་མིང་སྒྲ་དོན་མཉམ་སྒྱུར་བྱེད་ཐབས།   
           དེ་ཡང་རང་རྒྱལ་གྱི་མི་རིགས་མང་པོ་ཞིག་གི་མིང་སྒྲ་དོན་མཉམ་སྒྱུར་བྱེད་དགོས་ཀྱི་ཡོད་པ་དཔེར་ན། (回族)ལ་ཧུད་རིགས་དང་(土家族)ལ་ཐུལུ་ཅཱ་རིགས། (高山族)ལ་ཀའོ་ཧྲན་རིགས། (门巴族)ལ་མོན་པ་རིགས་ཟེར་བ་ལྟ་བུ་ཡིན། དེ་མིན་དུ། ཀྲུང་གོའི་མི་རིགས་ཆེ་གྲས་ཁག་གཅིག་སྟེ། དཔེར་ན། (蒙古族)ལ་སོག་རིགས་དང་། (藏族)ལ་བོད་རིགས།(维吾尔族)ལ་ཡུ་གུར་རིགས། (汉族)ལ་རྒྱ་རིགས། (朝鲜族)ལ་ཀུ་ཡ་རིགས། (土族)ལ་ཧོར་རིགས། (纳西族)ལ་འཇང་རིགས་ལྟ་བུ་མི་རིགས་ཀྱི་མིང་དམིགས་བསལ་ཁག་གཅིག་སྔར་སྲོལ་གྱི་ཡིག་ལམ་དུ་དེ་ལྟར་ཆགས་ཡོད།   
④སྡེ་ཚན་གྱི་མིང་སྒྲ་དོན་མཉམ་སྒྱུར་བྱེད་ཐབས།   
           དཔེར་ན།  (硬骨头六连、民主党派、德庆乡、拉萨市委、开民公司)ཟེར་བ་ལྟ་བུ་ནི། རུས་པ་མཁྲེགས་པའི་ལན་དྲུག་པ། དམངས་གཙོ་ཏང་ཤོག བདེ་ཆེན་ཤང་། ལྷ་ས་གྲོང་ཨུད། གསར་སྤེལ་ཀུང་སི་ཞེས་དེང་སང་གི་བརྙན་འཕྲིན་དང་ཚགས་པར་ནང་དུའང་དེ་ལྟར་བེད་སྤྱོད་གཏོང་གི་འདུག   
⑤རིག་པའི་གནས་གཞན་ཐད་ཀྱི་མིང་སྒྲ་དོན་མཉམ་སྒྱུར་བྱེད་ཐབས།   དེང་དུས་ཀྱི་སྤྱི་ཚོགས་ཐོག་ཏུ་ཤིན་ཏུ་དར་ཁྱབ་ཆེ་བའི་བྱ་དངོས་ཁག་གཅིག་གི་ཐ་སྙད་སྒྲ་དོན་ཟུང་སྒྱུར་བྱས་ན་གོ་བདེ་ལ་བེད་སྤྱོད་ཀྱང་བདེ་བའི་ཁྱད་ཆོས་འདུག   དཔེར་ན། (松下电视机、纤维食品、胡琴、中医学、核武器、乡村党政、装甲兵)ཞེས་པ་རྣམས། སུང་ཤཱ་བརྙན་འཕྲིན་འཕྲུལ་འཁོར། ཆན་ཨུད་ཟས་རིགས། ཧུའུ་ཆིང་ཁྱུད་གཉིས་མ། ཀྲུང་དབྱི་གསོ་རིག ཧའོ་མཚོན་ཆ། ཤང་གྲོང་ཏང་སྲིད། ཀྲོང་ཅཱ་དམག་ཅེས་སྒྲ་དོན་མཉམ་སྒྱུར་བྱེད་དགོས།   
སྒྱུར་ཐབས་གསུམ་པ། མིང་ཚིག་ཁག་གཅིག་ལ་སྒྲ་སྒྱུར་སྟེང་དུ་སྣོན་སྒྱུར་བྱེད་ཐབས།   
           མིང་ཚིག་གང་ཞིག་ཆ་ཚང་སྒྲ་སྒྱུར་བྱས་པའི་ཐོག་ཏུ་ད་དུང་སྣོན་སྒྱུར་གྱི་ཐབས་ཤེས་ལ་བརྟེན་ནས་མིང་ཚིག་དེ་ཉིད་ཀྱི་གོ་དོན་ཆ་ཚང་གསལ་དུ་འགྲོ་བའི་ཁྱད་ཆོས་ལྡན།   
①མིའི་མིང་གོ་གནས་དང་བཅས་པར་ཆ་ཚང་སྒྲ་སྒྱུར་གྱི་སྟེང་དུ་དོན་སྒྱུར་ཁ་སྣོན་བྱས་ཏེ་དེའི་གོ་དོན་གསལ་དུ་གཏོང་བ།   
           དཔེར་ན། (秦始皇)ལ་གོང་མ་ཆིང་ཧྲེ་ཧོང་དང་། (沙皇)ལ་ཧྲ་ཧོང་གོང་མ།  (闯王)ལ་གྲོང་ལྦང་རྒྱལ་པོ།  (钦差黄慕松)ཆིང་ཁྲད་དཔོན་རིགས་ཧོང་རྨུའུ་སུང་། (少将噶玛)ཧྲའོ་ཅང་དམག་དཔོན་སྐར་མ་ཞེས་པ་ལྟ་བུ་དང་། ཡང་བོད་ཡིག་ཁྲོད་ཀྱི་སྡེ་དཔོན་དོན་གྲུབ་ཚེ་རིང་(代本军官顿珠次仁)དང་བཀའ་བློན་ང་ཕོད་ངག་དབང་འཇིགས་མེད་ཅེས་པར(噶伦官员阿肺.阿普美)ཞེས་བོད་སྐད་ཀྱི་སྒྲ་སྒྱུར་ཆ་ཚང་གི་སྟེང་དུ།“(军官)”དང་“(官员)”ཞེས་པ་གཉིས་སྣོན་སྒྱུར་བྱས་ཏེ་ཐ་སྙད་དེའི་གོ་དོན་གསལ་དུ་བཏང་ཡོད།
②ས་གཞི་རི་ཀླུང་སོགས་ཀྱི་མིང་སྒྲ་སྒྱུར་ཆ་ཚང་གི་སྟེང་དུ་སྣོན་སྒྱུར་བྱེད་ཐབས།   
           དཔེར་ན། (泰山)ལ་རི་བོ་ཐད་ཧྲན་དང་(淮河)ལ་ཆུ་བོ་ཧལ་ཧོ།  (渤海)ལ་རྦོ་ཧད་རྒྱ་མཚོ། (葫芦岛)ལ་གླིང་ཕྲན་ཧུའུ་ལུ་ཏའོ་ཞེས་པ་དང་།  དེ་བཞིན་དུ་བོད་སྐད་ནང་གི་ཡར་ཀླུང་གཙང་པོ་བྱ་བར། རྒྱ་སྐད་དུ་ཡང་(雅鲁藏布江)ཞེས་པ་དང་། ཐང་གོ་ལ་ཞེས་པར(唐古拉山)ཞེས་སྣོན་སྒྱུར་བྱེད་ཀྱི་ཡོད། གལ་ཏེ་江དང་山ཞེས་པ་དེ་ཚོ་སྣོན་སྒྱུར་མ་བྱས་པར་རྒྱ་སྐད་དུ་ཡང་)(雅鲁藏布、唐古拉)ཞེས་སྒྲ་སྒྱུར་གཅིག་པུར་བཞག་ཚེ།  ཡར་ཀླུང་གཙང་པོ་ཞེས་པ་ཆུ་བོ་ཡིན་པ་དང་། ཐང་གོ་ལ་ཞེས་པ་རི་བོ་ཡིན་པ་མི་རིགས་གཞན་གྱིས་ལས་སླ་པོར་གོ་ཐུབ་ཀྱི་མ་རེད།   
③རིག་པའི་གནས་གཞན་དག་གི་མིང་ཆ་ཚང་སྒྲ་སྒྱུར་གྱི་སྟེང་དུ་སྣོན་སྒྱུར་བྱེད་ཐབས།   
           དཔེར་ན། (乙醚)ལ་ཡི་རྨི་སྦྲིད་སྨན་ཟེར་བ་དང་(道教)ལ་ཏའོ་ཅའོ་ཆོས་ལུགས། (虞美人)ལ་མེ་ཏོག་ཡུས་མེ་རན། (芦笙)ལ་ལུའུ་ཧྲེང་གླིང་བུ། (华达呢)ལ་རས་ཧོ་ཏཱ་ཉི། (激光)ལ་ཅི་ཀོང་གློག་འོད། (迪斯科)ལ་རྡི་སི་ཞབས་བྲོ་ཞེས་སྣོན་སྒྱུར་བྱེད་དགོས་པ་དང་། ད་དུང་དེང་དུས་དར་ཁྱབ་ཤིན་ཏུ་རྒྱ་ཆེ་བའི(卡拉0K)ཞེས་པ་འདི་གླུ་གཞས་ཀྱི་སྦྱིན་ཤོག་ཅིག་ཡིན་ན་དེ་ལ་ཡང་(卡拉0K)ཞེས་པའི་ཐོག་ཏུ་ད་དུང་གླུ་མཛོད་ཅེས་སྣྲའི་ཡིག་འབྲུ་གཉིས་སྣོན་སྒྱུར་བྱས་ཏེ(卡拉0K)གླུ་མཛོད་དང་། ཡང་ན་སྤྱོན་ཤོག་ཟེར་དགོས། དེ་ལྟར་བསྒྱུར་ན(卡拉0K)ཞེས་པའི་ཕྱི་དར་མིང་ཚིག་འདི་གོ་དོན་གང་ཡིན་མིན་གསལ་པོ་ཡོང་གི་རེད།   
           གོང་གསལ་གྱི་ཐ་སྙད་འདི་རིགས་ཡིག་སྒྱུར་བྱེད་སྟངས་ཐད་ལ་དཔེ་མཚོན་གྱི་སྒྱུར་སྟངས་སྐྱོན་ཅན་ཞིག་དྲངས་ཏེ་སྒྲ་སྒྱུར་ཆ་ཚང་སྟེང་དུ་དོན་སྒྱུར་ཁ་སྣོན་བྱེད་དགོས་པའི་གལ་ཆེའི་རང་བཞིན་གསལ་བཤད་བྱ་རྒྱུ་སྟེ《ཀྲུང་གོའེ་བོད་ལྗོངས》ཞེས་པའི་དུས་དེབ་ཅིག་གི་ནང་དུ་འགོ་བརྗོད་དོན་གྲུབ་དང་ཁོང་གི་ཝུ་ཧྲེ་ལིང་ཞེས་པའི་རྩོམ་ཡིག་ཅིག་འཁོད་འདུག སྐད་རིགས་གཞན་རྩ་བ་ནས་མི་ཤེས་པའི་བོད་མི་ཞིག་གིས་རྩོམ་ཡིག་དེའི་མགོ་བརྗོད་མཐོང་སྐབས་དོན་གྲུབ་ཅེས་པ་དེ་མིའི་མིང་ཡིན་པ་ཧ་གོ་རྒྱུ་བརྗོད་མེད་ལ། ཝུ་ཧྲོ་ལིང་ཞེས་པ་དེ་ཡང་སྙིང་ཤེས་བྱའི་བྱེ་བྲག་གང་ཞིག་ཡིན་མིན་རྟོགས་པ་ཤིན་ཏུ་དཀའ། དེས་ན་བོདརིགས་ཀློག་པ་པོ་ཁག་གཅིག་གིས་ཝུ་ཧྲི་ལིང་ཟེར་བ་འདི་ག་རེ་ཡིན་ནམ་ཞེས་ཕན་ཚུན་སྐད་ཆ་དྲི་རེས་བྱེད་ཀྱི་ཡོད། དོན་འདི་གོ་ཁག་པོ་དེ་འདྲ་ཞིག་ཆགས་པའི་རྒྱུ་རྐྱེན་གཙོ་བོ་ནི་མིང་གི་ཐ་སྙད་ཡིག་སྒྱུར་བྱེད་སྟངས་ཀྱི་སྐྱོན་ཆ་ཡིན་པ་མངོན་གསལ་རེད། གལ་སྲིད་མིང་དེ་ལ་སྒྲ་སྒྱུར་ཆ་ཚང་གི་སྟེང་དུ་དོན་སྒྱུར་ཁ་སྣོན་གྱི་ཐབས་ཤེས་སྤྱད་ནས་དོན་གྲུབ་དང་ཁོང་གི་རླངས་འཁོར་ཝུ་ཧྲི་ལིང་ཞེས་པ་ཞིག་ཏུ་བྱས་ན་སྐད་རིགས་གཞན་མི་ཤེས་པའི་བོད་རིགས་ཀློག་པ་པོ་ཞིག་གི་ཁ་བྱང་དེ་བལྟ་དུས་ཝུ་ཧྲི་ལིང་ཟེར་བ་དེ་རླངས་འཁོར་ཞིག་ཡིན་པ་ལམ་སེང་ཧ་གོ་ཐུབ།   
           གོང་གསལ་གྱི་མིང་གི་ཐ་སྙད་གྲུབ་ལུགས་ཐད་ལ《སྒྲ་སྦྱོར་བམ་གཉིས》ནང་དུ་གལ་ཏེ་མཉན་ཡོད་ཅེས་པ་ཞིག་ཡོད་པ་དང་དེའི་གོ་དོན་གྲོང་ཁྱེར་ཞིག་གི་མིང་ཡིན་ན། དེ་ལ་གྲོང་ཁྱེར་མཉན་ཡོད་ཅེས་སྣོན་སྒྱུར་བྱེད་དགོས་པ་དང་།  ཡང་དུ། ཨུ་དུམ་ལྦ་ར་ཞེས་པའི་ཐ་སྙད་འདི་མེ་ཏོག་ཅིག་གི་མིང་ཡིན་ན་དེ་ལ་ཨུ་དུམ་ལྦ་རའི་མེ་ཏོག་ཅེས་སྣོན་སྒྱུར་བྱེད་དགོས་པའི་དགོངས་པ་གསུངས་ཡོད། གལ་ཏེ་ཐ་སྙད་དེ་ཚོའི་ངོ་བོའི་རང་བཞིན་མཚོན་པའི་འགག་རྩའི་ཚིག་འབྲུ་དེ་ཚོ་སྣོན་སྒྱུར་མ་བྱས་ཚེ། མཉན་ཡོད་ཅེས་པ་དེ་ཏན་ཏན་གྲོང་ཁྱེར་ཡིན་པ་དང་། ཨུ་དུམ་ལྦ་ར་ཞེས་པ་དེ་ཏན་ཏན་མེ་ཏོག་ཡིན་པ་ཤེས་ཐུབ་པའི་ངེས་པ་མ་མཆིས། དེ་འདྲ་སོང་ཙང་། རྒྱལ་བའི་བཀའ་འགྱུར་གྱི《འདུལ་བ》པོ་ཏི་ད་པའི་ནང་འོ་མ་ལས་སྐྱེས་པའི་ཤིང་རྣམ་བཞི་ཞེས་པའི་ནང་ཨུ་དུམ་ལྦ་ར་ཞེས་པ་དེ་ཤིང་གི་རིགས་ཤིག་ཡིན་པ་གསུངས་ཤིང་། བོད་སྐད་དུ་བསྒྱུར་ན་བདུད་འཇོམ་ཤིང་ངམ་མཆོག་འཕགས་ཟེར། ཤིང་དེ་ལས་སྐྱེས་པའི་མེ་ཏོག་ཅིག་ལ་ཨུ་དུམ་ལྦ་རའི་མེ་ཏོག་ཟེར་བ་ཡིན། རྒྱུ་མཚན་དེ་ལ་བརྟེན་ནས། ཨུ་དུམ་ལྦ་ར་ཞེས་པ་དེ་ཤིང་ཡིན་པ་ལས་མེ་ཏོག་མིན། ཤིང་དེ་ལས་སྐྱེས་པའི་མེ་ཏོག་ལ་གཞི་ནས་ཨུ་དུམ་ལྦ་རའི་མེ་ཏོག་ཅེས་པའི་མིང་གི་ཐ་སྙད་འདོགས་དགོས།  གལ་ཏེ་ཨུ་དུམ་ལྦ་ར་ཞེས་པའི་ཐ་སྙད་འདི་གཅིག་པུར་བཞག་ན་ཤིང་དེའི་མིང་ཙམ་དུ་མ་གཏོགས་གོ་རྒྱུ་གཞན་མེད། དེའི་ཕྱིར་ལམ་རིམ་ཆེ་བའི་ནང་དུ་ཡང་། ཨུ་དུམ་ལྦ་རའི་མེ་ཏོག་བཞིན་དུ་ཤིན་ཏུ་དཀོན་ཅེས་པའི་མེ་ཏོག་གི་ཐ་སྙད་ཁ་སྣོན་བྱས་ཡོད་པ་ལྟ་བུའོ། །   
           དེ་བཞིན་དུ། རྒྱ་སྐད་ནས་བྱུང་བའི་ཐ་སྙད་འདི་ལྟ་བུ་ཞིག་དཔེར་བརྗོད་ཙམ་དུ་བཞག་ན། ཆིང་རྒྱལ་རབས་ཀྱི་ཨམ་པན་ཀྲང་དབྱིང་ཐང་གིས་བོད་ལ་ས་བོནའཁྱེར་ནས་བཏབ་པ་ལས་བྱུང་བའི་མེ་ཏོག་ཞིག་ལ་ཀྲང་ཏཱ་རེན་ཞེས་མིའི་མིང་མེ་ཏོག་གི་མིང་དུ་ཆགས་པ་དེ་སྐབས་དེའི་བོད་མི་ཁག་གཅིག་གིས་གོ་ཐུབ་ཀྱང་། བོད་མི་མང་ཆེ་བས་གོ་ཐུབ་པའི་ངེས་པ་མ་མཆིས། དེར་བརྟེན། གལ་སྲིད་ཀྲང་ཏཱ་རེན་ཞེས་པའི་ཆ་ཚང་སྒྲ་སྒྱུར་གྱི་མིང་ཚིག་དེའི་སྟེང་དུ་མེ་ཏོག་ཅེས་པའི་ཐ་སྙད་ཅིག་སྣོན་སྒྱུར་བྱས་ཚེ་བོད་མི་རྣམས་ཀྱི་རྣ་བར་གོ་དུས་མ་ཐར་ཡང་ཕྱི་དར་མིང་ཚིག་ཀྲང་ཏཱ་རེན་ཞེས་པ་དེ་མེ་ཏོག་ཅིག་གི་མིང་ཡིན་པ་ཚང་མས་གོ་ཐུབ་རྒྱུ་ཡིན་པ་གདོན་མི་ཟའོ། །   
           སྒྲ་སྒྱུར་ཆ་ཚང་གི་སྟེང་དུ་དོན་སྒྱུར་ཁ་སྣོན་བྱེད་པའི་ཐབས་ཤེས་འདི་ལ་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་ནས་ཀྱང་ཐུགས་མོས་ཆེན་པོ་གནང་གི་འདུག ཁོང་གིས། དཔེར་ན། མྱ་ངན་མེད་ཅེས་པའི་མིང་དེ་ལ་རང་རང་གི་ངོ་བོ་དང་རིགས་ཁོངས་གང་ཡིན་གྱི་ཁྱད་པར་མཆོན་ཐུབ་པའི་ཡིག་འབྲུ་ཞིག་མ་སྦྱར་བར་མྱ་ངན་མེད་ཅེས་པ་གཅིག་པུར་བཞག་ན་དེ་ཡང་སྙིང་ཤིང་མྱ་ངན་མེད་ཟེར་བ་ཡིན་ནམ། རྒྱལ་པོ་མྱ་ངན་མེད་ཟེར་བ་ཡིན་ནམ། ཡང་ན་དོན་གཞན་ཞིག་ལ་འཇུག་པ་ཡིན་ནམ། དེ་དོན་གང་ལ་གོ་དགོས་མིན་ཤེས་མི་ཐུབ་པའི་སྐྱོན་ཆ་ཡོང་གི་རེད་ཅེས་བཀའ་སློབ་གནང་ལགས།  
(《བོད་ལྗོངས་སློབ་ཆེན་རིག་དེབ་》1994ལོའི་དུས་དེབ་དང་པོའི་ཐོག་འཁོད།)