གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

གླིང་སྒྲུང་ལས་སྤྲུལ་སྒྱུར་གྱི་སྐོར་ལ་དཔྱད་པ།

སྤེལ་དུས 2018-09-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། གཅོད་པ་དོན་གྲུབ།
          དེ་ཡང་སྐྱེས་བུ་དམ་པ་གང་ཞིག་ལྐོག་གྱུར་གྱི་སྟོབས་ཤུགས་ལ་བརྟེན་ནས་དགོས་དབང་གིས་ཕྱི་རོལ་གྱི་སྲོག་ཆགས་སམ་སྐྱེ་དངོས་གང་རུང་བ་ཞིག་ལ་སྤྲུལ་བ་བསྒྱུར་ཏེ་ལས་དོན་མི་དམན་པའམ་ཁྱད་པར་ཅན་ཞིག་བསྒྲུབ་པར་སྤྲུལ་སྒྱུར་ཞེས་གོ་བ་ལེན་བཞིན་མཆིས།  སྤྲུལ་སྒྱུར་ལའང་འཇིག་རྟེན་གྱི་སྲོག་ཆགས་ཡོད་དོ་ཅོག་གམ་ཡང་ན་མཐོང་མ་མྱོང་བའི་དུད་འགྲོའི་ལུས་གཟུགས་གང་རུང་དུ་སྤྲུལ་ནས་གཞན་དོན་བསྒྲུབ་པ་དང་།  གཞན་ཡང་གང་ཟག་གང་ཞིག་གི་རྣམ་ཤེས་མི་འདྲ་བའི་གཤིན་པོའི་བེམ་པོ་གང་རུང་ཞིག་གི་ཁོག་ཏུ་ཞུགས་ནས་ལས་དོན་བསྒྲུབ་པ་དེ་གཉིས་སུ་དབྱེ་ཆོག  ཕྱི་མ་དེར་ཆོས་ལུགས་ཀྱི་གླེགས་བམ་དུ་འཕོ་བ་གྲོང་འཇུག་ཅེས་བརྗོད་ཀྱིན་འདུག  གང་ལྟར་ཀྱང་སྤྲུལ་སྒྱུར་ནི་གཉེན་ཕྱོགས་ཀྱི་མི་སྣ་འབའ་ཞིག་ལ་མཐུ་ནུས་ལྡན་པ་དང་དགྲ་ཕྱོགས་ཀྱི་མི་སྣར་མཐུ་ནུས་མེད་པ་ཞིག་མིན་ཏེ།  དེར་ཡང་གཉེན་ཕྱོགས་ཀྱི་སྐྱེས་བུར་རང་གི་སྲུང་མ་སྟེ་ཡུལ་ལྷ་གཞི་བདག་དང་དགྲ་ལྷ་ཝེར་མས་མགོན་སྐྱབས་མཛད་ནས་སྤྲུལ་སྒྱུར་གྱི་རྣམ་པ་གང་ཡང་སྟོན་ཐུབ་ལ།  དགྲ་ཕྱོགས་ཀྱི་མི་སྣས་ཀྱང་གདོན་སྲིན་མང་པོའི་རོགས་སྐྱོར་ལ་བརྟེན་ནས་ཆོ་འཕྲུལ་རྣམ་པ་སྣ་ཚོགས་སྟོན་ནུས་པ་ལགས།  དགྲ་གཉེན་གང་ཡིན་རུང་རང་གི་སྲུང་མ་སྟེ་ལྷ་ཀླུ་གཉན་གསུམ་དང་གདོན་སྲིན་གནས་བདག་སོགས་ཀྱི་རོགས་སྐྱོར་རམ་ལུང་བསྟན་དང་བྲལ་ན་སྤྲུལ་སྒྱུར་གྱི་མཐུ་ནུས་རང་བྱོན་ནམ་ལྷན་སྐྱེས་སུ་འབྱུང་བ་ཡོད་རེ་སྐན།  འདི་ནི་གླིང་སྒྲུང་ནང་གི་སྤྲུལ་སྒྱུར་གྱི་ཁྱད་ཆོས་གཙོ་བོའི་གྲས་ཡིན་པར་སྙམ།      
དང་པོ། དགྲ་གཉེན་གཉིས་ཀྱི་མི་སྣའི་སྤྲུལ་སྒྱུར་གྱི་ཁྱད་ཆོས།
          གླིང་གེ་སར་རྒྱལ་པོའི་སྒྲུང་འདིར་ཐོག་མཐའ་བར་གསུམ་དུ་དངོས་ཡོད་རིང་ལུགས་དང་རྟོག་པ་འཆར་ཡན་རིང་ལུགས་ཟུང་འབྲེལ་གྱི་རྩོམ་སྟངས་སྤྱད་ཡོད།  སྒྲུང་དཔེ་རུ་སྤྲུལ་སྒྱུར་བྱེད་པའི་དགྲ་གཉེན་ཕྱོགས་གཉིས་ཀྱི་མི་སྣ་གང་ཡིན་ཡང་དངོས་ཡོད་འཚོ་བའི་ནང་གནས་པའི་ཤ་ཁྲག་གཉིས་ལྡན་གྱི་གང་ཟག་ཡིན་ལ།  ཁོ་ཚོར་ཕལ་ཆེར་ལྷ་འདྲེ་དང་འབྲེལ་འདྲིས་བྱེད་ཐུབ་པའི་ནུས་མཐུ་ཁྱད་པར་ཅན་རེ་ཡོད་པ་རེད།  ཁྱད་པར་དུ་གླིང་རྗེ་གེ་སར་རྒྱལ་པོ་གཙོ་བྱས་པའི་དགྲ་གཉེན་གྱི་མི་སྣ་ཉུང་ཤས་ཤིག་སྤྲུལ་སྒྱུར་ལ་ཐོགས་པ་མེད་པ་ལས་གཞན་ཁོང་རྣམས་ཀྱི་འཁོར་གསུམ་ལའང་སྤྲུལ་སྒྱུར་གྱི་ནུས་མཐུ་ལྡན་ཏེ། མི་ལ་རོགས་འདེགས་ཆེན་པོ་བྱེད་ཐུབ་པས།  ཀློག་པ་པོ་རྣམས་ཀྱི་སེམས་ཀྱང་སྤྲོ་ཉམས་རྣམ་པར་ཁེངས་པའི་དགའ་སྐྱིད་ཀྱི་ཞིང་ཁམས་ཤིག་ལ་ངང་ངམ་ཤུགས་ཀྱིས་དྲངས་པའི་སྣང་བ་ཞིག་འགོག་མེད་དུ་སྐྱེས་སུ་འཇུག་ཐུབ་པ་ལགས། ཁྱད་པར་དུ་གླིང་རྗེ་གེ་སར་རྒྱལ་པོ།  སྟག་རོང་དཔོན་པོ་ཁྲོ་ཐུང་།  འཇང་ས་དམ་རྒྱལ་པོ། མོན་ཤིང་ཁྲི་རྒྱལ་པོ། ཕུ་བོ་གཡག་རྒྱལ་ཐོད་དཀར་ལ་སོགས་པའི་སྤྲུལ་སྒྱུར་ལ་ཁྱད་ཆོས་སམ་ནུས་ཤུགས་ཤིན་ཏུ་ལྡན་པ་རེད།  དཔེར་ན།  《འཇང་གླིང་གཡུལ་འགྱེད་》ལས།  རྒྱལ་པོ་ཉིད་ལྕགས་ཀྱི་སྦྲང་ཆུང་གཟུགས་མངོན་པ་ཙམ།  གཤོག་པ་སྲབ་པ་ཞིག་ཏུ་སྤྲུལ་ནས་འཕུར་བྱོན་ཏེ།  འཇང་རྒྱལ་པོའི་འགྲམ་དུ་ཕེབས་ནས་ས་དམ་འདུལ་ཐབས་ཅི་དྲག་དགོངས་པའི་ཚེ།  མཚོ་སྨན་དེའང་དཀར་ཕྱོགས་ལ་དགའ་བས་རྒྱལ་པོའི་དགྲ་འདུལ་གྲོགས་ལ་དེ་སྔ་ཞལ་བཞེས་ཡོད་པ་བཞིན་གེ་སར་ཕེབས་པ་ཤེས་ཏེ། ཁྲུས་ཀྱི་རྫིང་བུ་མྱུར་སྟབས་སུ་འཁྲུགས་སུ་བཅུག་པས། འཇང་རྒྱལ་པོ་ཁོ་ཡང་ཐེ་ཚོམ་མེད་པར་ཁྲུས་སུ་ཞུགས་ནས་ཧུབ་གསུམ་འཐུངས་པའི་དང་པོ་དེར་སྦྲང་བུ་མ་ཚུད།  བར་པ་དང་བསྡེབས་ནས་སྦྲང་བུ་དེ་ཚུད་པས་གེ་སར་ཉིད་བདུད་དེའི་ཁོག་པར་ཕེབས་ཏེ་སླར་ཡང་ལྕགས་ཀྱི་སྤུ་གྲི་གདོང་ཁ་རེག་གཅོད་ཟེར་བར་སྤྲུལ་ནས་ལན་འགའ་དཀྲུགས་པ་ན། རྒྱལ་པོ་ས་དམ་དེ་ནད་གདོན་གྱིས་ཐེབས་པ་ལྟ་བུས་ཡར་ལངས།  མར་ཉལ། འགྲེ་ལྡོག་གི་ངང་དུ་ཡོད་སྐབས།  སྐུ་ལ་ནད་ཀྱི་ནོན་པ་ཅི་བྱུང་ཟེར་ཏེ་འདྲི་བའི་ཚུལ་བྱས་ཀྱང་།  རྒྱལ་པོ་ས་དམ་གྱིས་གསུང་ལན་འཇལ་མ་ཐུབ་རུང་། ཐུགས་ལ་མ་ངན་འགོག་ཚའི་འཕྲུལ་བྱུང་དགོངས་ཤིང་། གླིང་ཕྱོགས་སུ་མིག་ཧྲིག་ཧྲིག་དང་མཛུབ་མོ་སྟོན་པའི་སྐབས་དེར། སྤུ་གྲི་དེས་སྙིང་དཀར་ནག་མཚམས་སུ་དཀྲུགས་པས་ཐུལ་ལོ།  །ཞེས་པ་ལས་འཇང་ས་དམ་རྒྱལ་པོ་དེ་ནི་གཟུགས་ཆེ་ཞིང་འཇིགས་སུ་རུང་བ། རྐང་པ་བསྲིངས་ན་རྒྱ་ནག་ལ་སླེབ་ཐུབ་པ། ལག་པ་བསྲིངས་ན་རྒྱ་གར་ལ་སླེབ་ཐུབ་པ།  མཚོ་ཆེན་པོ་ཡིན་ཡང་ཧུབ་གསུམ་གྱིས་ཚར་ནུས་པའི་སྤྲུལ་སྒྱུར་ལ་མངའ་བརྙེས་པ་ཞིག་ཡིན་པ་ཤེས་ཐུབ་ཅིང་།  གླིང་སེང་ཆེན་རྒྱལ་པོ་ཡང་སྤྲུལ་སྒྱུར་ལ་ཐོགས་པ་མེད་པས།  ཁྲུས་བྱེད་པའི་གླགས་དང་བསྟུན་ནས་ཁོང་རང་སྦྲང་མར་སྤྲུལ་ཏེ།  ཁོག་པར་ཞུགས་མ་ཐག་ཡང་ལྕགས་ཀྱི་སྤུ་གྲི་ཞིག་ཏུ་སྤྲུལ་ནས་བདུད་རྒན་དེ་ཕྱི་མའི་ཡུལ་དུ་བརྫངས་པ་ལྟ་བུའོ།  །ཡང་《ཧོར་གླིང་གཡུལ་འགྱེད་)ལས།  མི་དེ་ལ་འགྲན་ཡ་འཛུགས་དོན་མེད། །མི་དེ་ལ་འགྲན་ཡ་བཙུགས་པ་ན། །ཁོས་མེ་ལོང་ནང་ནས་མེ་གཅིག་འབུད། །རལ་གྲིའི་ཁ་ནས་རྟ་རྒྱུག་བྱེད། །མདུང་མོའི་རྩེ་ནས་བྲོ་གཅིག་འཁྲབ། །རྒྱ་ཁབ་སྟེང་ནས་གར་གཅིག་བསྒྱུར།  །ཞེས་པ་དང་།  དེ་ལས་གཞན་ད་དུང་གཏམ་རྒྱུད་འདི་འདྲ་ཞིག་ཀྱང་བཀོད་འདུག་སྟེ།  དེ་ནས་ཉིན་ཞིག་སྐུ་རྗེ་སེང་ཆེན་རྒྱལ་པོ་དེ་ཉིད་འཇང་གི་མོ་མ་ཀུན་ཤེས་དཔོན་གཡོག་ཏུ་སྤྲུལ་ནས་ཧོར་ཡུལ་ལ་ཕེབས་ཏེ། འཇང་ནག་པོའི་སྨྱུག་ཞུ་མགོ་ལ་གྱོན། རས་ནག་པོའི་གོས་ལྭ་ལུས་ལ་གྱོན། མི་ལ་འདྲི་མཁས་པ། རང་གིས་བཤད་ཤེས་པ། མོ་ཡིག་མང་པོ་དྲེལ་ལ་བཀལ་བ།  སྔར་སོང་མངོན་ཤེས་འཕྲུལ་གྱིས་བཤད་པ།  ཕྱི་འོང་ལུང་བསྟན་ཡི་གེར་འབྲི་བ། ད་ལྟ་ཅི་འོང་ཐིག་ལ་འདེབས་པ། མངོན་ཤེས་ལ་ཐོགས་པ་མེད་པ་རྒྱུས་ཡོད་བརྒྱ་བས་རྒྱུས་ཞིབ་པ། ངོ་ཤེས་བརྒྱ་བས་རྟགས་ཆེ་བ། བུ་ཆུང་བརྒྱ་བས་མིག་རྣོ་བ་ཞིག་ཏུ་ཨ་ཆེན་ངོམ་ཐང་སྐྱ་མོའི་ནག་པོ་ལྕགས་རྫོང་བར་མའི་སྒོ་ལ་ཕྱིན་ནོ།  །དེ་ནི་མི་སུས་བལྟས་ན་ཡང་ཁུངས་བཙུན་པ།  རྗེས་ཐུབ་པ་ཞིག་འདུག་ཟེར་བའི་སྐད་ཆ་དེ་ཡང་རྩེ་དཀར་མོའི་རྩེ་སྟོང་གི་ནང་ནས་ཐོས།   ཞེས་པ་ལས་ཨ་ཆེན་ཧོར་དུ་བསྐྱོད་པའི་དུས་སུ་གེ་སར་མཆོག་སྤྲུལ་པ་བསྒྱུར་ནས་འཇང་གི་སྨྱུག་ཞུ་མགོ་ལ་གྱོན་པ་དང་རས་ནག་པོའི་གོས་ལྭ་ལུས་ལ་གྱོན་ཞིང་། མོ་མའི་ཁྱད་ཆོས་ལྟར་དུ་མི་ལ་འདྲི་མཁས་པ། རང་གིས་བཤད་ཤེས་པ།  མངོན་ཤེས་ལ་ཐོགས་པ་མེད་པ།  སུས་བལྟས་ཀྱང་མོ་མ་ཀུན་ཤེས་ཉིད་དངོས་སུ་སླེབས་པ་ལྟར་མངོན་ཞིང་དགར་དཀའ་བའི་གནས་སུ་གྱུར་འདུག་པ་འདི་ནི་ཁོང་གི་སྤྲུལ་སྒྱུར་གྱི་ཆུ་ཚད་ཤིན་ཏུ་མཐོན་པོར་སླེབས་པའི་མངོན་རྟགས་ཡིན་ཞིང་། ཁོང་གིས་སྤྲུལ་སྒྱུར་གྱི་མཐུ་དང་ནུས་པར་བརྟེན་ནས་མ་རུངས་དགྲ་བགེགས་ལོག་འདྲེན་རྣམས་ཆམ་ལ་ཕབ་པ་ལས་གཞན་ད་དུང་གེ་སར་མཆོག་ལ་གཞན་དང་མི་མཚུངས་པའི་སྤྲུལ་སྒྱུར་གྱི་དྲག་རྩལ་ཏེ། རལ་གྲིའི་ཁ་ནས་རྟ་རྒྱུག་ཐུབ་པ་དང་། མདུང་མོའི་རྩེ་ནས་བྲོ་འཁྲབ་ཐུབ་པ། ཐབས་དང་ཤེས་རབ་གློག་དང་འདྲ་བ།   ལས་མྱུར་བ་བསེར་མ་རླུང་དང་འདྲ་བ་ཞེས་རབ་རྟོག་གི་ལམ་ནས་གསལ་བོར་བརྗོད་འདུག་པ་ལས་གེ་སར་མཆོག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་ཚད་ཕྱིར་མངོན་པར་བྱས་སོ། །  
          གཞན་ཡང་གླིང་སྒྲུང་གི་མགོ་རྔ་བར་གསུམ་དུ་མེད་མི་རུང་བའི་གླིང་གེ་སར་རྒྱལ་པོའི་ཨ་ཁུ། སྟག་རོང་ཤོག་ཆེན་བཅོ་བརྒྱད་ཀྱི་མངའ་བདག་གླིང་སྟག་རོང་དཔོན་པོ་ཁྲོ་རྒྱལ་གྱི་སྤྲུལ་སྒྱུར་ལའང་གཞན་དང་མི་མཚུངས་པའི་ཁྱད་ཆོས་ཡོད་དེ། དཔེར་ན།  (བྷེ་གླིང་གཡུལ་འགྱེད་)དུ། དེའི་ཚེ་སྟག་རོང་ཁྲོ་ཐུང་གིས་ད་ནི་རྫུ་འཕྲུལ་ཞིག་མ་བསྟན་ན་མི་ཐུབ་ཐག་གིས་ཆོད་དགོངས་ནས་དེ་མ་ཐག་འབྲོང་གཡག་རི་རབ་ཙམ་ཞིག་ཏུ་སྤྲུལ་ནས་གབ་རྩེ་སོགས་མི་ལྔ་རྐང་ཞབས་སུ་སྦས། གཡག་རྭ་འདོམ་བརྒྱད་ཅུ་ལས་མེ་ལྕེ་དམར་ཧང་ཧང་བྱེད་པ། ལུས་ན་ཡང་རྡོ་རྗེའི་མེ་དཔུང་རབ་ཏུ་འབར་བ།  ཁ་ནས་སྒྲ་སྒྲོག་པའི་ངུར་སྐད་འབྲུག་བརྒྱ་དུས་གཅིག་ལྡིར་བ་ལྟ་བུ། རྐང་ལག་གིས་ས་ལ་བརྡབས་ཚེ་དེ་མ་ཐག་གནམ་ས་འདར་ཤིག་ཤིག་ཙམ་དུ་བྱས་པ་ན།  བྷེ་དམག་གང་མང་ཧ་ལས་ནས་ཅི་བྱ་གཏོལ་མེད་དུ་གྱུར་པའི་དུས་སུ།  དེའི་ནང་ནས་བྷེ་དཔོན་ཐོག་ལྷས་ཐེ་ཚོམ་སྤུ་ཙམ་ཡང་མི་བྱེད་པར་གྲི་བཏོན་ནས་སྤྲུལ་པའི་གཡག་རྒོད་སྟེང་དུ་མཆོངས་པ་ན་གཡག་རྒོད་དེས་ཁྲོས་པའི་རྣམ་འགྱུར་ཞིག་བསྟན་ནས་རྭ་གཡུག་གཅིག་གིས་ཐོག་ལྷ་དཔག་ཚད་ཅིག་གི་བར་སྣང་ལ་གཡུགས་ཏེ་ས་ལ་འགྱེལ། ཞེས་པ་ལས།  ཁྲོ་ཐུང་སྤྲུལ་སྒྱུར་བྱས་པའི་འབྲོང་གཡག་གི་གཟུགས་བརྙན་གཞན་དང་མི་མཚུངས་པ་རྭ་འདོམ་བརྒྱད་ཅུ་ལས་མེ་འབར་བ། ལུས་ན་རྡོ་རྗེའི་མེ་དཔུང་འབར་བ།  རྐང་ལག་གིས་ས་བརྡབས་ཚེ་གནམ་ས་ཁ་ལོ་བསྒྱུར་བ་ལྟ་བུའི་སྣང་ཚུལ་ཞིག་སྟེར་བ་སྟེ།  ཁྲོ་ཐུང་གི་སྤྲུལ་པ་འདིར་ཡང་རྟོག་པ་འཆར་ཡན་རིང་ལུགས་ཀྱི་རྩོམ་རིག་གི་འབྲི་ཐབས་སྤྱད་པའི་དབང་གིས་འབྲོང་གཡག་ཕལ་བའི་ཚད་ལས་བརྒལ་ཐུབ་པའི་གཟུགས་བརྙན་ཞིག་བཞེངས་འདུག  གལ་སྲིད་བྷེ་རའི་དམག་དཔོན་ཐོག་ལྷ་ཕམ་པར་བཟོ་བའི་དབང་ཐང་ཁྲོ་ཐུང་ལ་ཡོད་ཀྱང་། འབྲོང་གཡག་འཇིགས་རུང་ཞིག་ཏུ་མ་སྤྲུལ་ན་ཁོ་རྨེག་མེད་བཟོ་ཐུབ་པའི་ངེས་པ་ཡེ་ནས་མེད་པ་དེའོ། །    
          གཞན་ཡང་མོན་ཤིང་ཁྲི་རྒྱལ་པོ་ལ་ཡང་སྤྲུལ་སྒྱུར་གྱི་མཛད་པ་མང་པོ་འདུག་སྟེ། དཔེར་ན། 《མོན་གླིང་གཡུལ་འགྱེད་》དུ། ཤིང་ཁྲི་རྒྱལ་པོས་ལྷ་ཆེན་ལ་གསོལ་བ་དྲག་ཏུ་བཏབ་པས། ནམ་མཁའ་ཆོས་ཉིད་ཀྱི་ཕོ་བྲང་ནས། བདུད་ཀྱི་དམུ་སྐས་འཇིགས་སུ་རུང་བ་ཞིག་མཁར་ཐོག་ལ་ཟུག་སྟེ། ཤིང་ཁྲི་རྒྱལ་པོས་འཁོར་གསུམ་ལུས་ལ་བསྐོར་ཞིང་། དཔའ་བརྗིད་ཡིད་དུ་འོང་བ་ཞིག་བྱས་ནས་ནམ་མཁའ་ལ་ཤོར་བས་ཞེས་དང་།  ཡང་ཤིང་ཁྲི་རྒྱལ་པོ་དེས་དམུ་སྐས་ཐེམ་པ་བཅུའི་གོང་ནས། ལྕགས་གཞུ་ནག་པོ་ཐོག་འབེབས་ཀྱི་སྟེང་ལ། དུག་མདའ་ཧ་ལ་འབར་བ་བཞག་ནས་འཕངས་པས། འཛམ་གླིང་སེང་ཆེན་རྒྱལ་པོ་ཁོང་། ལྷ་དམག་བྱེ་བ་ས་ཡས་བསྐོར་ཅིང་སྦྲང་མ་རྩི་ལ་རུབ་པ་བཞིན་དུ་ཡོད་པས། མདུན་གྱི་ལྷ་དམག་ཁ་ཤས་ཐོར་བ་ཙམ་ལས་སྐུའི་ཟིལ་འོད་ཀྱིས་མདའ་ཡིས་གནོད་མ་ནུས་ནའང་། དུག་རླངས་ཀྱིས་ཉི་ཟླ་གཟའ་ཡིས་སྒྲིབ་པ་ལྟར་བྱུང་ངོ་། །དེར་རྒྱལ་པོས་མདའ་འཕངས་པས་ལྷ་ཀླུ་གཉན་གསུམ་གྱིས་མདེའུ་སྣེ་དྲངས་ཏེ་མེ་ལྕེ་སེར་རྒོད་གློག་གསུམ་གྱིས་གང་སྟེ། ཁོ་ཡི་བྲང་སྟོད་དུ་མེ་ལོང་ཕུབ་ཙམ་ཞིག་ཡོད་པ་དེ་ལ་ཐེབས་ནས་སིང་སྒྲ་དང་བཅས་ཏེ་གཏོར་ནས།  ཁོ་ཡི་ལུས་དེ་ཕུབ་མ་རླུང་གིས་གཏོར་བ་བཞིན་དུ་སོང་།  དངོས་ཡོད་ཁྲབ་རྨོག་ཤ་རུས་དུམ་བུ་རྣམས་རྫོང་མཁར་གྱི་མེ་ནང་དུ་ལྷུང་།  དེར་རྒྱལ་པོས་རྫོང་མཁར་གྱི་མེ་འོབས་དེ་བདེ་མཆོག་གི་དཀྱིལ་འཁོར་དུ་བཞེངས་ཏེ་ཁོ་མེ་ལ་བསྲེགས་ནས་རྣམ་ཤེས་ཤར་རི་བོ་ཏ་ལའི་ཞིང་ཁམས་ལ་དྲངས་སོ། །ཞེས་པ་ལས་མོན་ཤིང་ཁྲི་རྒྱལ་པོ་ཡང་མི་ཕལ་བ་དང་མི་མཚུངས་པར་སྤྲུལ་སྒྱུར་མང་པོ་ཡོད་པ་དང་། ཁྱད་པར་དུ་མཐོ་ནམ་མཁའི་དབྱིངས་ལ་ཅི་དགར་གཤེགས་བཞུད་བྱེད་ནུས་པའི་སྤྲུལ་སྒྱུར་གྱི་གདམས་པ་ཡ་མཚན་པ་ཞིག་ཡོད་པ་བསྟན་ཡོད།  ཡང་《བྱེ་རིའི་བྱུར་རྫོང་》ལས།  ཡང་ཉི་མ་དེའི་ཕྱི་ཉིན་ནམ་ལངས་པའི་དུས་སུ་ཕུ་གངས་རི་ཤེལ་རྫོང་དཀར་མོ་ནས། ཕུ་བོ་གཡག་རྒྱལ་ཐོད་དཀར་གྱི་བསམ་པ་ལ། དེ་རིང་འཕྲུལ་ཞིག་མ་བསྟན་ན་དཔའ་རྟུལ་ཚོར་འགྲན་ཡ་མི་ནུས།  རྒྱལ་པོ་གེ་སར་ཁོ་རང་ཡང་སླེབས་ཡོང་བ་འདྲ་བས་ཡང་དག་སུ་རེད་བལྟས་ཆོག་སྙམ་ནས།  རི་མཐོ་གསུམ་རྩེ་ལ་ཉི་མ་ཤར་བའི་དུས་དེར། སྐད་ཅིག་ཉིད་ལ་ན་བ་ལྕམ་ཐང་གི་གད་པ་གཡག་འདྲའི་ཟུར་ལ་སོང་སྟེ། ལྷ་གཡག་དཀར་པོ་རི་རབ་ཙམ་གནམ་ལྕགས་ཀྱི་རུ་ཐུར་འདོམ་དགུ་བཅུ་ཡོད་པ།  དེའི་རྩེ་མོ་ན་མེ་བོང་བ་ཙམ་མཆེད་ཅིང་དུག་གི་ཁ་རླངས་སྨུག་པ་ལྟར་འཁྲིགས་ལ་ནད་ཀྱི་དལ་ཡམས་ཆར་ལྟར་འབབ་པ།  རྔ་འཕྲུ་དཀར་པོ་སྤྲུགས་ན་དེ་བས་འབབ་ཅིང་ཐོག་མདའ་ལྷུང་བ་ཞིག་བྱས་ནས་བསྡད་དོ། །ཞེས་དང་།   
          ཡང་ཉིན་དེར་གླིང་ཕྱོགས་ཀྱི་རུ་འདྲེན་གཡས་རུ་ཡིན་ཀྱང་།  རྒྱལ་པོ་ཆེན་པོའི་བཀའ་ལས་དེ་རིང་རུ་འདྲེན་ལ་གཡོན་རུ་དགོས་གསུངས་པས།   འཇང་གཡུ་ཁྲི་དཔོན་པོ། རྨ་ཉིན་རྫོང་དཔོན་པོ་ལྷ་ཀླུ། འབྲུ་ལྷ་བུ་བསམ་གྲུབ། དཔའ་ཚ་ཞང་འདན་མ་བྱང་ཁྲ་བཅས་དཔའ་རྟུལ་རྣམས་ཀྱིས་རུ་སྣ་དྲངས་ཤིང་བཤར་ནས་ལྕམ་ཐང་གད་པ་ཟིན་ཙམ་ན་ཁོར་ཡུག་ཐམས་ཅད་དུག་རླངས་ཀྱིས་བསྒྲིབས་ཤིང་ལམ་མི་ཟིན་པར་གྱུར་ལ་བར་སྣང་ནས་ཀྱང་ཐོག་སེར་དུ་མ་མེ་ལྕེ་ཚ་ཚ་འཕྲོ་ཞིང་འདུག་པས།  དཔའ་རྟུལ་ཚོ་འགྲོ་མི་ཕོད་པར་རུ་སྣེ་ཁྲིག་གེར་བསྡད།  སྐབས་དེར་དཔོན་པོ་ཁྲོ་ཐུང་གིས་ཆོ་འཕྲུལ་ཡིན་པར་དགོངས་ནས་རླུང་གི་འཁོར་ལོ་བསྐོར་ཏེ་ནམ་མཁའི་གཡའ་དག་པ་ན་གཟུགས་བརྙན་གཡག་དཀར་པོ་རི་རབ་འདྲ་བ་དེ་མཐོང་བྱུང་བས།  དཔའ་རྟུལ་རྣམས་ཀྱིས་མདའ་སྟག་དོང་གང་རེ་བརྒྱབ་ཀྱང་གནོད་མ་ཐུབ་པར་ལམ་སྔར་ལྟར་བཀག་ནས་འདུག་གོ། དུས་དེར་རྒྱལ་པོ་ཉིད་ཀྱིས་དགྲ་ལྷའི་ཐོག་ཚང་ནས་ཐོག་སེར་མཛུབ་ཁྲིད་མཛད་ཀྱང་གཡག་རྒོད་ཀྱིས་ཐོག་མ་བླངས།  ཡང་རྒྱལ་པོ་ཆེན་པོ་ཉིད་དེ་འབྲོང་གཡག་ཁམ་པ་དབུས་ཀྱི་རི་བོ་མཆོག་རབ་ཙམ་ལྕགས་ཀྱི་རུ་ཐུར་འདོམ་དགུ་བརྒྱ་ཡོད་པ་ཁ་ན་མེ་འབར་བ་སྣ་ན་དུ་བ་འཕྱུར་བ།  རྨིག་བཞི་ལ་མེ་རླུང་སྟོབས་འཕྲུལ་གྱིས་ས་གཞི་གང་བ་ཞིག་ཏུ་སྤྲུལ་ནས་འབྲོང་དེ་ལ་རྭ་འཐབ་བྱས་པ་ན་ཐལ་འཚུབ་ཉི་མ་སྒྲིབ་པ་ཙམ་དུ་གྱུར་ནས།  ཡུད་ཙམ་འགོར་བའི་སྐབས་དེར་གེ་སར་གྱིས་སྤྲུལ་པའི་འབྲོང་དེ་རྒྱལ། གཡག་རྒྱལ་ཐོད་དཀར་ཕམ་ནས་རྭ་དྲུད་ཀྱིས་དོང་བས་གླིང་དམག་རྣམས་ཀྱིས་ཀི་བསྭོ་བཏབ།  གེ་སར་གྱིས་སྤྲུལ་པའི་འབྲོང་དེས་གཡག་རྒྱལ་གར་སོང་གི་རྗེས་དེད་པ་ན་གངས་རི་ཤེལ་རྫོང་གི་ལོགས་སུ་གར་སོང་མ་སྣང་བས་ཡུད་ཙམ་བཞུགས་པའི་དུས་སུ་ཐོག་མདེའུ་ཙམ་བཅོ་བརྒྱད་འཕངས་བྱུང་ཡང་རྒྱལ་པོ་ཉིད་ཀྱིས་སྟོང་ཉིད་རྟོགས་པས་གནོད་མ་ཐུབ། དེ་ནས་རྒྱལ་པོ་ཁོང་རྫུ་འཕྲུལ་གྱིས་གངས་རྫོང་དུ་ཕེབས་པ་ན་ཁོས་ཟངས་སྒམ་ཞིག་གི་ནང་ནས་ལྕགས་ཀྱི་མདའ་གཞུ་ལེན་གྱིན་ཡོད་པ་མཐོང་བས་ཕྱག་གཡོན་པས་དམ་པོར་བཟུང་ཞིང་གཡས་པས་གྲི་བཏོན་མ་ཐག་རླུང་ལྟར་མི་སྣང་བར་གྱུར་ལ།  ཤུལ་དུ་སྦྲུལ་ཞིག་འདུག་པ་དེའང་གནས་འཕོས་ནས་སོང་ལ་ལྷ་འདྲེ་རྣམས་ཀྱང་དེངས་ནས་སོང་།  དེ་ནས་རྒྱལ་པོ་ཉིད་ཀྱིས་ལྷ་འདྲེའི་དངོས་རྫས་སོགས་ཁྱེར་ནས་མར་ཙམ་ཕེབས་ཏེ་གཡག་རྒྱལ་དེ་གར་སོང་དགོངས་ནས་ཐུགས་མཉམ་པར་བཞག་པ་ན།  ན་བ་ལྕམ་ཐང་གི་གཡོན་ཟུར་གྱི་ཕ་བོང་ཞིག་གི་སྟེང་ན་བྱ་ཁྲ་ཞིག་ཏུ་སྤྲུལ་ཏེ་གླིང་དམག་ལ་བལྟས་ནས་འདུག་པས།  རྒྱལ་པོ་ཉིད་དེ་མ་ཐག་བྱ་ནེ་ལེ་ཞིག་ཏུ་སྤྲུལ་ནས་སོང་བ་ན་བྱ་སྒྲོ་ཙམ་ཡང་མི་སྣང་། དེ་ནས་མར་ཙམ་ཕེབས་ཏེ་ལྕམ་ལུང་བྲག་གི་རྩ་བ་ནས་སྐུ་ངལ་ཅུང་ཙམ་གསོས་ནས་བཞུགས་ཡོད་སྐབས།  ཁོས་ལྕགས་ཀྱི་ཕ་བོང་གུར་འདྲ་ཞིག་འཕངས་པས་དབུ་ལ་ཕོག་ནས་ཡུད་ཙམ་བརྒྱལ་བ་ལས་གནོད་མ་ཐུབ། ཡང་ཁྲབ་རྨོག་གྱོན་ཏེ་གྲི་ཕྱར་ནས་བཅར་བྱུང་བར་རྒྱལ་པོས་ཀྱང་རལ་གྲི་བཏབ་པས་ཁོས་གྲི་ངོ་མ་ལོན་པར་ཕུགས་སྒོ་ནས་བྲོས།   དུས་དེར་དགྲ་ལྷ་ཝེར་མ་རྣམས་ཀྱིས་གནམ་ལྕགས་ཀྱི་ཏི་ཚ་འཕངས་ཀྱང་ཁོའི་ཁྲབ་རྒྱུན་སིལ་ལེར་གཏོར་བ་ལས་གནོད་མ་ཐུབ། ཡང་གསའ་ཞིག་ལ་སྤྲུལ་ནས་རྫ་གསེང་དུ་འཛུལ་སོང་བར་དགྲ་ལྷ་ཝེར་མ་རྣམས་ཀྱིས་ཐོག་སེར་བཅུ་གསུམ་འཕངས་ཏེ་རི་བྲག་རྩ་བརླགས་བྱས་ཀྱང་གྲ་གཞོབ་པ་ཙམ་ལས་མ་གནོད།   ཡང་གར་སོང་གཟིགས་ཚེ་མི་རྒོད་སྟོབས་ཆེན་ཞིག་ཏུ་སྤྲུལ་ནས་རྒྱབ་རི་དེར་རྡོག་པ་གཏད་ནས་ཐལ་འཚུབ་ཕྱུར་རེ་འདུག་པ་མཐོང་བས་དེ་མ་ཐག་ཁོའི་རྒྱབ་ཀྱི་གངས་རི་རྩེ་བརྒྱད་དེ་ལ་རྡོག་ཐོ་བརྒྱབ་ནས་བསྙིལ་ཏེ་གནམ་ས་སྟེང་འོག་བརྗེ་བ་ལྟར་སོང་བས་ཁོ་དངངས་སྐྲག་གིས་ཡུད་ཙམ་བརྒྱལ་ཡང་།   རྒྱལ་པོ་གེ་སར་མྱུར་བར་ཕེབས་ཚེ་ཡང་མི་སྣང་བར་གྱུར། ཅེས་ལྷ་གཡག་དཀར་པོ་རི་རབ་འདྲ་བ་ཞིག་གིས་འགྲོ་ལམ་བཀག་པ།   དུག་རླངས་ཀྱིས་ནམ་མཁའ་བསྒྲིབས་ཤིང་ཐོག་སེར་གྱི་མེ་ལྕེ་འཕྲོ་བ།   རུ་ཐུར་ལ་འདོམ་དགུ་བཅུ་ཡོད་པ། རྭ་ཡི་རྩེ་མོ་ནས་མེ་བོང་བ་ཙམ་མཆེད་པ་བཅས་དང་།  རིམ་བཞིན་སྦྲུལ། བྱ་ཁྲ། གསའ། མི་རྒོད་སྟོབས་ཆེན་ལ་སོགས་པའི་སྤྲུལ་སྒྱུར་ལན་གྲངས་བཅུ་བདུན་བྱས་ཏེ་གླིང་གེ་སར་རྒྱལ་པོ་ཡང་འུ་ཐུག་ཐབས་ཟད་དུ་གྱུར་པའི་སྣང་བརྙན་བཀོད་ཡོད་ལ།  ལྷག་པར་དུ་དགྲ་ཕྱོགས་ཀྱིས་འདི་འདྲའི་སྤྲུལ་སྒྱུར་ཐེངས་མང་མཛད་པ་མིག་སྔར་པར་སྐྲུན་བྱས་ཟིན་པའི་སྒྲུང་དཔེ་ལས་ཤིན་ཏུ་མཐོང་དཀོན་པ་དང་།  མི་རིགས་གཞན་གྱི་བརྩམས་ཆོས་ལས་དེ་བས་ཀྱང་ཉིན་མོའི་སྐར་མ་བཞིན་དུ་མཐོང་དཀོན་པ་ལགས།  འདིས་སྒྲུང་གཏམ་གྱི་རིན་ཐང་དང་ཉམས་འགྱུར་ལྡབ་འགྱུར་གྱིས་ཇེ་ལེགས་སུ་བཏང་འདུག་གོ།    
གཉིས་པ། དུད་འགྲོ་རྟ་དང་འདབ་ཆགས་བྱ་སོགས་ཀྱི་སྤྲུལ་སྒྱུར་གྱི་མཐུ་ནུས།
          གླིང་གེ་སར་རྒྱལ་པོའི་སྒྲུང་གི་ནང་དུ་དུད་འགྲོ་རྟ་དང་འདབ་ཆགས་བྱ་སོགས་ཀྱིས་ཀྱང་སྤྲུལ་སྒྱུར་གྱིས་མི་དོན་སྒྲུབ་ཐུབ་པར་མ་ཟད། ཉག་ཕྲན་མདའ་དང་གནམ་རུ་གཞུ་སོགས་ཀྱིས་ཡང་སྤྲུལ་སྒྱུར་བྱེད་ཐུབ་པ་རེད། ཁོ་ཚོའི་ཤུགས་ལ་བརྟེན་ནས་འཕྲིན་གསར་བསྐྱལ་བ་དང་ལས་དོན་སྒྲུབ་པའི་གནས་ཚུལ་རྒྱུན་དུ་མཐོང་ཐུབ། དཔེར་ན། 《ཧོར་གླིང་གཡུལ་འགྱེད་》དུ། ངའི་ཕ་རྟ་གནམ་གྱི་གྱི་ལིང་ལ། །མ་རྟ་ས་རྟ་གྲོ་མོ་རེད། །ང་ལ་རྐྱང་རྒོད་གཡེར་བོ་ཟེར། །ཕྱི་ལ་བྱོལ་སོང་རྟ་ཡི་ལུས།   །ནང་ལ་སངས་རྒྱས་དགོངས་པ་འཆར།   །དཔོན་གེ་སར་མངགས་པའི་བང་ཆེན་ཡིན།  །ཞེས་པ་ལྟ་བུ་ལས་རྟ་མཆོག་རྐྱང་རྒོད་ཀྱིས་ཀྱང་མི་དང་འདྲ་བར་རང་ཉིད་ཀྱི་ཆེ་བ་དང་ཕ་མ་སུ་ཡིན་པ་བརྗོད་ཤེས་པ་དང་། གླིང་གེ་སར་གྱི་ཆ་དང་བང་ཆེན་སོགས་སྒྲུབ་པའི་ལས་དོན་རླབས་པོ་ཆེ་ཕྲག་ཏུ་བླངས་ཡོད་པ་ཤེས་ཐུབ།  ཡང་དཔེར་ན།   《ཧོར་གླིང་གཡུལ་འགྱེད་》དུ། འདན་མས་མདའ་གཅིག་བརྒྱབ་པས་སྡིག་གཅོད་ཤན་པའི་རྨོག་ཁྱུང་གཏོར། རྩེ་ལྔ་དེའི་ཕོ་བྱང་ཟུར་ནས་ཕུད། མོ་བྱང་གི་དཀྱིལ་ནས་བཏོན། མགོ་ཀ་ལི་ལག་མཐིལ་ཙམ་ཞིག་རྒྱ་མཐོང་ཁ་ཕྱེ་བ་ལྟར་བྱས། དེར་ཤན་པ་འགྱེལ་ནས་ཡོད་པའི་སྤྱི་གཙུག་རྨ་ཁུང་ནས་བལྟས་པ་ན་ཀླད་པ་ཐོལ་ཐོལ་བྱེད་དོ།  །ལྕག་ཚན་གྱི་ཡུ་བས་དཀྲུགས་ནས་གསོད་སྙམ་མ་ཐག་ཏུ།  རྟ་འདོ་བ་དངོས་གྲུབ་ལྡེམ་པ་ན་རེ།  ཚ་ཞང་འདན་མ་བྱང་ཁྲ་ལགས། སྡིག་གཅོད་ཤན་པ་རྨེ་རུ་རྩེ་འདི། སྟེང་མ་ལྷ་ཡི་ཡུལ་ནས་སྐུ་རྗེ་སེང་ཆེན་རྒྱལ་པོ་དང་ལས་སྨོན་འབྲེལ་བའི་སྐུ་མཆེད་ཡིན།  ཤན་པ་རྨེ་རུ་རྩེ་འདི་ཧོར་གླིང་གཉིས་མིག་གཡས་གཡོན་དང་འདྲ་བ་བྱེད་མི་ཡིན་པས་བསད་ན་ནོར་བུ་དགྲ་འདུལ་གྱིས་གསུང་ཅི་འབྱོན་མི་ཤེས་པས་སྐྱུར་ཞོག་ཟེར་རོ། །ཞེས་པ་ལས་འདན་མས་ལྕག་ཚན་གྱིས་ཀླད་པ་དཀྲུག་བསམ་པའི་སྐབས་དེར།  རྟས་མི་སྐད་སྨྲས་ནས་བཀག་པར་མ་ཟད།  ཤན་པ་དང་གེ་སར་རྒྱལ་པོ་གཉིས་སྟེང་མ་ལྷ་ཡུལ་ཁམས་སུ་སྐུ་མཆེད་འབྲེལ་བ་ཡོད་པའི་ལོ་རྒྱུས་ཀྱང་བརྗོད་པ་དང་།   གལ་ཏེ་འདན་མས་ཤན་པ་བསད་ཚེ་གླིང་གེ་སར་རྒྱལ་པོའི་འཕྲིན་ལས་རྗེས་མ་མོན་འཇང་ཁ་ཆེ་བཅས་འདུལ་བར་བཀག་རྒྱ་ཐེབས་སྲིད་པས་རྟས་མ་འོངས་པའི་བྱ་བ་ཐམས་ཅད་གསལ་ལེར་མཁྱེན་ཡོད་པ་ལྟ་བུའོ། །   
          གཞན་ཡང་འདབ་ཆགས་བྱ་ཡིས་མི་དོན་རླབས་པོ་ཆེ་བསྒྲུབས་པ་ཡང་།དཔེར་ན། 《ཧོར་གླིང་གཡུལ་འགྱེད་》ལས། གུར་དཀར་རྒྱལ་པོ་ལ་བཙུན་མོ་འཚོལ་བའི་བློ་བསྡུར། དེ་ཡང་གསོས་བྱ་མི་སྐད་སྨྲ་ཤེས་པ་རྒྱ་བྱ། རྨ་བྱ། ནེ་ཙོ།  ཁྭ་ཏ་བཅས་བཞི་ཡོད་པ་དེ་དག་དོན་གལ་བོ་ཆེར་མངགས་ཏེ། སྟོད་མངའ་རིས་སྐོར་གསུམ། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག རྒྱ་འཇང་མོན་གསུམ།  ལི་བལ་ཁ་ཆེ་སོགས་ཐམས་ཅད་དུ་བཙུན་མོ་ཉན་པ་ཡོད་མིན་ལ་བལྟ་བར་བཏང་སྟེ། བྱ་བཞི་བོ་ས་ཁད་གསུམ་ཙམ་ལ་སླེབས་དུས། ནེ་ཙོས་སྨྲས་པ། རྒྱ་བྱ་རྒྱ་ཡི་ཡུལ་དུ་སོང་། རྨ་བྱ་རྨ་ཤོད་ཡུལ་དུ་སོང་། ང་ནེ་ཙོ་ལྷོ་མོན་རོང་དུ་འགྲོ། ཁྭ་ཏ་ནག་ཙོག་གར་བདེ་གར་སྐྱིད་ཡུལ་ལ་སོང་ཞེས་བཤད་འདུག་པར་བལྟས་ན་མི་སྐད་ཤེས་པའི་བྱ་བཞི་ཡིས་མི་སྐད་གསལ་ཞིང་དག་པར་སྨྲ་ཤེས་པར་མ་ཟད།   རྒྱལ་པོར་བཙུན་མོ་འཚོལ་བའི་ལས་འགན་ཡང་ཕྲག་ཏུ་བླངས་ཡོད་པ་དང་།   གླིང་གི་འབྲུག་མོ་ཧོར་གྱིས་ཕྲོགས་པ་ཡང་ཁྭ་ཏ་ནག་ཙོག་གིས་གསང་མྱུལ་བྱས་པའི་གཏམ་ལ་བརྟེན་ནས་ཕྲོགས་པ་ཡིན་པ་ཡང་ཤེས་ཐུབ་པ་ལྟ་བུའོ།  །ཡང་《ཧོར་གླིང་གཡུལ་འགྱེད་》ལས།  གཟུགས་ཆེ་བ་རི་བོའི་གཏོས་དང་མཉམ། །གཤོག་གཡས་པས་ཤར་ཕྱོགས་ཁེབས་པ་གདའ། །གཡོན་པས་ནུབ་ཕྱོགས་ཁེབས་ངེས་གདའ། །བྱ་ལ་མཆེ་བ་མི་དར་ཏེ། །མཆེ་བ་གངས་རི་སྤུངས་འདྲ་གདའ། །སྒྲོ་རྐང་རེ་རེའི་ཕྲ་སྦོམ་དེ། །མི་རྒོད་དཔུང་བ་ཙམ་རེ་གདའ། །གཡུ་སྦྲའི་མགོ་ལ་བབས་ནས་བྱུང་།  །འཆག་མེད་གསེར་གྱི་ཀ་བ་ཆག  །འཆད་མེད་དར་གྱི་ཆོན་ཐག་ཆད།  །འབུད་མེད་གཡུ་ཡི་ཕུར་བ་བུད།  །བདལ་མེད་མཆོང་གི་ཆ་རུ་བདལ། །བྱ་འདི་འདྲ་ཧོར་ལ་གདའ་ལེ་ཡིན། །ཧོར་བྱ་གང་ག་རོ་ཟན་ཟེར། །འགའ་རེས་བྱ་ཐན་བསེ་བོ་ཟེར། །གུར་དཀར་དཔོན་གྱི་བླ་བྱ་རེད། །ནག་པོ་སྒྲོ་གཅིག་གདའ་ལེ་དེ།  །གུར་ནག་རྒྱལ་པོའི་བླ་སྒྲོ་རེད།  །སེར་པོའི་སྒྲོ་གཅིག་གདའ་ལེ་དེ།  །གུར་སེར་རྒྱལ་པོའི་བླ་སྒྲོ་རེད།  །དམར་པོའི་སྒྲོ་གཅིག་གདའ་ལེ་དེ། །ཤན་པ་རྨེ་རུའི་བླ་སྒྲོ་རེད། །དེ་མིན་སྒྲོ་འགའ་གདའ་ལེ་དེ། །ཧོར་རི་ཐང་བཅུ་གཉིས་བླ་སྒྲོ་རེད།  །ཅེས་པའི་དཔོན་གུར་དཀར་རྒྱལ་པོའི་བླ་བྱ་བྱ་ཐན་བསེ་བོ་དེས་གསང་མྱུལ་གྱི་ལས་འགན་ཕྲག་ཏུ་བླངས་ནས་ལྐོག་ནས་གླིང་ལ་འོངས་ཏེ།  གླིང་ཡུལ་གྱི་གནས་ཚུལ་མཐའ་དག་རྒྱུས་ལོན་བྱས་པ་འདིར་བལྟས་ན།  ཧོར་གྱི་བླ་བྱ་དེ་ནི་གང་གིས་ཀྱང་འགྲན་ཟླ་མེད་པ་ཞིག་གི་གཟུགས་བརྙན་དུ་བཞེངས་ཡོད་པར་མ་ཟད། ད་དུང་མིའི་གཟུགས་སུ་བཀོད་པ་དང་རབ་རྟོག་གི་ལམ་ནས་ཀྱང་བརྗོད་ཡོད་པས་ཤིན་ཏུ་ལེགས་སོ། །      
གསུམ་པ། ཉག་ཕྲན་མདའ་དང་རྣོན་པོ་མཚོན་ཀྱི་སྤྲུལ་སྒྱུར་གྱི་ཕན་ནུས།
          ཉག་ཕྲན་མདའ་དང་རྣོན་པོ་མཚོན་སོགས་འཁོར་གསུམ་གྱིས་སྤྲུལ་སྒྱུར་བས་པའང་སྒྲུང་དཔེའི་ནང་དུ་ཐོག་མཐའ་བར་གསུམ་དུ་མཐོང་ཐུབ།  གླིང་རྗེ་གེ་སར་རྒྱལ་པོ་དང་དཔའ་རྟུལ་སོགས་གང་ཡིན་ཡང་ཕ་རོལ་དགྲ་བོ་འདུལ་བའི་སྐབས་སུ་མདའ་མཚོན་གྱིས་གླུ་ལེན་པའམ་མི་དོན་སྒྲུབ་པ་མང་པོ་འདུགདཔེར་ན།  གེ་སར་རྒྱལ་པོས་བདུད་ཀླུ་བཙན་འདུལ་བའི་སྐབས་སུ་མདའ་སྐུལ་གྱི་གླུ་འདི་ལྟར་བླངས་འདུག་པ་སྟེ།    གཞུའི་ཡ་མཆོག་ཚངས་པ་དཀར་པོས་འཚོས། །མ་མཆོག་དུང་སྐྱོང་ཀླུ་ཡིས་འཚོས། །འཆང་བཟུང་གཉན་རྒྱལ་དམར་པོས་འཚོས།  །མདེའུ་སྣེ་ཁྱབ་འཇུག་ཆེན་པོས་ཁྲིད།  །ཐོག་འབྲུག་གློག་གསུམ་རོལ་དུ་ཆས། །གློག་ཞགས་སེར་རྒོད་དཔུང་ལ་ཆས། །མདེའུ་སྣེ་བདུད་རྒན་སྟེང་དུ་དྲོངས། །ངས་ཅི་བསམ་གཅིག་ཏུ་འགྲུབ་པ་ན། །ཁོའི་དཔྲལ་བར་མདའ་འདི་ཐེབས་མཛོད་ཅིག  །ཅེས་དང་།  《ཧོར་སེར་འགྱོད་པའི་མིག་ཆུ་》ལས་ཀྱང་། གེ་སར་གྱི་མདའ་མོ་ཐོག་རྒོད་འཕུར་ཤེས་ཀྱིས།  བུ་བཟང་པོའི་མཐེབ་རྩལ་མ་ཞན་ན། །ང་མདའ་མོའི་དཔའ་རྩལ་ཅི་ལ་ཞན། །ཧོར་སེར་པོ་འདུལ་བའི་སྟོབས་མེད་ན།  །ང་ཐོག་རྒོད་འཕུར་ཤེས་ཅི་ལ་ཐོགས།  །ཧོར་སེར་པོ་སྡེ་ཤོག་ཁྲི་མ་འབུམ།  །ཁྲག་དམར་པོ་ཐུར་མས་དཀྲུག་དཀྲུག་བྱེད།   །རྡོ་ཨབ་རྩེ་ལེབ་མོ་གནམ་ལ་འཕེན། །གནམ་ས་ཆ་ལང་རྡེབ་རྡེབ་བྱེད།  །དུས་བསྐལ་པའི་ཆགས་འཇིག་ངེས་པར་སྟོན། །ལས་དེ་འདྲ་མ་བྱས་མདའ་མོ་ང་། །རྟེན་ལྷ་མདའ་སུམ་ཅུའི་གླུད་ལ་རྫོངས།  །ཞེས་པ་སོགས་ལས་མདའ་མོའི་རྩལ་དང་ནུས་པ་སོགས་ཞིབ་པར་བརྗོད་པ་དང་།  རྒྱལ་པོས་མདའ་མོ་རང་ལ་བློ་ཁེལ་ཆོག་པའི་གླུ་ལན་བཏབ་ཡོད་པ་ལྟ་བུའོ། །ཡང་འཇང་ས་དམ་རྒྱལ་པོ་འདུལ་བའི་སྐབས་ཀྱི།《འཇང་གླིང་གཡུལ་འགྱེད》ལས།   གེ་སར་གྱིས་ཆིབས་པ་རྐྱང་རྒོད་དེ་ཙན་དན་གྱི་ཤིང་དྲུང་དུ་སྤྲུལ་ནས་ནགས་གསེབ་ཏུ་བཞུགས།  རྨོག་རྒྱལ་བའི་གླིང་བཞི་དེ་ཤིང་གི་འདབ་མར་སྤྲུལ། ཁྲབ་ཟིལ་བ་དེ་ཆུ་མིག་གཅིག་ཏུ་སྤྲུལ། འཁོར་གསུམ་དེ་མེ་ཏོག་ཚོམ་བུར་སྤྲུལ་ཏེ་བཞག་ཅེས་པ་ལྟ་བུ་དང་།  ཡེང་《རྟ་རྒྱུག་དཔྱིད་ཀྱི་ཉི་མ་》ལས།  ང་ཡི་ལག་གི་འུར་ཆ་འདི།  །མ་མཁའ་འགྲོ་འབུམ་གྱི་དབུ་སྐྲ་དང་།  །ཤར་སེང་གེ་དཀར་མོའི་གཡུ་རལ་ཡིན།  །འུར་ཡ་མཆོག་ཡར་ངོའི་ཚེས་ལ་སླས། །མ་མཆོག་མར་ངོའི་ཚེས་ལ་སླས། །དཀར་ཕྱོགས་ལྷ་ཡི་དབུ་འཕང་བསྟོད། །ནག་ཕྱོགས་བདུད་ཀྱི་ཁ་གནོན་ཡིན། །འུར་མཐིལ་ཟླ་བ་གསུམ་ལ་སླས། །དགྲ་ལྷ་མཆེད་དགུའི་བཞུགས་གནས་ཡིན། །དཔའ་ལུང་ཉི་མ་གསུམ་ལ་བཀུག །འགྲོ་དྲུག་དད་པའི་ཨ་ལོང་ཡིན། །ཚར་ལྕེ་ཉི་མ་ལྔ་ལ་བཏགས། །འུར་ཡར་གཡུག་རྒྱ་གར་ཡུལ་ལ་གཡུག །སྟོད་རྒྱ་གར་ཆོས་ཀྱི་དར་ཐག་འཐེན། །མར་གཡུག་རྒྱ་ནག་ཡུལ་ལ་གཡུག །སྨད་རྒྱ་ནག་ཁྲིམས་ཀྱི་གཉའ་ཤིང་དྲངས། །ཚག་སྒྲས་ནག་ཕྱོགས་བདུད་རིགས་འདུལ། །ཁོབ་སྒྲས་འདྲེ་སྲིན་འདུ་ར་གཏོར། །གོ་མཚོན་ནང་གི་སྔ་མ་ཡིན།  །མྱུར་མགྱོགས་ཆེ་བའི་ལག་ཆ་ཡིན།  །ཞེས་ཁྲབ་རྨོག་འཁོར་གསུམ་དང་འུར་ཆའི་སྤྲུལ་སྒྱུར་དང་། ཁྱད་པར་དུ་འུར་ཐག་དེ་ཕལ་བའི་འུར་ཐག་དང་མི་འདྲ་བར་སྤྲུལ་སྒྱུར་ཆེ་བའི་རྣམ་པ་བྲིས་ཡོད་དེ།  ཡར་ལ་གཡུགས་ན་རྒྱ་གར་ཆོས་ཀྱི་དར་ཐག་འཐེན་ནུས་པ། མར་ལ་གཡུགས་ན་རྒྱ་ནག་ཁྲིམས་ཀྱི་གཉའ་ཤིང་དྲངས་ནུས་པ། ཚག་སྒྲས་ནག་ཕྱོགས་བདུད་རིགས་ཐམས་ཅད་རྨེག་མེད་འཇོམས་ཐུབ་པའི་ནུས་པ་ཁྱད་མཚར་པོ་ཞིག་ཡོད་པ་དེ་བསྟན་པ་ལྟ་བུའོ། །ཡང་《ཁམས་གསུམ་བདེ་བཀོད་》ལས། ལྷ་མདའ་ཐོག་རྒོད་འབར་བས་ཇི་སྐད་དུ།  གླིང་མདའ་མོ་རྣམས་ཀྱིས་ང་ལ་ཉོན།  །སྐུ་སེང་ཆེན་ཞིང་ལ་ཕེབས་རྒྱུ་རེད། །ང་ལྷ་མདའ་ལྷ་ཡུལ་ཁམས་ལ་འགྲོ། །ཁྱེད་ལྷ་མདའ་དགྲ་སྡེའི་ཁ་གནོན་གྱིས། །སེམས་མ་རྨོངས་དགྲ་སྡེ་དམ་ལ་ཐོགས། །ཕྱི་དགྲ་བོའི་སྟེང་དུ་འཕེན་ཉིན་ལ། །ཁྱོད་དགྲ་ཤ་ཟོ་དང་དགྲ་ཁྲག་ཐུངས། །གླིང་ལྷ་སྡེ་ཕྱུགས་ནོར་སྒོ་སྲུང་གྱིས།  །ས་གླིང་དཀར་སྟོད་ཀྱི་དགྲ་ལྷ་བྱོས།  །མདའ་འདིར་ཚོགས་སྐུ་ཁམས་བདེ་མོར་གྱིས།  །དེ་མ་བརྗེད་མདའ་མོས་སེམས་ལ་ཟུངས།  །དུས་མ་འོངས་བྱང་ཕྱོགས་ཤམ་བྷ་ལར། །འཁོར་གཅིག་ནས་སྐྱེ་བའི་སྨོན་ལམ་འདེབས།།ཞེས་པ་དང་། རལ་གྲི་རྡུལ་གཅོད་སྤུ་གྲི་ཡིས་ཀྱང་། །གླིང་དཔའ་མཚོན་རྣམས་ཀྱིས་ང་ལ་ཉོན།  །གླིང་སེང་ཆེན་ཞིང་ལ་ཕེབས་རྒྱུ་རེད།  །ང་རལ་གྲི་ལྷ་ཡུལ་ཁམས་ལ་འགྲོ། །ཁྱོད་མཚོན་མང་དགྲ་སྡེའི་ཁ་གནོན་གྱིས། །མཚོན་རྣོན་པོ་དགྲ་ལ་གཡུག་དུས་སུ། །སྡང་དགྲ་བོའི་སྙིང་ཁྲག་ཁྱེར་ལ་ཤོག །གླིང་ལྷ་སྡེ་མཉམ་སྐྱིད་མཉམ་སྡུག་བྱོས། །གླིང་སྐྱིད་དུས་མཚོན་ཆ་མཉམ་སྐྱིད་གྱིས། །མཚོན་རྣོན་པོའི་སྐུ་ཁམས་བདེ་མོར་གྱིས། །དུས་མ་འོངས་བྱང་ཕྱོགས་ཤམ་བྷ་ལར། །ཆབས་ཅིག་སྐྱེ་བའི་སྨོན་ལམ་འདེབས།   །ཞེས་པ་སོགས་ལས་ཀྱང་མདའ་དང་མཚོན་ཆ་སོགས་ལའང་སྐྱེས་ཆེན་དམ་པ་དང་འདྲ་བར་ནམ་འཆི་ལ་མངོན་མཁྱེན་ཡོད་པ། སྤྲུལ་སྒྱུར་ལ་ཐོགས་པ་མེད་པ།   སྤྲུལ་སྒྱུར་གྱིས་མདའ་མོ་དང་རལ་གྲི་སྟེང་ལྷ་ཡུལ་ཁམས་སུ་འཕུར་སོང་བའི་ལོ་རྒྱུས་བརྗོད་ཡོད་པར་མ་ཟད།  དེ་དག་གིས་བདག་པོར་རོགས་འདེགས་བྱས་ཏེ་མི་དོན་ཆེན་པོ་སྒྲུབ་ཐུབ་པ་དང་ཡང་ན་དགྲ་བོ་ཡང་འདུལ་ཐུབ་པའི་ནུས་རྩལ་ཡོད་པ་གསལ་བོར་བསྟན་ཡོད་པས།  འདི་ཡང་གླིང་སྒྲུང་གི་ཐུན་མིན་གྱི་ཁྱད་ཆོས་གཙོ་བོ་ཞིག་ཡིན་ལ།  འདི་ལྟ་བུའི་སྤྲུལ་སྒྱུར་ནི་རྒྱལ་ཁབ་ཕྱི་ནང་གང་གི་རྩོམ་རིག་བརྩམས་ཆོས་ལས་ཀྱང་མཐོང་དཀའ་བ་ཡིན་ནོ། །       
བཞི་པ། མཐའ་མའི་དཔྱད་གཏམ།
          བོད་ཀྱི་གནའ་རབས་ལོ་རྒྱུས་ཐོག་གི་རྩོམ་རིག་བརྩམས་ཆོས་དག་ལ་དཔྱད་ན་སྤྲུལ་སྒྱུར་གྱི་བསམ་བློ་དང་རྩོམ་རིག་གི་འབྲི་ཐབས་སྤྱད་འདུག་པ་གླིང་སྒྲུང་འབའ་ཞིག་མིན་པར་གནའ་རྩོམ་གྲགས་ཅན་མི་ཉུང་བ་ཞིག་ལས་ཀྱང་མཐོང་ཐུབ། དེ་མིན་པའི་འཛམ་གླིང་ཤར་ཕྱོགས་ཀྱི་རྩོམ་རིག་སྒྱུ་རྩལ་གྲགས་ཅན་སྐོར་ཞིག་ཏུ་ཇ་དང་འོ་མ་དང་མར་དང་རྩམ་པ་ཇི་བཞིན་དམ་པོར་འདྲེས་ཡོད། བརྩམས་ཆོས་དེ་དག་གི་ཕྱི་ཚུལ་སྤྲུལ་སྒྱུར་རམ་ལྷ་སྒྲུང་ལྟ་བུའི་གྱོན་གོས་ཀྱིས་བཏུམས་ཀྱང་དོན་ལ་མི་ཚེའི་བདེན་ལུགས་བརྗོད་གང་ཐུབ་བགྱིས་ཡོད་པས། འཚོ་བའི་དྲི་ཞིམ་ཤུགས་སུ་ཐུལ་ཞིང་མི་རྣམས་ཀྱི་བློ་གྲོས་དང་རེ་སྨོན།  འབད་འབུངས་མདུན་སྐྱོད་ཀྱི་སྙིང་སྟོབས། དགྲར་སྡང་ཞིང་གྲོགས་ལ་བྱམས་པའི་རང་གཤིས་སོགས་གསལ་བོར་མཚོན་འདུག  གལ་སྲིད་གླིང་སྒྲུང་ལས་སྤྲུལ་སྒྱུར་གྱི་སྐོར་དག་ཆོས་ལུགས་ཀྱི་ཤན་ཤུགས་ཤིག་ཏུ་བརྩིས་ནས་རིང་དུ་དོར་བའི་དབང་དུ་བཏང་ན།    ལོ་རྒྱུས་ཀྱི་སྙན་རྩོམ་རིང་མོ་འདིའི་སྒྱུ་རྩལ་གྱི་སྒྲིག་གཞི་དང་གཏམ་རྒྱུད་ཀྱི་འཕེལ་རིམ། མི་སྣའི་བཀོད་སྒྲིག་བཅས་ལ་གནོད་པ་ཚབས་ཆེན་ཐེབས་ངེས་ཡིན་ཞིང་། དེས་གཏམ་རྒྱུད་དང་གཏམ་རྒྱུད་བར། སྒྲུང་ཁག་དང་སྒྲུང་ཁག་བར་འབྲེལ་བ་ཆགས་མི་ཐུབ་ལ། རྒྱ་ཆེའི་བོད་རིགས་ཀློག་པ་པོ་རྣམས་ཀྱིས་ཀྱང་དགའ་བསུ་མི་བྱེད་པར་མ་ཟད།  གླིང་སྒྲུང་འདིས་འཛམ་གླིང་སྟེང་ཆེས་རིང་བའི་ལོ་རྒྱུས་སྙན་རྩོམ་གྱི་གསེར་ཏོག་ཀྱང་འཛིན་ཐབས་མེད་པ་སུས་ཀྱང་མཁྱེན་གསལ་ལྟར་རོ། །