དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > རྩོམ་རིག་སྒྱུ་རྩལ།

ཚད་མ་རིག་པ་ལས་རང་རིག་ཅེས་པའི་ཤེས་པ་ཡོད་མེད་ཀྱི་སྐོར་ལ་ཅུང་ཟད་དཔྱད་པ།

སྤེལ་དུས 2018-10-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། མཁས་བཙུན།
          དེང་གི་སྤྱི་ཚོགས་འདི་ནི་རིག་པའི་གནས་མཐའ་དག་སྔོག་འདོན་ཞིབ་འཇུག་དང་།  ཕན་ནུས་འདོན་སྤེལ་གང་ཐུབ་བྱེད་པའི་དུས་རིམ་གསར་པ་ཞིག་ཡིན། དེར་བརྟེན་ཁོ་བོས་ཀྱང་འདིར་བོད་ཀྱི་རིག་གཞུང་རྒྱ་མཚོ་ལྟ་བུའི་ནང་ནས་ཚད་མ་རིག་པའམ་གཏན་ཚིགས་རིག་པ་ཞེས་འཛམ་གླིང་ཡུལ་གྲུ་དུ་མར་གྲགས་པར་གྱུར་ཅིང་། ཚན་རིག་གི་ལྟ་བ་གསར་པ་ཅན་གྱི་མཁས་པ་རྣམས་ཀྱིས་ཞིབ་འཇུག་བྱས་དང་བྱེད་བཞིན་པ་འདིའི་ནང་ཚན་དུ་གྱུར་པ་“རང་རིག”ཅེས་པའི་གཞུང་ཚན་འདི་ལ་དཔྱད་ཞིབ་ཅུང་ཟད་བྱ་འདོད་པ་ལགས། དེ་ལ་དོན་ཚན་གསུམ་གྱི་སྒོ་ནས་དཔྱད་ཞིབ་བྱ་སྟེ།
དང་པོ། “རང་རིག”ཅེས་པའི་མིང་དོན་ལས་བརྩམས་ཏེ་དཔྱད་བྱ་གཙོ་བོ་ངོས་བཟུང་བ།
          སྤྱིར་རང་རིག་ཅེས་པའི་མིང་དོན་ལ་བོད་ཀྱི་གནའ་བོའི་མཁས་པ་རྣམས་ཀྱིས་གོ་བ་ལེན་ཚུལ་དང་འགྲེལ་བཤད་བྱེད་ཚུལ་མི་མཐུན་པ་ཡོད་དེ། ཁ་ཅིག་གིས་ཤེས་བྱ་ཐམས་ཅད་ཀྱི་སྟེང་ན་ཆོས་ཉིད་ཡོད་ཅིང་། དེ་ཡང་ཤེས་བྱ་ཇི་སྙེད་པ་དེ་སྙེད་ཀྱི་ཆོས་ཉིད་ཡོད་པས། དེ་ལྟ་བུའི་ཆོས་ཉིད་དེ་མངོན་སུམ་གྱིས་རྟོགས་པའི་བློའམ་ཤེས་པ་དེ་ལ་རང་རིག་ཅེས་གསུངས་ཏེ།  ཤེས་པ་དེས་རང་ཡུལ་ཆོས་ཉིད་དེ་མངོན་སུམ་དུ་རྟོགས་པ་ལ་གཞན་གྱིས་མངོན་སུམ་དུ་རྟོགས་ཚུལ་ཇི་ལྟ་བ་བཞིན་ཚིག་གིས་བསྟན་ཅིང་བརྗོད་དུ་མེད་པར། ཆོས་ཉིད་མངོན་སུམ་དུ་རྟོགས་པར་འདོད་པའི་གང་ཟག་སོ་སོ་རང་གིས་བློའི་རྩལ་སྦྱངས་པ་ལ་བརྟེན་ནས་རིག་པར་བྱ་བ་ཡིན་པས་དེ་འདྲའི་ཆོས་ཉིད་མངོན་སུམ་དུ་འཇལ་བའི་བློ་དེ་ལ་རང་རིག་ཅེས་བཏགས་པ་དང་། ཡང་ཁ་ཅིག་གིས་ཤེས་པ་འདི་ལ་རྣམ་པ་གཉིས་ཡོད་དེ། ཕྱི་ཡུལ་གྱི་རྣམ་པ་ཤར་ནས་ཕྱིའི་ཡུལ་རྣམ་རྟོགས་པ་དང་། ཕྱི་ཡུལ་གྱི་རྣམ་པ་མ་ཤར་བར་ནང་ཤེས་པ་རང་ཉིད་ལ་རང་ཉིད་ཀྱི་རྣམ་པ་ཅན་དུ་གྱུར་ནས་ནང་གི་ཤེས་པ་ཁོ་ན་རྟོགས་པར་དང་ཚུལ་གཉིས་ཡོད་པ་ལས། ནང་གི་ཤེས་པ་ཁོ་ན་རྟོགས་པ་འདི་ལ་རང་རིག་ཅེས་བཏགས་པ་ཡིན། སྐབས་འདིར་ཁོ་བོས་དཔྱད་ཞིབ་བྱ་བའི་གཞི་ནི་ཕྱི་མའི་དབང་དུ་བྱས་པའི་རང་རིག་ཅེས་པ་འདི་ཡིན་ནོ།།
གཉིས་པ། གཞན་གྱིས་རང་རིག་འདོད་མི་འདོད་ཀྱི་ལྟ་ཚུལ་བརྗོད་ནས་དེ་དག་འཐད་མི་འཐད་དཔྱད་པ། དེ་ཡང་ནང་པའི་གྲུབ་མཐའ་སྨྲ་བ་རྣམས་ཀྱི་ནང་ནས་བྱེ་བྲག་སྨྲ་བ་དང་།  མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ། ཐལ་འགྱུར་བ་རྣམས་ཀྱིས་རང་རིག་མེད་པར་འདོད་ལ། མདོ་སྡེ་བ་དང་། སེམས་ཙམ་པ། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་རྣམས་ཀྱིས་རང་རིག་ཡོད་པར་འདོད། བྱེ་བྲག་སྨྲ་བས་རང་རིག་མེད་པར་འདོད་ཚུལ་ནི། ཤེས་པ་རྣམས་ཀྱིས་རང་ཡུལ་རྟོགས་པའི་ཚེ། ཤེས་པ་དེ་དང་དེ་ལ་ཡུལ་དེ་དང་དེའི་རྣམ་པ་ཤར་ནས་རྟོགས་པ་མ་ཡིན་པར། ཤེས་པ་དེ་དག་གིས་ཡུལ་དེ་དག་རྣམ་མེད་རྗེན་པ་ཉིད་ཏུ་རྟོགས་པར་འདོད། དེའི་ཚེ་ཤེས་པ་ལ་ཡུལ་གྱི་རྣམ་པ་མ་ཤར་བས་ཡུལ་གཟུང་བའི་རྣམ་པ་སྟེ་གཟུང་རྣམ་ཞེས་པ་ཡོད་པར་ཁས་མི་ལེན། དེས་ན་གཟུང་རྣམ་འཛིན་པའི་འཛིན་རྣམ་ཞེས་པའང་ཁས་མི་ལེན་པས་རང་རིག་འདོད་པའི་གྲུབ་མཐའ་སྨྲ་བ་གཞན་རྣམས་ཀྱིས་འཛིན་རྣམ་དེ་ལ་རང་རིག་ཅེས་ཟེར་ལ། བྱེ་བྲག་སྨྲ་བས་འཛིན་རྣམ་ཞེས་པ་ཁས་མ་བླངས་པས་རང་རིག་ཅེས་པ་མེད་པར་འདོད་དོ། འོ་ན་བྱེ་བྲག་སྨྲ་བས་འཛིན་རྣམ་ཞེས་པ་ཁས་མི་ལེན་པའི་རྒྱུ་མཚན་གང་ཡིན་ཞེ་ན། གལ་ཏེ་ཡུལ་རྟོགས་བྱེད་ཀྱི་ཤེས་པ་ལ་རྟོགས་བྱ་ཡུལ་གྱི་རྣམ་པ་ཤར་ན་ཤེས་པ་དེས་ཡུལ་དེ་མ་རྟོགས་པར་ཐལ་བར་འགྱུར་རོ། ཅིའི་ཕྱིར་ཞེ་ན། ཡུལ་རྟོགས་བྱེད་ཀྱི་ཤེས་པ་དང་རྟོགས་བྱ་ཡུལ་གཉིས་ཀྱི་བར་དུ་རྣམ་པས་ཆོད་པས་ཤེས་པ་དེས་རང་གི་མདུན་ན་ཉེ་བར་གནས་པའི་རྣམ་པ་དེ་རྟོགས་པ་ལས་ཡུལ་རྟོགས་མི་ནུས་པར་འགྱུར་རོ། དེ་ལྟར་ཡང་དཔེར་ན་རི་བོའི་མདུན་ནས་བལྟ་བའི་མིག་ཤེས་ཀྱི་རི་བོའི་མདུན་ངོས་མཐོང་ནུས་ལ་རི་བོའི་རྒྱབ་ངོས་མི་མཐོང་བ་བཞིན་ཡིན་ནོ། དེས་ན་ཤེས་པས་ཡུལ་རྣམས་རྟོགས་པ་ལ་ཤེས་པ་དེ་དང་དེ་ལ་ཡུལ་དེ་དང་དེའི་རྣམ་པ་ཤར་བའི་སྒོ་ནས་རྟོགས་པ་མ་ཡིན་པར། རྣམ་པ་མ་ཤར་བར་ཤེས་པ་དེ་དང་དེས་ཡུལ་དེ་དང་དེ་རྗེན་པར་མཐོང་ཞིང་རྟོགས་པ་མ་ཡིན་པར། རྣམ་པ་མ་ཤར་བར་ཤེས་པ་དེ་དང་དེས་ཡུལ་དེ་དང་དེ་རྗེན་པར་མཐོང་ཞིང་རྟོགས་པ་ཡིན་ནོ་ཞེས་ཟེར། ཁོ་བོས་བརྟག་ན་བྱེ་བྲག་སྨྲ་བས་རང་རིག་མི་འདོད་པའི་སྒྲུབ་བྱེད་དམ་རྒྱུ་མཚན་དེ་ནི་ཡང་དག་པ་ཞིག་ཏུ་མ་མཐོང་སྟེ། ཤེས་པས་ཡུལ་རྟོགས་པའི་ཚེ་ཤེས་པ་དེ་དང་དེ་ལ་ཡུལ་དེ་དང་དེའི་རྣམ་པ་ཤར་དགོས། གལ་ཏེ་རྟོགས་བྱེད་ཀྱི་ཤེས་པ་དེ་ལ་རྟོགས་བྱའི་ཡུལ་དེའི་རྣམ་པ་མ་ཤར་ན་ཤེས་པ་དེས་ཡུལ་དེ་རྟོགས་པ་མི་སྲིད་པར་འགྱུར་རོ། །ཤེས་པ་ལ་ཡུལ་གྱི་རྣམ་པ་ཤར་བ་ཞེས་པ་དེ་ཡང་ཤེས་པ་དེ་ཡུལ་དེའི་རྣམ་པར་སྐྱེས་པའམ་དེའི་རྣམ་པར་གྱུར་པ་ལ་བརྗོད་པ་ཡིན། རྣམ་པ་ཤར་ཞེས་པའི་ཤར་རྒྱུའི་རྣམ་པ་དེ་ཤེས་པ་དེ་དང་ཡུལ་དེའི་བར་ན་ཡོལ་བའམ་རིབ་མ་ལྟ་བུར་བར་དུ་བཅད་ནས་གནས་པ་ཞིག་མ་ཡིན་ནོ། བྱེ་བྲག་སྨྲ་བས་རྣམ་པ་ཤར་བའི་རྣམ་པ་དེ་ཤེས་པ་དང་ཡུལ་གྱི་བར་ན་སྒྲིབ་བྱེད་ཀྱི་ཡོལ་བའམ་རིབ་མ་ལྟ་བུ་ཡོད་པར་འགྱུར་རོ་སྙམ་དུ་བསམ་པར་འདུག་པས་དེ་ལྟ་མིན། དེ་བས་ན་ཡུལ་རྟོགས་པའི་ཤེས་པ་ཡིན་ཕྱིན་ཆད་ཤེས་པ་དེ་ལ་ཡུལ་དེའི་རྣམ་པ་ཤར་བའི་སྒོ་ནས་ཤེས་པ་དེས་ཡུལ་དེ་རྟོགས་པར་ཁས་ལེན་དགོས་སོ། དེ་ལྟ་མིན་པར་ཤེས་པས་ཡུལ་གྱི་རྣམ་པ་ཤར་བ་ལ་མ་ལྟོས་པར་ཡུལ་རྟོགས་པར་འདོད་ན། ཡུལ་འགའ་ཞིག་ཤེས་ལ་འགའ་ཞིག་མ་ཤེས་པ་ཡོད་པའི་ཁྱད་པར་འདི་དག་མི་འཐད་པར་འགྱུར་དགོས་ཏེ། ཤེས་པས་ཡུལ་ཤེས་པར་ནི་འདོད་ལ། ཤེས་པས་ཡུལ་ཤེས་པ་དེ་ཡུལ་དེའི་རྣམ་པ་ཤར་བ་དང་མ་ཤར་བ་ལ་ནི་ལྟོས་པ་མ་ཡིན་པའི་ཕྱིར་རོ། རྒྱུ་མཚན་དེ་འདྲ་ཡིན་ཙང་ཁོ་བོས་བྱེ་བྲག་སྨྲ་བས་འདོད་པའི་ཤེས་པས་ཡུལ་རྣམ་མེད་རྗེན་ཆར་དུ་འཛིན་ཞེས་པ་འདི་ནི་མི་འཐད་པར་སེམས་སོ། ཡང་མདོ་སྡེ་བ་དང་། སེམས་ཙམ་པ། རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་རྣམས་ཀྱིས་རང་རིག་ཡོད་པར་འདོད་པ་དང་། འདོད་ཚུལ་ཡང་འདི་ལྟར་ཁས་ལེན་པར་བྱེད་དེ། ཤེས་པ་རྣམས་ཀྱིས་ཡུལ་འཇལ་ཚུལ་གྱི་ཁྱད་པར་སྟེང་ནས་འཇོག   དེ་ཡང་འདི་ལྟར་ཤེས་པས་ཡུལ་རྣམས་འཇལ་བའི་ཚེ་འཇལ་བྱེད་དམ་རྟོགས་བྱེད་ཀྱི་ཤེས་པ་དེ་རྣམས་ལ་རང་ཡུལ་ཤེས་པ་དེ་ལས་གཞན་དུ་སྣང་བ་དང་མི་སྣང་བར་བདག་ཉིད་གཅིག་ཏུ་གྱུར་བའི་སྒོ་ནས་རང་ཡུལ་འཇལ་ཞིང་རྟོགས་པའམ་འཇལ་བྱེད་ཀྱི་ཤེས་པ་དེ་རྣམས་ལ་རང་ཡུལ་སྣང་བའི་ཚེ་ཤེས་པ་དེ་ལས་གཞན་ཉིད་དུ་སྣང་བ་དང་། ཤེས་པ་དེ་ལ་རང་ཡུལ་གཞན་ཉིད་དུ་མི་སྣང་བར་གཉིས་སུ་སྣང་བའི་སྣང་བ་ནུབ་པ་སྟེ་གཉིས་སྣང་ནུབ་པའམ་མེད་པའི་སྒོ་ནས་རང་ཡུལ་འཇལ་ཞིང་རྟོགས་པའི་ཆ་གཉིས་ཡོད་པར་འདོད་པ་ཡིན། དེ་ཡང་འདི་ལྟར་གོ་དགོས་ཏེ། ཤེས་པ་ཐམས་ཅད་ལ་རང་གི་ངོ་བོ་མྱོང་བ་གསལ་རིག་གི་ཆ་དང་། རང་ཡུལ་གྱི་རྣམ་པ་ཤར་བའི་ཆ་གཉིས་རེ་ཡོད་པ་ཡིན་ལ། དང་པོ་ལ་འཛིན་རྣམ་ཞེས་བྱ་ཞིང་།  རང་རིག་འདོད་ཅིང་ཁས་ལེན་པར་བྱེད་པའི་གྲུབ་མཐའ་སྨྲ་བ་རྣམས་ཀྱིས་ཐུན་མོང་དུ་མཐུན་པར་དེ་ཉིད་རང་རིག་མངོན་སུམ་གྱི་མཚན་གཞིར་འཇོག་པར་བྱེད་པ་ཡིན་ལ། ཕྱི་མ་ལ་གཟུང་རྣམ་ཞེས་བྱ་ཞིང་། དེ་ཉིད་རང་རིག་ཅེས་པའི་ཤེས་པ་མངོན་སུམ་པ་དེས་མྱོང་བར་བྱ་བའི་གཞིར་འདོད་པ་ཡིན། དཔེར་ན་གཟུགས་མཐོང་བའི་མིག་གི་ཤེས་པ་མངོན་སུམ་པ་ཞིག་སྐྱེས་པའི་ཚེ། གཟུགས་འཛིན་པའི་མིག་ཤེས་མངོན་སུམ་དེ་ལ་གཟུགས་ཀྱི་རྣམ་པ་ཤར་བའི་ཆ་གཅིག་དང་། གཟུགས་འཛིན་མིག་ཤེས་རང་ཉིད་གསལ་ཞིང་རིག་པའི་བདག་ཉིད་དུ་སྐྱེས་པའི་ཆ་གཅིག་སྟེ། དེ་ལྟར་ཆ་གཉིས་བྱུང་བ་ལས་གཟུགས་ཀྱི་རྣམ་པ་ཤར་བའི་ཆ་དེ་ལ་གཟུང་རྣམ་ཞེས་བརྗོད་ལ། དེ་ཉམས་སུ་མྱོང་བའི་གསལ་རིག་གི་ཆ་དེ་ལ་འཛིན་རྣམ་ཞེས་བརྗོད་ཅིང་། རང་རིག་ཅེས་པ་འཛིན་རྣམ་དེ་ལ་བརྗོད་པར་བྱེད་དོ། །དེ་ལ་ཁ་ཅིག་གིས་རང་རིག་ཅེས་པའི་ཤེས་པ་འདི་མེད་དོ། འདི་ཁས་མི་ལེན་ནོ་ཞེས་འདོད་པ་རྣམས་ལ་རྒུད་པ་འབའ་ཞིག་ཐོབ་པར་འགྱུར་ཏེ། ཁྱེད་ཅག་ལ་སྔར་མཐོང་ཞིང་ཐོས་པར་གྱུར་པའི་ཡུལ་ལམ་དོན་དུས་ཕྱིས་དྲན་པ་ཡོད་དམ་མེད། མེད་དོ་ཞེས་སྨྲ་མི་ནུས་པས་ཡོད་པར་འདོད་དགོས། གལ་ཏེ་དྲན་པ་དེ་ཡོད་ན་དྲན་རྒྱུ་དེ་སྔར་མ་མྱོང་ན་དུས་ཕྱིས་དྲན་མི་སྲིད་པས་སྔར་ཡུལ་ལམ་དོན་དེ་མྱོང་དགོས་ལ། མྱོང་བ་དེ་ཉིད་ཤེས་པ་དེ་གསལ་ཞིང་རིག་པའི་བདག་ཉིད་དུ་སྐྱེས་པའི་རང་རིག་ཅེས་པ་དེ་ཡིན་ནོ། ། དཔེར་ན་ཁ་སང་མཐོང་བའི་བུམ་པ་དམར་པོ་དེ་ངས་དེ་རིང་གི་དུས་སུ་བུམ་པ་དམར་པོ་འདི་ཁ་སང་ངས་མཐོང་བྱུང་སྙམ་དུ་དྲན་པའི་ཚེ་ཡུལ་བུམ་པ་དམར་པོ་དྲན་ཐུབ་པ་དེ་ནི་བུམ་པ་དམར་པོ་མཐོང་ཞིང་རྟོགས་པའི་མིག་ཤེས་མངོན་སུམ་དེས་ཉམས་སུ་མྱོང་བ་སྟེ་རྟོགས་པའི་རྒྱུ་མཚན་གྱིས་ཡིན་ལ། བུམ་པ་དམར་པོ་འཛིན་པའི་མིག་ཤེས་མངོན་སུམ་དྲན་ཐུབ་པ་དེ་ནི་མིག་ཤེས་དེ་ཉིད་ཉམས་སུ་མྱོང་བའི་རང་རིག་ཅེས་པའི་ཤེས་པ་མངོན་སུམ་པ་དེས་མྱོང་ཞིང་རྟོགས་པའི་རྒྱུ་མཚན་གྱིས་དུས་ཕྱིས་དྲན་ཐུབ་པ་བྱུང་བ་ཡིན།  གལ་ཏེ་སྐབས་དེར་བུམ་པ་དམར་པོ་འཛིན་པའི་མིག་ཤེས་དེ་མྱོང་བྱེད་ཅིག་གིས་མ་མྱོང་ན་དུས་ཕྱིས་དྲན་པ་སྐྱེ་ཐུབ་པ་ཅི་ལ་སྲིད། ཤིང་དང་སྣམ་བུ་ལ་སོགས་པ་དེ་དག་གཅིག་གིས་གཅིག་མ་མྱོང་བས་དུས་ཕྱིས་དེ་དག་ཕན་ཚུན་དྲན་པ་སྐྱེ་བ་མེད་པ་བཞིན་ཡིན་ནོ་ཞེས་མགྲིན་པ་གཟེངས་སུ་བཏེགས་ནས་སྨྲ་བར་བྱེད་པ་ཡིན་ནོ། ། གཞན་ཡང་རང་རིག་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་འདི་དག་གིས་རང་རིག་ཡོད་པའི་སྒྲུབ་བྱེད་འདི་ཡང་སྨྲ་བར་བྱེད་དོ། རྣམ་པར་ཤེས་པ་ཡུལ་དང་ཕྲད་པ་ན་ཆ་གཉིས་ཀྱི་བདག་ཉིད་དུ་སྐྱེས་ཏེ། ཡུལ་གཟུང་བའི་རྣམ་པ་ཅན་དུ་སྣང་བ་དང་། ཡུལ་ཅན་འཛིན་པའི་རྣམ་པ་ཅན་དུ་སྣང་བའོ། ། ཕྱི་མ་ཡུལ་ཅན་འཛིན་པའི་རྣམ་པ་ཅན་དུ་སྣང་བའི་ཤེས་པ་འདི་རང་རིག་དེ་ཡིན་ཏེ་དཔེར་ན་ཤེལ་གྱི་གོང་བུ་བཞིན་ནོ་ཞེས་བསྒྲུབ་པར་བྱེད་ཅིང་། དེ་ཡང་དཔེ་དོན་སྦྱོར་ཚུལ་འདི་ལྟར་བྱེད་དོ། ཤེལ་གྱི་གོང་བུ་སྔོན་པོ་ལ་སོགས་པའི་ཡུལ་དང་ཉེ་བར་བཞག་ན་ཤེལ་གྱི་རང་གི་ངོ་བོ་ནི་གསལ་བའི་རང་བཞིན་ཡིན་ལ། ཡུལ་སྔོན་པོ་ལ་སོགས་པ་དང་ཉེ་བའི་དབང་གིས་སྔོན་པོ་ལ་སོགས་པའི་རྣམ་པ་ཅན་དུ་ཡང་ཡོད། དེ་བཞིན་དུ་རྣམ་པར་ཤེས་པ་ལ་ཡང་ཡུལ་སྣང་བའི་ཚེ་ཡུལ་དུ་སྣང་བ་གཟུང་བའི་རྣམ་པ་དང་། རང་ཉིད་ལ་རང་ཉིད་དུ་སྣང་བ་འཛིན་པའི་རྣམ་པ་གཉིས་ཡོད་ཅེས་འདོད། ཡང་རང་རིག་འདོད་པའི་གྲུབ་མཐའ་སྨྲ་བ་དེ་དག་གིས་རང་རིག་ཡོད་པའི་སྒྲུབ་བྱེད་འདི་ཡང་བརྗོད་དེ། ཤེས་པ་ཉམས་སུ་མྱོང་བའི་རང་རིག་ཡོད་དེ་དཔེར་ན། མར་མེ་བཞིན་མར་མེའི་དཔེས་རང་རིག་ཡོད་པར་བསྒྲུབ་པར་བྱེད་དོ། དེའི་དཔེ་དོན་འདི་ལྟར་སྦྱོར་བར་བྱེད་དེ། དཔེར་ན་མར་མེ་རང་གི་ངོ་བོ་དང་གཞན་གྱི་ངོ་བོ་གཉིས་གསལ་བར་བྱེད་པའི་ཚུལ་དང་མཐུན་པར།   ཤེས་པས་ཀྱང་ཡུལ་གཞན་གྱི་ངོ་བོ་སྣང་བ་དང་།  རང་ཉིད་ལ་རང་ཉིད་དུ་སྣང་བའི་ཚུལ་གཉིས་ཡོད་པར་འདོད་པ་ལ་ཕྱི་མ་འདི་རང་རིག་ཏུ་འཇོག་པར་བྱེད་དོ། ། རང་རིག་སྒྲུབ་བྱེད་ཀྱི་དཔེ་འདི་ནི་མི་འཐད་དེ། མར་མེ་དེ་རང་གཞན་གྱི་ངོ་བོ་གཉིས་གསལ་བར་བྱེད་ནུས་པ་མིན་ཏེ། རང་གི་ངོ་བོ་གསལ་བར་བྱེད་མི་ནུས། གལ་ཏེ་གསལ་བར་བྱས་ན་སྐྱོན་ཡོད་དེ། མར་མེ་ནི་མུན་པ་སེལ་བྱེད་ཡིན། མར་མེ་རང་ཉིད་གསལ་བའི་ངོ་བོ་ཡིན་པས་བསལ་རྒྱུའི་མུན་པ་མེད་པས་གསལ་བར་བྱ་མི་དགོས། འོན་ཀྱང་གསལ་བར་བྱེད་ན་གསལ་བ་དེ་གསལ་བས་གསལ་བར་བྱེད་པས་མུན་པ་དེ་ཡང་མུན་པས་མུན་པར་བྱེད་པ་སྟེ་སྒྲིབ་པར་བྱེད་དགོས། མུན་པ་མུན་པས་སྒྲིབ་ན་བུམ་པ་གོས་ཀྱིས་སྒྲིབ་ཚེ་བུམ་པ་མི་མཐོང་བ་ཞིག་དུ་མུན་པ་ཡང་མི་མཐོང་བ་སྟེ་མེད་པར་འགྱུར་རོ། ། མུན་པ་མེད་ན་མར་མེས་ཅི་ཞིག་གསལ་བར་བྱེད། དེས་ན་དཔེ་དེས་རང་རིག་ཡོད་པར་བསྒྲུབ་མི་ནུས་སོ་སྙམ་པ་ལགས། ད་ནི་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་། ཐལ་འགྱུར་བ་རྣམས་ཀྱིས་རང་རིག་མི་འདོད་པའི་ཚུལ་བརྗོད་པར་བྱ་སྟེ། གྲུབ་མཐའ་སྨྲ་བ་གཉིས་པོས་རང་རིག་ཅེས་པའི་ཤེས་པ་མངོན་སུམ་པ་དེ་ཤེས་བྱ་ལ་མི་སྲིད་པའི་གཏན་མེད་ཞིག་ཏུ་འདོད་པར་བྱེད་དོ། ། དེ་ཡང་འདི་ལྟར་རང་རིག་ཡོད་པར་འདོད་པའི་གྲུབ་མཐའ་སྨྲ་བ་དག་གིས་རང་རིག་ཡོད་དོ་ཞེས་སྒྲུབ་བྱེད་ཀྱི་རྒྱབ་རྟེན་ལུང་དང་རིགས་པ་དང་བཅས་ཏེ་བརྗོད་པ་ལ་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་། དབུ་མ་ཐལ་འགྱུར་བ་དག་གིས་དགག་པ་འདི་ལྟར་རྒྱག་པར་བྱེད་དེ། རང་རིག་འདོད་པ་ཁྱེད་ཅག་གིས་ཁས་བླངས་པའི་ཤེས་པ་རྣམས་ཀྱི་རྟོགས་བྱེད་དམ་རིག་བྱེད་ཡིན་པར་འདོད་པའི་རང་རིག་ཅེས་པའི་ཤེས་པ་དེ་ནི་གཏན་མེད་ཤེས་བྱ་ལ་མི་སྲིད་པ་ཞིག་ཡིན། འོན་ཀྱང་ཁྱེད་ཅག་གིས་དེ་ཤེས་བྱ་ལ་སྲིད་པ་སྟེ་ཤེས་བྱ་ཡིན་པ་ཙམ་དུ་མ་ཟད། གསལ་ཞིང་རིག་པའི་བདག་ཉིད་ཅན་གྱི་ཤེས་པ་ཡིན་པར་སྒྲོ་འདོགས་པར་བྱེད་ཅིང་། དེ་ཡང་རང་གི་མཚན་ཉིད་ཀྱིས་གྲུབ་པ་ཡིན་པའི་ཁྱད་པར་དང་ལྡན་ནོ་ཞེས་སྐད་གསང་མཐོན་པོས་སྒྲོག་པར་བྱེད་མོད་ཀྱང་། འདི་ནི་ཆེས་མི་འཐད་པ་དང་ཆེས་མི་རིགས་པ་ཉིད་ཡིན་ཏེ། གལ་ཏེ་ཁྱེད་ཅག་གིས་ཁས་བླངས་པའི་རང་རིག་ཅེས་པའི་ཤེས་པ་ཞིག་ཡིན་ན་དེས་གང་རིག་པར་བྱ་བའི་ཡུལ་ཞིག་རིག་པ་ལ་ངེས་པར་ལྟོས་དགོས་སོ། ། དེ་བས་ན་རང་རིག་ཅེས་པའི་ཤེས་པ་དེའི་རང་གི་ཡུལ་ནི་གང་ཡིན། རང་གིས་ཡུལ་དེ་ཇི་ལྟར་རིག་པར་བྱེད་པའི་ཚུལ་རྣམས་བརྗོད་དགོས་སོ་ཞེས་སོ། ། དེ་ལ་གལ་ཏེ་རང་རིག་འདོད་པ་དག་གིས་རང་རིག་གི་ཡུལ་ནི་ཤེས་པ་ལ་ཡུལ་གཞན་གྱི་རྣམ་པ་ཤར་བའི་ཆ་གཟུང་རྣམ་ཞེས་པ་དེ་ཡིན་ཅིང་། རང་རིག་གིས་དེ་ཡུལ་དུ་བྱེད་ཚུལ་ལ་མདོ་སྡེ་བ་དག་ནི་རང་གི་བདག་ཉིད་དུ་གྱུར་པའི་ཡུལ་རིག་པའི་ཤེས་པ་མངོན་སུམ་པ་ཞེས་རང་རིག་གིས་རང་ཡུལ་དེ་རང་ཉིད་དང་བདག་ཉིད་གཅིག་ཏུ་གྱུར་པའི་སྒོ་ནས་སྣང་བའོ་ཞེས་འདོད་པར་བྱེད། སེམས་ཙམ་པས་རང་དང་གཉིས་སུ་མེད་པའི་ཚུལ་གྱིས་ཡུལ་དེ་རིག་པའི་ཤེས་པ་མངོན་སུམ་པ་ཞེས་རང་རིག་གིས་རང་ཡུལ་དེ་གཉིས་སྣང་དང་བྲལ་བའི་ཚུལ་གྱིས་དངོས་སུ་རྟོགས་པའོ་ཞེས་འདོད་པར་བྱེད་པ་ལ། དེ་མི་འཐད་པའི་སྒྲུབ་བྱེད་འདི་ལྟར་སྟོན་པར་བྱེད་དེ་རང་རིག་འདོད་པ་ཁྱེད་ཅག་གིས་ཁས་བླངས་པའི་རང་རིག་མངོན་སུམ་ཞེས་པའི་ཤེས་པ་འདི་ནི་ཡོད་པར་འཇོག་མི་རིགས་ཏེ། འདི་ལ་ཁྱེད་ཅག་གིས་བཀོད་པའི་སྒྲུབ་བྱེད་གང་གིས་ཀྱང་རང་རིག་འདི་ནི་ཡོད་པར་བསྒྲུབ་མི་ནུས་སོ། ། ཁྱེད་ཀྱིས་རང་རིག་མངོན་སུམ་ཞེས་པའི་ཤེས་པ་འདི་ལ་ཡུལ་ཡོད་ལ། རང་རིག་གིས་དེ་རྟོགས་ཚུལ་ཡང་རང་ཉིད་རང་ཉིད་དུ་སྣང་བའི་སྒོ་ནས་དང་། རང་ཉིད་ལ་གཉིས་སྣང་དང་བྲལ་བའི་སྒོ་ནས་རྟོགས་སོ་ཞེས་ཟེར་ལ། དེ་ནི་ཤིན་ཏུ་མི་འཐད་དེ། བློ་ཞིབ་མོས་ཇི་ཙམ་དཔྱད་པར་བྱས་ཀྱང་།  ཡུལ་ཡུལ་ཅན་གྱི་རྣམ་པ་ཐ་དད་པར་ཡོད་པར་མི་རྙེད་ཅིང་། དེ་གཉིས་ཐ་དད་པར་མེད་ན་གཅིག་རིག་བྱེད་དུ་གྱུར་པའི་ཚུལ་གྱིས་ཅིག་ཤོས་རིག་པར་བྱ་བའི་རིག་བྱ་རིག་བྱེད་ཀྱི་རྣམ་པ་ཐ་དད་པ་གཉིས་མེད་པར་འགྱུར་རོ། ། དེ་མེད་ན་གང་གིས་གང་ཞིག་རིག་པས་རིག་པའམ་ཤེས་པ་ཡིན་ཞེས་བརྗོད་པར་བྱ་སྟེ་བརྗོད་མི་རིགས་སོ་ཞེས་དགག་པར་བྱེད་དོ། ། མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་དག་གི་གཞུང་ལས། ཡུལ་དུ་སྣང་ལས་གཞན་གྱུར་པའི། །སེམས་ཉིད་ཇི་འདྲ་བ་ཞིག་སྣང་། །ཞེས་བྱུང་བ་ཡིན། གཞན་ཡང་རང་རིག་ཁས་ལེན་པའི་གྲུབ་མཐའ་སྨྲ་བ་དག་གིས་དྲན་པའི་རྟགས་ཀྱིས་རང་རིག་ཡོད་པར་བསྒྲུབ་པར་བྱེད་པ་དེ་དག་ཀྱང་མི་འཐད་དོ་ཞེས་འགོག་པར་བྱེད་དེ་དྲན་པ་ཡོད་པའི་རྟགས་ཀྱིས་རང་རིག་ཡོད་པར་བསྒྲུབ་མི་ནུས་ཏེ། དྲན་པ་སྐྱེ་བ་ལ་སྔར་མྱོང་བ་སྔོན་དུ་འགྲོ་དགོས་པས་ཁྱབ་པ་ཡོད་པ་མ་ཡིན་པའི་ཕྱིར། འོ་ན་དྲན་པ་དེ་ཇི་ལྟར་སྐྱེས་སྙམ་ན། དེ་ནི་ཡུལ་ཡུལ་ཅན་གྱི་འབྲེལ་བ་དྲན་པ་ལས་ཡུལ་ཅན་དྲན་པ་སྐྱེ་བ་ཡིན་ནོ། །
          དཔེར་ན་དགུན་གྱི་དུས་སུ་བྱི་བས་འཕྱི་བ་གཉིད་དུ་ཡུར་བའི་ལུས་ལ་རྨུགས་པ་ན་བྱི་བའི་དུག་ཞུགས་ཡོད་ཀྱང་རྨུགས་པ་ཚ་བེར་བ་དེ་ནི་མྱོང་ལ་དུག་དེ་ནི་མ་མྱོང་ངོ་། དེ་ནས་དུས་ཕྱིས་འབྲུག་གི་སྒྲ་ཐོས་པ་ན་འཕྱི་བ་གཉིད་སད་པར་གྱུར་ལ། དེས་བདག་གི་ལུས་སྐྲངས་པ་དང་མདོག་སྨུག་ནག་ཏུ་གྱུར་བ་དང་། སྡུག་བསྔལ་ནད་ཀྱིས་མནར་བ་འདི་བྱི་བས་རྨུགས་པའི་ཚེ་དུག་ཞུགས་པར་འདུག་པས་ཡིན་ནོ་སྙམ་དུ་སྔར་རྨུགས་པའི་ཚེ་དུག་མ་མྱོང་ཡང་དུས་ཕྱིས་དེ་ལ་དྲན་པ་སྐྱེ་བ་ཡོད་པས་དྲན་པ་སྐྱེ་བ་ལ་སྔར་མྱོང་དགོས་པས་ཁྱབ་པ་མེད་དོ་ཞེས་དགག་པ་རྒྱག་པར་བྱེད་དོ། །  དེ་ལྟར་ཡང་ཐལ་འགྱུར་བ་དག་གི་གཞུང་ལས།   གལ་ཏེ་རང་རིག་ཡོད་མིན་ན། ། རྣམ་ཤེས་དྲན་པར་ཇི་ལྟར་འགྱུར། ། གཞན་མྱོང་བ་ན་འབྲེལ་པ་ལས། ། དྲན་འགྱུར་བྱི་བའི་དུག་བཞིན་ནོ། ། ཞེས་བྱུང་བ་ལགས་སོ། །
གསུམ་པ། རང་གིས་རང་རིག་མི་འདོད་པའི་ལྟ་ཚུལ་བརྗོད་པ། ཁོ་བོས་རང་རིག་ཅེས་པའི་ཤེས་པ་དེ་ནི་མེད་ཅེས་སྨྲ་བར་འདོད་མོད། འོན་ཀྱང་བྱེ་བྲག་སྨྲ་བས་རང་རིག་ཁས་མི་ལེན་པའི་རྒྱུ་མཚན་དང་མཐུན་པར་རང་རིག་མི་འདོད་པ་མ་ཡིན། བྱེ་བྲག་སྨྲ་བས་ཤེས་པ་ལ་ཡུལ་གྱི་རྣམ་པ་ཤར་བ་ཞེས་པ་ཁས་མ་བླངས་པས་རང་རིག་མི་འདོད་པར་གྱུར་ལ། ཁོ་བོས་ཤེས་པ་ལ་ཡུལ་གྱི་རྣམ་པ་ཤར་བ་ཁས་ལེན་ཅིང་འདོད་པ་ཡིན་ནོ། ། དེ་མོད་ཀྱང་རང་རིག་ཡོད་མི་དགོས་པ་གོང་དུ་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་དང་། ཐལ་འགྱུར་བ་དག་གིས་ཇི་ལྟར་གཏན་ལ་ཕབ་པ་ལྟར་ཁོ་བོས་ཀྱང་འདོད་པར་བྱེད་དོ། ། འདིའི་སྐོར་ལ་ད་དུང་ཡང་ཞིབ་འཇུག་དང་དཔྱད་སྡུར་བྱ་གཞི་ཤིན་ཏུ་ཆེ་བས་བོད་ཀྱི་རིག་གནས་ལ་དོ་སྣང་དང་རྒྱབ་སྐྱོར་གནང་མཁན་མཁས་པ་རྣམས་ཀྱིས་མུ་མཐུད་ནས་དཔྱད་ཞིབ་གནང་དགོས་སོ། །
དཔྱད་གཞིའི་ཡིག་ཆ།
        ①《ཚད་མ་སྡེ་བདུན་གྱི་རྒྱན་ཡིད་ཀྱི་མུན་སེལ》མི་རིགས་དཔེ་སྐྲུན་ཁང་། 1984.10
        ② 《སྤྱོད་འཇུག》མི་རིགས་དཔེ་སྐྲུན་ཁང་། 1988.10
        ③ 《ཚད་མ་རིག་རྒྱན》ནང་ཁུལ་དཔར་འདེབས།